Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་ France ནང་བསླེབ་འཆར་དང་བསྟུན་ནས་བོད་མིས་བོད་དོན་འཕྲེད་དར་འཕྱར་ནས་ངོ་རྒོལ་གནང་འདུག

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་རིང་ France ནང་དུ་གཞུང་འབྲེལ་འཚམས་གཟིགས་ཐོག་སླེབས་གཏན་ཁེལ་བ་དང་བསྟུན། ཁུལ་དེར་གནས་སྡོད་ས་གནས་བོད་མི་རྣམས་ནས་ཉིན་མ་མང་པོའི་སྔོན་ནས་ཁོང་ལ་ངོ་རྒོལ་སྐད་འབོད་ཀྱི་བསུ་བ་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་པ་ལྟར། ཁ་སང་ཞི་ཅིན་ཕིང་སླེབས་པའི་ཉིན་གཅིག་གི་སྔོན་ཚུད་དུ་བོད་མི་ལས་འགུལ་བ་གཉིས་ནས་བོད་ཀྱི་རྒྱལ་དར་འཕྱར་བ་དང་སྲིད་དབང་སྒེར་སྤྱོད་པ་ཞི་ཅིན་ཕིང་གི་དུས་ཚོད་རྫོགས་ཟིན་པ་སོགས་འཁོད་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། དེ་རིང་ཞིི་ཅིན་ཕིང་དངོས་སུ་བསླེབས་པའི་སྐབས་སུའང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འཆར་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཙིན་ཕིང་France རྒྱལ་ས་པེ་རི་སི་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་སླེབས་པའི་ཉིན་གཅིག་སྔོན་ཚུད། ཁ་སང་སྔ་དྲོ་ཕྱག་ཚོད་བདུན་པའི་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚེ་ལྷ་ལགས་དང་ཉི་མ་ལགས་གཉིས་ཀྱིས་རྒྱལ་ས་པེ་རིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ Arc de Triomphe ཞེས་པའི་ས་ཚིགས་སུ་ཀ་བའི་ཐོག་འཛེགས་ནས་བོད་ཀྱི་རྒྱལ་དར་འཕྱར་བ་དང་སྲིད་དབང་སྒེར་འཛིན་པ་ཞི་ཅིན་ཕིང་ཁྱེད་ཀྱི་དུས་ཚོད་ཟིན་པ་རེད་ཅེས་དང་། བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ། དེ་བཞིན་ཡོ་རོབ་རྒྱལ་ཁབ་རྣམས་ནས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་རྒྱུ་མེད་པ་སོགས་ཀྱི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
འདི་གའི་གསར་འགོད་པས་དེ་རིང་ France བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་དོན་སྒྲུབ་ཕུན་ཚོགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཁ་སང་ཚེ་ལྷ་དང་ཉི་མ་ལགས་གཉིས་ཀྱིས་བོད་དོན་ལས་འགུལ་སྤེལ་བའི་སྐབས་སུ་ཁུལ་དེར་ཉེན་རྟོག་པ་མང་པོ་བསླེབས་པ་མ་ཟད། ས་གནས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཀྱང་སླེབས་ནས་ཉེན་རྟོག་པར་བོད་དོན་ལས་འགུལ་མཚམས་འཇོག་བྱེད་དུ་བཅུག་པ་སོགས་ཤུགས་དྲག་ཆེན་པོའི་ཐོག་བཤད་ཡོད་པ་དང་། མཐར་ལས་འགུལ་དབུ་འཛུགས་གནང་བའི་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཉེན་རྟོག་པས་བོད་མི་ལས་འགུལ་བ་གཉིས་པོ་འཛིན་བཟུང་གིས་ཆུ་ཚོད་ ༡༠ ཙམ་བཀག་ཉར་བྱས་རྗེས་ཕྱི་དྲོ་གློད་བཀྲོལ་བཏང་ཡོད་པ་གསུངས་སོང་།
དོན་སྒྲུབ་ཕུན་ཚོགས་ལགས་ཀྱིས་ད་དུང་། ཞི་ཅིན་ཕིང་ France ནང་དུ་སླེབས་གཏན་ཁེལ་བའི་རྗེས་སུ། ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་དུ་ཞི་ཅིན་ཕིང་སླེབས་པའི་སྐབས་སུ་བོད་མི་རྣམས་ལ་ངོ་རྒོལ་སྐད་འབོད་དང་བོད་དོན་གོམ་བགྲོད་གནང་བཅུག་རྒྱུའི་ཆོག་མཆན་ཞུས་ཡོད་པ་དེ་ལྟར་ཡང་། ས་གནས་སྲིད་གཞུང་གིས་ད་བར་ཐུགས་ཐག་གང་ཡང་མ་གཅོད་པར། ཁ་སང་ཕྱི་དྲོར་ཡ་ལན་འབྱོར་བའི་ནང་དུ་བོད་དོན་གོམ་བགྲོད་གནང་མི་ཆོག་པའི་བཀའ་བཏང་ཡོད་སྐོར་དང་འབྲེལ། ས་གནས་བོད་མི་རྣམས་ནས་གང་ལྟར་གང་ཟག་སྒེར་གྱི་ཐོག་ནས་གོམ་བགྲོད་གནང་འཆར་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གིས་ཐག་གཅོད་དེར་ཁྲིམས་ཀྱི་ཐོག་ནས་གྱོད་ཞིབ་གནང་འཆར་ཡོད་པ་གསུངས་སོང་།
ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ལས་འགུལ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། France སྲིད་འཛིན་ Macron མཆོག་གི་དབུས་པའི་ཡོ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ལ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་མི་རིགས་རྩ་གཏོར་གྱི་བྱ་འགུལ། དེ་བཞིན་བོད་ཐོག་ཁྲིམས་འགལ་གྱི་དབང་བསྒྱུར་བྱེད་བཞིན་པ་ཐོག་ལ་བཞེངས་ཕྱོགས་གཙང་མ་ཞིག་འཛིན་དགོས་པའི་སྐུལ་མ་གནང་འདུག
ཚོགས་པས་ད་དུང་། རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་བདུན་ཙམ་གྱི་རིང་བོད་ཐོག་བཙན་གནོན་བྱེད་བཞིན་པ་འདི་ནི། དུས་རབ་ ༢༠ པའི་བཙན་རྒྱལ་རིང་ལུགས་ཀྱི་ཤུལ་བཞག་ཡིན་པ་དང་། ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༢ ལོར་སྲིད་དབང་བཟུང་པ་ནས་བཟུང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད། ད་ཆ་བོད་ནང་གི་ལོ་ན་༤ ནས་ ༥ བར་གྱི་བྱིས་པ་ཆུང་ཆུང་འབུམ་གཅིག་ཙམ་དང་ལོ་ན་ ༦ ནས་ ༡༨ བར་གྱི་བྱིས་པ་བརྒྱ་ཆ་ ༨༠ ཙམ་བཙན་དབང་གིས་བཅའ་སྡོད་སློབ་གྲྭའི་ནང་དུ་བཞུགས་ཡོད་པ་སོགས་ཀྱི་གནས་སྟངས་མངོན་གསལ་གནང་འདུག
ཕྱོགས་མཚུངས་ཁ་སའི་ལས་འགུལ་སྤེལ་མཁན་ཚེ་ལྷ་ལགས་ཀྱིས། ཞི་ཅིན་ཕིང་གི་དབང་བསྒྱུར་འོག་བོད་ནང་གནས་སྟངས་ཆེས་ཞན་པོ་ཆགས་པའི་ཁྲོད། བོད་ནང་དུ་བོད་མི་ཡིན་པ་ཙམ་གྱི་ཉེས་ཅན་པ་ལྟ་བུར་གྱུར་ཡོད་པ་དེ་ལྟར་ཡང་། སྲིད་འཛིན་ Macron གྱིས་ཁོང་ལ་ཚད་མཐོའི་གུས་བཀུར་གྱི་ཐོག་ནས་བསུ་བ་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིེས་མེད་རྡོག་རོལ་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ནང་དུ་ངན་པ་ལག་སྦྲེལ་ཆགས་འདོད་མེད་ན། ཡོ་རོབ་རྒྱལ་ཁབ་ཀྱི་གོ་ཁྲིད་རྣམས་ནས་ཞི་ཅིན་ཕིང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེ་དག་ལ་སྣང་མེད་གཏང་རྒྱུ་མེད་པ་དང་། བོད་རང་བཙན་གྱི་འབོད་སྒྲ་ལ་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུག
དེ་བཞིན་ཉི་མ་བླ་མ་ལགས་ཀྱིས། རྒྱ་ནག་ལྷན་དུ་ཚོང་འབྲེལ་བྱས་པ་ནི་རྒྱ་ནག་གི་ཁྲག་དྲི་ཁ་བའི་བྱ་སྤྱོད་ནང་མཉམ་ཞུགས་བྱས་པ་དང་གཅིག་མཚུངས་ཡིན་སྐོར་དང་འབྲེལ། ད་ལྟ་རྒྱ་ནག་གི་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཡར་རྒྱས་སོགས་ཀྱི་མིང་ཐོག་ནས་བོད་མི་སྟོང་ཕྲག་མང་པོ་རང་གི་ཕ་མེས་ནས་བཅའ་སྡོད་བྱེད་སའི་ས་ཁུལ་ནས་ཕྱིར་ཕུད་གཏོང་བཞིན་པའི་དུས་སྐབས་འདིར། France སྲིད་འཛིན་ Macron དང་ཞི་ཅིན་ཕིང་གཉིས་ནས་ཁོར་ཡུག་ལ་མ་གནོད་པའི་འཕྲུལ་ལས་རིག་པའི་འཛུགས་སྐྲུན་གྱི་སྐོར་ལ་བཀའ་མོལ་གནང་གི་ཡོད་སྟབས། ཁོང་ནས་དེ་རིང་ལས་འགུལ་འདི་སྤེལ་བཞིནཡོད་པ་དང་། སྲིད་འཛིན་ Macron དང་ France མང་ཚོགས་ནས་ཞི་ཅིན་ཕིང་དང་ལག་སྦྲེལ་བྱ་རྒྱུ་མེད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས་པའི་སྐུལ་འདེབས་ཞུས་འདུག
རྩ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཏོག་དབྱིབས་གཉན་རིམས་ཀྱི་གནད་དོན་རྗེས་སུ་ཡོ་རོབ་ནང་བསླེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ད་ལན་ཁོང་བསླེབས་པར་བོད་མི་དང་རྒྱ་ནག་གི་རྡུག་རྩུབ་མྱོང་མཁན་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་མ་ཟད། ད་ལན་ཡོ་རོབ་རྒྱལ་ཁབ་དྲུག་གི་ཕྱོགས་བསྐྱོད་འདིའི་ཐོག་ཁོང་ལ་དེ་སྔ་བཞིན་དགའ་བསུའི་རྣམ་པ་དེ་ཙམ་མེད་པ་དབྱེས་ཞིབ་པ་རྣམས་ཀྱི་གསུངས་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།