དེ་རིང་ཟླ་ ༥ ཚེས་ ༡༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དབུས། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་སྤྱི་དང་དགེ་རྒན། དེ་བཞིན་སློབ་གཉེར་བ་དགེ་འདུན་པ་རྣམས་འདུ་འཛོམས་ཐོག་འདུལ་བ་དང་མཛོད། ཕར་ཕྱིན། དེ་བཞིན་འཛིན་རིམ་བཅུ་པ་བཅས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་སོང་།
མཛད་སྒོའི་ཐོག་མར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་སྤྱི་དང་དགེ་རྒན་གཅིག་ལྕོགས་སོ་རུ་དར་རྒྱས་ལགས་ཀྱིས་ཆེས་མཐོ་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་བསླབ་པ་སློབ་གཉེར་གནང་ཕྱོགས་དང་འབྲེལ་ལས་བསྡོམས་རགས་བསྡུས་སྙན་སེང་སྒྲོན་པ་དང་ཆབས་ཅིག རང་གི་མི་རིགས་ལ་ཞབས་ཏོག་ཞུ་བའི་འཛིན་པ་དང་ཕྱི་ནང་གི་མཐུན་རྐྱེན་གང་འཛོམས་པ་དེ་དག་འགལ་རྐྱེན་དུ་མི་འགྲོ་བར་མཐུན་རྐྱེན་གྱི་ངོ་བོར་འགྲོ་བར་ཆོད་སེམས་བརྟན་པོ་ཡོད་དགོས་པའི་གཞེན་སྐུལ་སོགས་གནང་སོང་།
སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་དང་ཐོག་དེར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་དགེ་འདུན་པ་འདུལ་བ་དང་མཛོད། ཕར་ཕྱིན། འཛིན་རིམ་བཅུ་པ་བཅས་ཀྱི་བསླབ་པ་མཐར་སོན་མཁན་ཡོངས་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས། ང་ཚོ་སྐྱ་སེར་གང་ཡིན་ལ་ལྟོས་མེད་སློབ་གཉེར་གནང་རྒྱུའི་དགོས་དམིགས་གཙོ་བོ་ནི་མི་བཟང་པོ་ཞིག་དང་ཡག་པོ་ཞིག་གནང་ཕྱིར་ཡིན་པར་དྲན་སྐུལ་གནང་སོང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་པའི་དགོན་སྡེ་ཁག་གཅིག་ཏུ་དགེ་འདུན་པའི་ཞལ་གྲངས་མང་པོ་ཡོད་ཀྱང་ཕྱག་དཔེ་དངོས་སུ་གཟིགས་ནས་སློབ་གཉེར་གནང་མཁན་དེ་ཙམ་མེད་སྐོར་གསུངས་པ་དང་འབྲེལ་ནས་དེ་རིང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་འདུན་པའི་ཞལ་གྲངས་ ༡༧༩ ཡོད་པ་ལས་བརྒྱ་ཆ་ ༧༠ ལྷག་གིས་ནང་པའི་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་གི་ཡོད་པ་ཤེས་རྟོགས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་ཡི་རངས་བསྔགས་བརྗོད་གནང་ཡོད།
སྲིད་སྐྱོང་མཆོག་གིས་ད་དུང་ནང་པའི་གཞུང་ཆེན་ཁག་གིས་གཙོས་པའི་བོད་ཀྱི་ཐུན་མིན་སྐད་ཡིག་བཅས་ཀྱི་ཐོག་ལ་ཀིརྟི་བྱེས་པ་གྲྭ་ཚང་གི་ངོས་ནས་འགྲེལ་པ་དང་རྩོམ་སོགས་མི་ཉུང་བ་ཞིག་སྤེལ་མུས་ཡིན་པ་མཁྱེན་རྟོགས་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ། ལྷག་དོན་བོད་པའི་དགོན་སྡེ་ཁག་ཏུ་མི་རིགས་གཞན་གྱི་དགེ་འདུན་པ་ཡོད་པ་ཚོས་ཀྱང་རང་ཉིད་ཀྱི་ཕ་སྐད་གང་ཡིན་པ་དེ་མ་བརྗེད་པར་བོད་བརྒྱུད་ནང་བསྟན་དེ་རང་སོ་སོའི་ཕ་སྐད་ཐོག་ཕབ་བསྒྱུར་ཚད་ལྡན་ཐུབ་པ་ཞིག་དང་སློབ་གཉེར་མཐར་ཕྱིན་པ་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་སོང་།
སྲིད་སྐྱོང་མཆོག་གིས་ནང་བསྟན་རྗེས་འབྲང་པ་ཡོངས་ཀྱི་ངོས་ནས་རང་ཉིད་ཀྱི་ཆོས་ལུགས་ཁོ་ནའི་ཕྱག་དཔེ་མ་གཟིགས་པར་གུ་ཡངས་ཀྱི་ཐོག་ནས་ཆོས་ལུགས་གཞན་གྱི་འགྲེལ་པར་གཟིགས་དགོས་གལ་ཡིན་པ་དང་དེ་ལྟར་གནང་ཐུབ་ཚེ་དམིགས་བསལ་གྱི་དགེ་མཚན་ལྡན་ཡོད་སྐོར་གསུངས་ཡོད།
དེ་རིང་གི་མཛད་སྒོ་ཐོག་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་འདུལ་བ་དང་མཛོད། ཕར་ཕྱིན། དེ་བཞིན་འཛིན་རིམ་བཅུ་པ་བཅས་ཀྱི་སློབ་མཐར་སོན་པའི་དགེ་འདུན་པ་རྣམས་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གི་ཕྱག་ནས་བཀའ་ཤོག་ཕྱག་འཁྱེར་དང་ལེགས་གསོའི་མཇལ་དར་བཅས་གསོལ་རས་སྩལ་ཡོད་པ་རེད།
གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་སྔ་དྲོ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་འདུལ་བ་དང་མཛོད། ཕར་ཕྱིན། དེ་བཞིན་འཛིན་རིམ་བཅུ་པ་བཅས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོར་མ་ཕེབས་པའི་གོང་དུ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིན་པོ་ཆེ་མཆོག་དང་ཟུར་ལྷན་མཇལ་གནང་བ་མ་ཟད། དེ་བཞིན་གྲྭ་ཚང་གི་དཔེ་མཛོད་ཁང་དུ་ཕྱི་ལོ་ ༡༩༩༢ ནས་ཕྱི་ལོ་ ༢༠༢༡ བར་གྲྭ་ཚང་གིས་པར་འགྲེམས་ཞུས་པའི་དཔེ་དེབ་ཁག་འགྲེམ་སྟོན་ཞུས་པར་གཟིགས་ཞིབ་གནང་ཡོད།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུལ་བ་དང་མཛོད། ཕར་ཕྱིན། འཛིན་རིམ་བཅུ་པ་བཅས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།
Tibetan News Headlines
- Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
- Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
- China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
- Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
- Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
- China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
- History Feature: Tsarong Dasang Damdul
ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩
- ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
- རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
- དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
- Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
- ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
- རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
- བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།




