France ནང་གི་འགྲེམ་སྟོན་ཁང་ཆེ་གྲས་གཉིས་ནས་རྒྱ་ནག་གི་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེགས་ཀྱིས་བོད་ཅེས་པའི་ཐ་སྙད་ལ་སྒྱུར་བ་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་དང་བཅས། France ནང་གི་བོད་མི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་ཟུང་སྦྲེལ་གྱིས་འགྲེམས་སྟོན་ཁང་དེ་གཉིས་ལ་ཡི་གེ་ཞིག་བྲིས་ནས་དེ་ལྟར་གནང་དོན་ཇི་ཡིན་དང་ཐག་གཅོད་དེར་བོད་མིས་མོས་མཐུན་རྩ་བ་ནས་མེད་སྐོར་མངོན་གསལ་གནང་བ་མ་ཟད། དྲ་ཐོག་ཞུ་སྙན་གྱི་ལས་རིམ་ཞིག་ཀྱང་འགོ་འཛུགས་གནང་འདུག

དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༣༡ ཉིན་བོད་དང་རྒྱ་ནག་དེ་བཞིན་ Asia ནང་གི་ཉམས་ཞིབ་པ་ ༢༠ ཡིས་ France ནང་གི་ Le Monde བརྒྱུད་ལམ་ཐོག་ཡོངས་ཁྱབ་ཕྱག་བྲིས་ཞིག་འདོན་སྤེལ་གནང་བའི་ནང་། France ནང་དུ་ཕྱི་ལོ་ ༢༠༠༦ ལོར་གསར་བཙུགས་གནང་བའི་ Musee Du quai Branly ཞེས་པའི་འགྲེམ་སྟོན་ཁང་གི་བཅའ་དངོས་ཐོ་གཞུང་གི་ནང་དུ་བོད་དང་འབྲེལ་བའི་བཅའ་དངོས་འགྲེམས་སྟོན་གྱི་མིང་བྱང་རྣམས་དེ་སྔ་ Tibet ཞེས་འཁོད་ཡོད་སར་ད་ཆ་ Xizang Automous Region ཞེས་བཀོད་ཡོད་པ་དང་། དེ་བཞིན་ France ནང་དུ་དུས་རབས་ ༡༩ པའི་ནང་དུ་གསར་བཙུགས་བྱས་པའི་ Musee Guimet འགྲེམ་སྟོན་ཁང་གིས་དེ་གའི་ Himalayan World ཞེས་པའི་ཧི་མ་ལ་ཡའི་འགྲེམ་སྟོན་སྡེ་ཚན་ཁྲོད་བོད་དང་འབྲེལ་བའི་འགྲེམ་སྟོན་རྣམས་ལ་ Tibet ཀྱི་ཚབ་ཏུ་ Xizang ཞེས་བཀོད་པའི་རྗེས་སུ་བོད་དང་རྒྱ་ནག དེ་བཞིན་ Asia ནང་གི་བོད་གནས་ཉམས་ཞིབ་པ་དང་དེ་བཞིན་ France བོད་རིགས་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་སྤྱི་ཚོགས་དྲྭ་ལམ་ཐོག་ France འགྲེམ་སྟོན་ཁང་དེ་དག་གིས་བྱེད་བབ་ཐེར་བཏོན་དང་སྦྲགས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

ཧྥ་རན་སིར་གནས་སྡོད་བོད་མི་ལས་འགུལ་བ་བསྟན་རྣམ་ལགས་ཀྱིས་ཁ་སང་གནད་དོན་འདི་དང་འབྲེལ་རང་ཉིད་ཀྱི་ངོ་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གོང་ཞུས་གནས་ཚུལ་དེ་ཧྥ་རན་སིར་གནས་སྡོད་བོད་མི་ཚོས་ཤེས་རྟོགས་བྱུང་མ་ཐག་ཁུལ་དེར་ཡོད་པའི་བོད་རིགས་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ་དང་དབུས་གཙང་ཚོགས་པ་སོགས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་དྲུག་གིས་གནས་ཚུལ་འདིར་རྣམ་འགྱུར་གང་སྟོན་དགོས་མིན་སྐོར་གོ་བསྡུར་གྱིས་བདུན་ཕྲག་གཅིག་ཙམ་གྱི་སྔོན་དུ་འགྲེམ་སྟོན་ཁང་དེ་གཉིས་ལ་ཡི་གེ་ཞིག་བཏང་ནས་བོད་མི་ཚོར་ཐག་གཅོད་ཀྱི་བརྒྱུད་རིམ་དེ་ཤེས་རྟོགས་ཡོང་བ་དང་ལྷག་པར་བོད་མིའི་ལོ་རྒྱུས་བདེན་དཔང་ནག་སུབ་གཏོང་རྒྱུའི་བྱེད་ཐབས་ལ་མོས་མཐུན་རྩ་བ་ནས་མེད་པའི་རྣམ་པ་གསལ་བཏོན་བྱ་ཕྱིར་ངོ་འཕྲད་ཅིག་བྱེད་རོགས་འབོད་སྐུལ་ཞུས་འདུག་པ་མ་ཟད། ཧྥ་རན་སིའི་བོད་རིག་པའི་མཁས་པ་དང་གསར་འགྱུར་བརྒྱུད་ལམ་ཁག་དང་མཉམ་འབྲེལ་གྱིས་འགྲེམ་སྟོན་ཁང་དེ་དག་ལ་གནོན་ཤུགས་སྤྲད་དེ་བརྡ་ལན་རག་རྒྱུར་སྒུག་བསྡད་ཡོད་པའི་གནས་སྟངས་ཆགས་ཀྱི་ཡོད་པ་བཀོད་འདུག

ད་དུང་བསྟན་རྣམ་ལགས་ཀྱིས་དུས་ཡུན་གང་འཚམ་སོང་རྗེས་འགྲེམ་སྟོན་ཁང་དེ་དག་ལ་སྤྲིངས་པའི་ཡི་གེ་དེ་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་ནས་འགྲེམས་སྤེལ་བྱེད་རྒྱུ་ཡིན་ཞེས་དང་འབྱུང་འགྱུར་གྱི་ཉིན་ཤས་ནང་ངོ་འཕྲད་མ་བྱུང་ཚེ་ཅི་ཞིག་བྱེད་དགོས་པའི་ཐད་ལའང་གྲོས་བསྡུར་བྱེད་བཞིན་ཡོད་ལ། གནད་དོན་འདིར་ལེགས་བཅོས་མ་བྱུང་བར་དུ་ང་ཚོས་ངལ་གསོ་རྒྱག་གི་མིན་ཞེས་ནན་བརྗོད་གནང་འདུག
France གྱི་འགྲེམ་སྟོན་ཁང་གི་དེ་ལྟ་བུའི་བྱ་སྤྱོད་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་པའི་ཁྲོད། ༸སྐུའི་དབྱིན་སྐད་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ France གནས་སྡོད་བོད་མི་ཚོས་ཡུལ་དེའི་ནང་གི་འགྲེམ་སྟོན་ཁང་གཉིས་ཀྱིས་རྒྱ་ནག་གི་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་བཞིན་པར་ངེས་པར་སྐྱོན་བརྗོད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་སྐུལ་མ་གནང་སོང་བ་དང་ཆབས་ཅིག གལ་ཏེ་དེ་ལྟར་མ་གནང་ཚེ་མ་འོངས་ཕྱི་རྒྱལ་ཡུལ་གྲུ་གཞན་ནང་ཡོད་པའི་འགྲེམ་སྟོན་ཁང་ཁག་ནས་རྒྱ་ནག་དང་ངན་པ་ལག་འབྲེལ་གྱིས་དེ་དེ་བཞིན་བྱ་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པས་བོད་མི་ཚོས་དེར་ཡིད་གཟབ་གནང་དགོས་ཞེས་གསུངས་འདུག





