Tibetan Royal Year of 2151 | Year of the Wood Dragon

མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཕྱི་ཟླ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མོན་ཡུལ་བརྟན་བཞུགས་བསྟར་འབུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་རྣམ་གཉིས་དབུས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་གཅིག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤོས་སྣེ་སྤྱན་འདྲེན་གཟབ་རྒྱས་དང་བཅས། མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་བཞིན་གསང་བ་རྒྱ་ཅན་གྱི་མདོའི་ནང་ཚན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

Monpa HHDL Tenshug

དེ་ཡང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མཎྜལ་འདེགས་འབུལ་དང་བཅས་སྐུ་གསུང་ཐུགས་རྟེན་མཚོན་པའི་འབུལ་རྫས་འདེགས་འབུལ་ཞུས་གྲུབ་མཚམས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་མོན་པའི་སྲོལ་རྒྱུན་གྱི་དབུ་ཞྭ་མཛད་པ་དེ་ད་རེས་མོན་ཡུལ་དད་ལྡན་མང་ཚོགས་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་བརྟན་བཞུགས་བསྟར་འབུལ་ཞུས་པར་མཚམས་འདྲི་མཛད་པ་དང་སྦྲགས།༸གོང་ས་མཆོག་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ཐོག་མར་མོན་རྟ་དབང་བརྒྱུད་བཙན་བྱོལ་དུ་ཞབས་སོར་འཁོད་པའི་ཁྲོད་མོན་མི་རིགས་ཀྱིས་༸མགོན་པོ་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་དང་། ད་ལྟ་ལྟ་བུ་མཚོན་ནའང་དད་པ་དང་དམ་ཚིག་གཡོ་བ་མེད་པར་བསྡད་ཡོད་པས་དེ་ནི་ཆེས་སེམས་འགུལ་ཐེབས་པའི་གནད་དོན་ཞིག་རེད་ཅེས་བཀའ་སྩལ་བ་དང་འབྲེལ། མོན་པའི་དད་ལྡན་པ་ཀུན་ཚེ་རབས་ནས་ཚེ་རབས་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་རྒྱུ་ཡིན་པ་རེད་ཅེས་བཀའ་བསྩལ་སོང་།

Monpa HHDL Tenshug

འདི་གའི་གསར་འགོད་པས་མོན་ཡུལ་བརྟན་བཞུགས་བསྟར་འབུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་སུ་དེ་རིང་གི་བརྟན་བཞུགས་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་སྐབས། མོན་ཡུལ་གྱི་མི་མང་རྣམས་ཆོས་དད་ཆེན་པོ་ཡོད་པ་བཞིན་༸གོང་ས་མཆོག་མཇལ་རྒྱུ་དང་ལྷག་པར་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་བར་སྨྲ་མི་ཤེས་པའི་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་པར་༸གོང་ས་༸སྐུ་ཕྲེང་དྲུག་པ་དང་མོན་ཡུལ་གཉིས་དབར་ཐུན་མིན་གྱི་འབྲེལ་བ་སོགས་དེ་བྱུང་གི་ལོ་རྒྱུས་ཁག་འགྲེལ་བརྗོད་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མོན་མི་རིགས་གཉིས་དབར་དམིགས་བསལ་འབྲེལ་ལམ་ཡོད་པ་ནན་བཤད་གནང་སོང་།

Monpa HHDL Tenshug

མ་ཟད། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དེའང་གཙོ་བོ་རྒྱལ་དབང་རིན་པོ་ཆེ་བོད་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་། ལྷག་པར་དུ་འདི་ལོར་༸གོང་ས་མཆོག་ནས་དེ་སྔ་བཙན་བྱོལ་དུ་ཕེབས་ཏེ་ཐེངས་དང་པོར་མོན་ཡུལ་དུ་ཆོས་འབྲེལ་བཀའ་དྲིན་སྩལ་གནང་མཛད་ནས་ལོ་ངོ་ ༦༥ ཧྲིལ་པོ་འཁོར་གྱི་ཡོད་པ་ཙམ་མ་ཟད། མོན་ཡུལ་གྱི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་འདས་མ་ད་གསུམ་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད་སྟབས། ད་ཐེངས་མོན་ཡུལ་དད་ལྡན་མང་ཚོགས་ཡོངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་གསུངས་སོང་།

Lama Ngawang Norbu
བླ་མ་ངག་དབང་ནོར་བུ།

གཞི་རྩའི་ཐེངས་འདིའི་བརྟན་བཞུགས་སླད་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཕྱོགས་འདྲ་མིན་ནས་མོན་པའི་དད་ལྡན་པ་ ༡༥༠༠ ལྷག་ཙམ་ཆེད་ཕེབས་གནང་ཡོད་པ་དང་། འདས་པའི་ཉིན་ཤས་རིང་ཁོང་རྣམས་ཚོ་ཁག་འཆར་འགོད་ཀྱིས་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཡོད་པ་ལྟར། དེ་རིང་བརྟན་བཞུགས་ ཞུས་གྲུབ་མཚམས་སུ་དེ་གའི་གསར་འགོད་པས་མོན་པ་ཁག་གཅིག་ལ་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ་བཀའ་འདྲི་ཞུས་པར་མི་ཚེའི་འདིའི་ནང་མཇལ་ཁ་འདི་ལྟ་བུ་ཐོབ་ཀྱི་རེད་བསམ་པ་མ་བྱུང་ཞེས་དང་། ཡང་ཁག་གཅིག་གིས་དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་ཀྱིས།  ༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་བཏབ་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

Monpa Devotees

སྤྱིར་ཁ་སང་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཡོད་པ་དང་། ༸གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་གསོལ་འདེབས་ཞུས་པ་བཞིན་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་བཟང་པོ་སྨིན་གནང་མཛད་ཡོད་པ་རེད་འདུག

HHDL & Pema Khandu

འབྲེལ་ཡོད་གསར་གནས།

གསར་གནས།