Tibetan Royal Year of 2151 | Year of the Wood Dragon

བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་ཁག་རྒྱ་ནག་དམར་གཞུང་གི་ཁྲིམས་གཞི་ལྟར་འགྲོ་དགོས་ལུགས་བཤད་འདུག

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

རྒྱ་གཞུང་གིས་མ་འོངས་པར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཀྱི་གྲ་སྒྲིག་དང་འབྲེལ། ༸རྒྱལ་བའི་ཡང་སྲིད་བསྐོ་བཞག་གི་གནད་དོན་ཐད་བདག་དབང་ཤུགས་ཆེ་རྩོད་བཞིན་པའི་ཁྲོད་འདིར། སླར་ཡུལ་དེའི་བོད་བརྒྱུད་ནང་བསྟན་གྱི་འགོ་ཁྲིད་དང་མཁས་དབང་གཙོ་གྲས་ཁག་གཅིག་སྐོང་ཚོགས་ཀྱིས་༸རྒྱལ་བའི་ཡང་སྲིད་འདེམས་སྒྲུག་གི་གནད་དོན་ཐད་རྒྱ་ནག་ལ་རང་བཞིན་གྱི་བདག་དབང་ཡོད་ཚུལ་དང་བཅས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་མཐའ་དག་རྒྱ་ནག་དམར་གཞུང་གི་ཁྲིམས་གཞི་ལྟར་འགྲོ་དགོས་ལུགས་བཤད་འདུག

China’s reincarnation rules

དེ་ཡང་ South China Morning Post གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲའུ་གྲོང་ཁྱེར་དུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དང་། སི་ཁྲོན་ཞིང་ཆེན། དེ་བཞིན་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་ཐེ་བའི་བོད་མི་ཕོན་ཆེ་བའི་ས་ཁུལ་ནས་ཡིན་པའི་ནང་པའི་འགོ་ཁྲིད་ ༥༠ ལྷག་འདུ་འཛོམས་ཀྱིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་སྲིད་བྱུས་དང་ཁྲིམས་སྒྲིག་ཐད་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འདུག་པ་དང་། དེའི་ཐོག་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་ལུང་འདྲེན་དང་འབྲེལ། ཁྲིམས་སྲོལ་དེའི་ནང་ལོ་རྒྱུས་ཀྱི་ཤུལ་བཞག་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ དེ་བཞིན་རྒྱ་ནག་དབུས་གཞུང་གི་ཆོག་མཆན་བཅས་རྩ་དོན་གསུམ་བཀོད་ཡོད་པ་འགྲེལ་བརྗོད་ཀྱིས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཁྲོད་ཕྱི་ལོ་ ༢༠༠༧ གྱི་ཁྲིམས་སྲོལ་ནང་གསལ་རྩ་དོན་གསུམ་པོ་དེ་དག་ངེས་པར་དུ་ལག་བསྟར་བྱ་རྒྱུ་གལ་ཆེ་ཡིན་ཚུལ་བཤད་འདུག

མ་ཟད། གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ནི་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སློབ་གསོ་དང་མཐུན་དགོས་པ་དང་། རྒྱ་ནག་གི་ཁྲིམས་སྒྲིག་ལྟར་བསྐོ་བཞག་བྱེད་དགོས་ཀྱི་ཡོད་པ་ཙམ་མ་ཟད། China Tibetology Research Centre ཞེས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ཆོས་ལུགས་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་ Laxianjia ཡིས་ཕྱི་ལོ ༢༠༠༨ ལོར་རྒྱལ་བའི་ཡང་སྲིད་འདེམས་སྒྲུག་གི་གནད་དོན་ཐད་རྒྱ་ནག་ལ་རང་བཞིན་གྱི་བདག་དབང་ཡོད་ཚུལ་བརྗོད་པ་ཆེས་མངོན་གསལ་གནང་འདུག

China Tibetology Research Centre
China Tibetology Research Centre

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་བཞིན་པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ལ་སྦྱོང་བསྟར་བྱེད་མཁན་ཆེས་མཐོའི་ནང་བསྟན་མཐོ་སློབ་ཀྱིས་གོ་སྒྲིག་ཞུས་ཡོད་པ་དང་། མཐོ་སློབ་དེའི་ངོས་ནས་འདི་ལོིའི་ཕྱི་ཟླ་གསུམ་པའི་ནང་དུའང་འདི་ལྟ་བུའི་བགྲོ་གླེང་ཞིག་ཚོགས་ཟིན་པ་མ་ཟད། རྒྱ་ནག་གི་མཁས་དབང་དང་ཆོས་ལུགས་མི་སྣ་ཁག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གི་ལངས་ཕྱོགས་རིམ་པ་གསལ་སྟོན་བྱས་ཡོད།

ལྷག་དོན་རྒྱ་ནག་གཞུང་ངོས་ནས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ལས་དོན་ནི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་རྐྱང་པ་ཞིག་གཏན་ནས་མིན་པར་དེའི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། སྲིད་གཞུང་གི་དབང་གྲགས། ཆོས་ལུགས་ཀྱི་རྩ་དོན། ཆོས་དད་མང་ཚོགས་ཀྱི་བརྩེ་དད་སོགས་མཉམ་དུ་མཚོན་གྱི་ཡོད་སྐོར་བརྗོད་པ་དང་འབྲེལ། བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་སྲོལ་ནང་གཙོ་བོ་ཡང་སྲིད་རྒྱལ་ནང་དུ་རྩད་འཚོལ་དང་། ངོས་འཛིན། ཁྲི་གསོལ་སོགས་བྱེད་རྒྱུ་ཚུད་ཡོད་པ་དང་། དེའི་ནང་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་ཐད་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཞུ་བའི་སྲོལ་དང་ཀྲུང་དབྱང་སྲིད་གཞུང་ནས་ཆོག་མཆན་ཞུས་ཏེ་རྒྱུན་འཛིན་ཞུ་བའི་སྲོལ་དེ་ལོ་རྒྱུས་ཀྱི་ངེས་སྲོལ་དུ་གྱུར་ཟིན་པ་དང་། བླ་སྤྲུལ་གྱི་ཡང་སྲིད་རྒྱལ་ནང་དུ་རྩད་འཚོལ་བྱེད་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ཡང་སྔ་ས་ནས་བསྒྱུར་བ་གཏོང་ཐབས་མེད་པའི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་ཡོད་པ་རེད།

Dalai Lama 2011

འོན་ཀྱང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༡༡ ལོ་ནས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་གྲུབ་པའི་ནང་། རྒྱ་ནག་གིས་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བར་སྐྱོན་བརྗོད་དང་འབྲེལ། རྒྱལ་བའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ། དེ་བཞིན་རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། མགོན་པོ་གང་ཉིད་ནས་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཅེས་བཀའ་སློབ་གཟབ་པོ་ཕེབས་ཡོད་ལ། བོད་མིའི་སྒྲིག་འཛུགས་དང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་འཛིན་མཁན་གྱི་ཚོགས་སྡེ་ཆེ་ཁག ལྷག་པར་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གཅིག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་༸གང་ཉིད་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་སྐོར་གྱི་གྲོས་ཆོད་རིམ་པ་འཇོག་ཡོད་པ་རེད།

Amsterdam & Netherland's Tibetans on Reincarnation

ལྷག་པར་དུ་ཉེ་ཆར་ཕྱི་ཟླ་ ༨ པའི་ཚེས་ ༣༡  ནས་ཕྱི་ཟླ་ ༩ པའི་ཚེས་ ༡ བར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ནི་དྷར་ལེན་ཌི་བོད་རིགས་ཚོགས་པ་གཉིས་ཐུན་མོང་གི་གོ་སྒྲིག་འོག Amsterdam གྲོང་ཁྱེར་ནང་ཉིན་གྲངས་གཉིས་རིང་ཡོ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་བཞི་པ་བསྐོངས་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུའང་། རྒྱ་ནག་ལ་༸སྐུའི་ཡང་སྲིད་ཀྱི་བདག་དབང་རྩ་བ་ནས་མེད་པའི་ལན་འདེབས་གནང་ཡོད་པ་མ་ཟད། བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་ཞིག་ཡིན་སྟབས། ༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱ་རྒྱུའི་དབང་ཚད་མེད་ཅེས་ནན་བཤད་གནང་ཡོད།

མ་ཟད། ཕྱི་ཟླ་ ༨ ཚེས་ ༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་ཟུང་སྦྲེལ་གྱི་གོ་སྒྲིག་འོག་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་ཐད་ཟབ་སྦྱོང་གནང་ཡོད་པ་དང་། དེའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་འགོ་འཛིན་རྣམས་ལ་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ལངས་ཕྱོགས་དོན་ཚན་དྲུག་ཅན་དེ་ཤེས་པའི་ཐོག་ནས་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་སོགས་དང་མཇལ་འཕྲད་སྐབས་སྙན་སེང་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཆབ་སྲིད་ཀྱི་གནད་འགག་ཐོག་ནས་བལྟས་ཚེ་རྒྱ་ནག་གི་ངོས་ནས་༸རྒྱལ་བའི་ཡང་སྲིད་ཐད་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གང་ཡང་བྱ་ཐབས་བྲལ་བ་ཞིག་ཡིན་སྟབས། བཀའ་ཤག་སྐབས་བཅུ་དྲུག་པའི་ཐབས་བྱུས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་སྤྱིའི་བསམ་པ་གཅིག་མཐུན་བྱུང་ན་རྒྱ་ནག་གཞུང་ལ་ཁ་གཏད་ཆེན་པོ་ཆགས་རྒྱུ་ཡིན་པ་དང་། དེའི་ཐད་བསམ་བློ་ནན་ཏན་གཏང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།