ཞི་ཅིན་ཕིང་རྒྱ་གར་དུ་བྷེ་རིག་སི་ཚོགས་འདུར་བཅར་སྐབས་བོད་མིར་གསར་འགོད་ལག་ཁྱེར་སྤྲོད་རྒྱུར་དམ་བསྒྲགས་བྱེད་དགོས་པའི་རེ་སྐུལ་བཏོན་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

འདི་ལོའི་ཟླ་བ་ ༩ པའི་ནང་རྒྱ་གར་དུ་འཚོག་གཏན་ཁེལ་བའི་གོ་ལ་ལྷོ་ཕྱོགས་ཀྱི་མཐུན་སྦྲེལ་རྒྱལ་ཁབ་(BRICS)ཀྱི་ལྷན་ཚོགས་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཉམ་ཞུགས་བྱ་འཆར་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་གིས་སྐབས་དེར་བོད་དང་ཆོས་འཁོར་སྒོམ་སྒྲུབ་ (Falun Gong) ཉམས་ལེན་པ་དང་འབྲེལ་བ་ཡོད་པའི་ཚོགས་པ་དང་། གསར་ཁང་ཁག་ལ་གསར་འགོད་པའི་ལག་འཁྱེར་སྤྲད་རྒྱུར་དམ་བསྒྲགས་བྱེད་དགོས་པའི་རེ་སྐུལ་བྱས་འདུག

དེ་ཡང་གོ་ལ་ལྷོ་ཕྱོགས་ཀྱི་མཐུན་སྦྲེལ་རྒྱལ་ཁབ་(BRICS)ཀྱི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༡༨ པ་དེ། ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༡༢ ནས་ ༡༣ བར་ཉིན་གྲངས་གཉིས་རྒྱ་གར་གཞུང་གི་གཙོ་སྐྱོང་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་གཏན་འཁེལ་ཡོད་པ་དང། སྐབས་དེར་རྒྱ་ནག་འཚུད་པའི་ཚོགས་མི་རྒྱལ་ཁབ་ཁག་གི་དབུ་ཁྲིད་མཉམ་ཞུགས་གནང་འཆར་ཡོད་ནའང་། ཚོགས་འདུའི་ཟླ་བ་གཅིག་ཙམ་སྔོན་ནས་རྒྱ་གར་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཚོགས་འདུར་བཅར་བའི་སྐབས་སུ། རྒྱ་གར་གཞུང་ནས་བོད་དོན་དང་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་དང་འབྲེལ་བའི་ཚོགས་པ་དང་། གསར་ཁང་ཁག་ལ་གསར་འགོད་པའི་ལག་འཁྱེར་སྤྲད་རྒྱུར་དམ་བསྒྲགས་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་སྐོར་རྒྱ་གར་གྱི་གསར་ཁང་ The Print གྱིས་གནས་ཚུལ་སྤེལ་འདུག

སྤྱིར་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་ཚོགས་འདུ་དེ་དང་འབྲེལ་བའི་གསར་འགོད་པའི་ལག་ཁྱེར་བགོ་འགྲེམས་གནང་འགོ་བཙུགས་ཟིན་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་གཙོ་སྐྱོང་བྱེད་མཁན་རྒྱ་གར་གཞུང་ཡིན་སྟབས། གསར་འགོད་པའི་ལག་ཁྱེར་མཁོ་སྤྲོད་བགོ་འགྲེམས་བྱ་རྒྱུའི་རང་དབང་ཡང་རྒྱ་གར་གཞུང་ལ་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་ཚབ་ཁང་གིས་ཚོགས་འདུའི་སྐབས་ཚོགས་པ་དེ་དག་གིས་རྒྱ་ནག་གི་འཐུས་ཚབ་ཁག་ལ་འདྲི་བ་འདྲི་སྲིད་པའི་དོགས་ཟོན་གྱིས་དེ་དོན་དམ་བསྒྲགས་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་སྐོར་བསྒྲགས་འདུག

The Print གསར་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་། རྒྱ་ནག་གཞུང་ཚབ་ཁང་གིས་དོགས་ཟོན་དང་དམ་བསྒྲགས་བྱེད་དགོས་པར་བསྒྲགས་པའི་བོད་དོན་དང་འབྲེལ་བའི་གསར་ཁང་ཁག་ནི། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་ཐོབ་ཐང་རྡོག་རོལ་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏང་རྒྱུའི་སྲིད་བྱུས། རྒྱ་ནག་གིས་བོད་དང་བོད་མིའི་ལོ་རྒྱུས་འཁྱོག་བཤད་བྱེད་པར་གདོང་ལེན་བྱེད་མཁན་བཙན་བྱོལ་ནང་དུ་ཡོད་པའི་ནོར་ཝེ་རླུང་འཕྲིན་ཁང་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ཡིན་པ་བཤད་འདུག

དེ་བཞིན་ཆོར་འཁོར་སྒོམ་སྒྲུབ་ཉམས་ལེན་པའི་ཚོགས་པ་དེ་ཡང་རྒྱ་ནག་གཞུང་གི་དམིགས་འཛུགས་བྱེད་ས་ཞིག་ཡིན་པ་དང་། རྒྱ་ནག་གིས་ཆོས་ཕྱོགས་ཀྱི་སྡེ་ཚན་དེ་ལ་ཕྱི་ལོ་ ༡༩༩༩ ལོར་དམ་བསྒྲགས་བྱས་ཏེ། དེའི་རྗེས་སུ་ཉམས་ལེན་པ་མང་པོར་བཙན་གནོན་མནར་གཅོད་བཏང་བས། ཉམས་ལེན་པ་ཕལ་ཆེ་བ་ཕྱིའི་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་ལ་བྲོས་དགོས་བྱུང་ཡོད།

ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་མཉམ་བསྡུས་ཀྱི་མཐུན་ཚོགས་ཀྱི་ཁ་གཏད་དུ་གྲུབ་པའི་གོ་ལ་ལྷོ་ཕྱོགས་ཀྱི་མཐུན་འབྲེལ་རྒྱལ་ཁབ་ཀྱི་ལྷན་ཚོགས་དེ་རྒྱ་གར་དུ་འཚོགས་གཏན་ཁེལ་བ་དེ། སྤྱིར་རྒྱལ་འབྲེལ་ཐབས་བྱུས་ཐོག་ནས་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་བ་ཞི་འཇམ་དུ་གཏོང་བར་ཕན་ཐོགས་ཡོང་ངེས་ཡིན་པའི་རེ་བ་བྱེད་བཞིན་ཡོད། ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལོ་ངོ་བདུན་གྱི་རྗེས་སུ་རྒྱ་གར་དུ་ཡོང་གི་ཡོད་པ་རེད།

དེ་སྔོན་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་སླེབས་ནས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་དང་ཐུག་འཕྲད་བྱས་ཡོད་པ་དང་། དེ་ནས་ལོ་གཅིག་ཙམ་གྱི་རྗེས་ལ་དྭགས་གལ་ཝན་ཁུལ་དུ་ས་མཚམས་རྩོད་རྙོག་ལངས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད། ཁྱོན་ལོ་ངོ་བཞི་ལྷག་རིང་ཕྱོགས་གཉིས་ཀྱི་འབྲེལ་བ་ཉམས་དམས་སུ་ཕྱིན་པའི་རྗེས་མཐར་ཕྱི་ལོ་ ༢༠༢༤ ལོར་ཨུ་རུ་སུའི་གྲོང་ཁྱེར་ཀཱ་ཛན་དུ་འཚོགས་པའི་གོ་ལ་ལྷོ་ཕྱོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ལྷན་ཚོགས་སྐབས། རྒྱ་གར་གྱི་སྲིད་བློན་མོ་དི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བར་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་བར་གྱི་མི་མཐུན་པའི་ཕྱོགས་བསལ་ནས་འབྲེལ་བ་སླར་གསོ་བྱ་ཐབས་གྲོས་མོལ་བྱུང་ཞིང།  དེ་ནས་རིམ་པས་ཕྱོགས་གཉིས་ཀས་ས་མཚམས་སུ་ཞི་འཇགས་ཡོང་ཐབས་སུ་དམག་དཔུང་ཕྱིར་ཤིག་བརྒྱབ་པ་མ་ཟད། ཚོང་འབྲེལ་དང་། གངས་རིན་པོ་ཆེར་གནས་མཇལ། ཐར་ཀར་གནམ་གྲུའི་མཐུན་རྐྱེན་སླར་གསོ་སོགས་མི་དང་མིའི་འབྲེལ་བ་སླར་གསོ་བྱ་རྒྱུའི་འབད་རྩོལ་བྱས་དང་བྱེད་བཞིན་ཡོད།

དེ་དང་འབྲེལ་ཏེ་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་གནས་མཇལ་བ་གངས་རིན་པོ་ཆེའི་གནས་མཇལ་དུ་གཏོང་འགོ་བཙུགས་པ་དང་། བར་ལམ་ནས་སྣ་ཐོད་ལ་ཚུད་པའི་ས་མཚམས་ཚོང་འབྲེལ་ཡང་འགོ་བཙུགས་ཡོད།

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཞི་འཇམ་དུ་འགྲོ་བཞིན་ཡོད་ནའང་། བར་ལམ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་གར་གྱི་ཟས་སྤྱོད་བསྟེན་སྟངས་དང་། རིག་གཞུང་ལ་མཐོང་ཆུང་ཁྱད་གསོད་བྱེད་པའི་བརྙན་ཐུང་ཁྱབ་གདལ་ཆེན་པོར་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། གནད་དོན་དེའི་སྐོར་རྒྱ་ནག་གནས་སྡོད་རྒྱ་གར་བ་རྣམས་ཀྱིས་རྒྱ་གར་གྱི་གཞུང་ཚབ་ལ་ཞུ་གཏུག་བྱས་འདུག་ཅིང་། དེ་མ་ཟད་ཁོ་ཚོས་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཆེད་ལས་པ་ཚོ་ལ་ལས་ཀའི་མཐོན་མཆན་སྤྲོད་ཀྱི་མེད་པའི་གནད་དོན་ཡང་ཞུས་འདུག

དཔེར་ན། ཉེ་ལམ་རྒྱ་གར་གནས་སྡོད་རྒྱ་ནག་གཞུང་ཚབ་ཤུ་ཧྤི་ཧོང་གིས་རྒྱ་གར་ལྷན་དུ་འབྲེལ་བ་བཟང་དུ་གཏང་རྒྱུའི་ཆ་ཤས་སུ། རྒྱ་གར་མི་སེར་ལ་མཐོང་མཆན་སྤྲད་རྒྱུའི་གྲངས་ཚད་སྤར་བའི་གསལ་བསྒྲགས་བྱས་པར། རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་བཀོལ་སྤྱོད་པ་མང་པོས་ཁོས་རྒྱ་ནག་གི་ཁེ་ཕན་རྡོག་རོལ་བཏང་ཚུལ་བཤད་པ་སྦྲགས། རྒྱ་གར་ལ་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། རྒྱ་ནག་དང་འབྲེལ་བའི་གསར་ཁང་དང་རྒྱ་ནག་གཞུང་ཚབ་ཀྱིས་རྒྱ་རིགས་མི་མང་ལ་རྒྱ་གར་ལ་གནོད་པའི་འཁྱོག་བཤད་དང་འཁོན་འཛིན་གྱི་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་བྱེད་དགོས་བྱུང་ཡོད།  

དེ་མཚུངས་ལོ་འདིའི་ཟླ་བ་ ༦ པའི་ནང་དུ་སིང་ཀ་པུར་སྲིད་གཞུང་གིས་རྒྱ་གར་ལ་མཐོང་ཆུང་བྱེད་མཁན་སྤྱི་ཚོགས་དྲྭ་ལམ་གྱི་གནས་ཚུལ་ ༡༤ བཀག་སྡོམ་བྱས་ཡོད་པ་དང་། གནས་ཚུལ་དེ་དག་རྒྱ་ནག་ནས་བཟོས་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།

གཞི་རྩའི་རྒྱ་དཀར་ནག་གཉིས་བར་གྱི་འཕགས་བོད་ས་མཚམས་ཀྱི་དཀའ་ངལ་མུ་མཐུད་ལྷག་ཡོད་པར་བརྟེན། ལོ་ངོ་བཅུ་ཕྲག་མང་པོའི་རིང་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་པ་དང་། བར་ལམ་ལ་དྭགས་གལ་ཝན་གྱི་འཁྲུག་རྩོད་རྗེས་ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ནས། ད་ཆ་ཕྱོགས་གཉིས་ཀས་འབྲེལ་བ་སླར་གསོ་ཡོང་ཐབས་སུ་འབད་རྩོལ་བྱེད་བཞིན་ཡོད་ནའང་། འདས་པའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་གཞིགས་ན། རྒྱ་ནག་དེ་བཞིན་ཡིད་ཆེས་བློས་འཁེལ་རུང་བའི་ཁྱིམ་མཚེས་ཤིག་མིན་པས། རྒྱ་གར་གཞུང་ནས་དེ་དོན་དོགས་ཟོན་དགོས་སྐོར་གནད་དོན་དབྱེ་ཞིབ་རྣམས་ཀྱིས་འགྲེལ་བརྗོད་གནང་གི་ཡོད།།

འབྲེལ་ཡོད་གསར་གནས།

གསར་གནས།