རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་དེ་ལྡི་ལི་བསམ་ཡས་གླིང་དུ་འཚོགས་ཡོད་པ་མ་ཟད། ཕྱི་དྲོ་ད་དུང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ་དང་། རྒྱ་གར་གནད་ཡོད་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཁག་ལ་ཕྱི་དྲོའི་གསོལ་སྟོན་ཞིག་ཀྱང་འདེགས་འབུལ་ཞུས་ཡོད་པ་རེད།

དེ་ཡང་བོད་སྒར་བསམ་ཡས་གླིང་དུ་འཚོགས་པའི་གཞུང་འབྲེལ་འཁྲུངས་སྐར་གྱི་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Tapir Gao མཆོག་གིས་དབུས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འབྲེལ་མཐུད་པ་སྐུ་ཞབས་ R K Khirmey མཆོག བདེ་སྲུང་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་དང་། ཚོགས་གཞོན་ཟུར་པ་ཨ་ཅརྱ་ཤེས་ཕུན་ཚོགས་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱི་དབུས་གཞན་ཡང་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་དབུ་བཞུགས་ཐོག་མི་མང་ལྷན་འཛོམས་ཀྱིས་༸སྐུའི་འཁྲུངས་སྐར་དགའ་སྐྱོ་ཟུང་འབྲེལ་ཐོག་ནས་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་བློ་དགའ་རང་བཙན་ལགས་དྲན་སྐུལ་དང་སྦྲགས། བོད་རིགས་ནི་ལོ་རྒྱུས་ནས་དཔའ་མཛངས་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་ཡིན་སྟབས། མི་རིགས་དེའི་འཐབ་རྩོད་ཀྱི་ཆེད་དུ་མི་གཅིག་གི་སྲོག་ཀྱང་ཧ་ཅང་རྩ་ཆེན་པོ་ཡིན་སྐོར་གསུངས་ཏེ། བོད་མི་ཚོས་དྲག་པོའི་ཐབས་ལམ་ལ་མ་བརྟེན་པར་དུས་རབས་དང་མཐུན་པའི་སྤྱི་ཚོགས་དྲྭ་རྒྱ་སོགས་ཀྱི་མཐུན་རྐྱེན་བེད་སྤྱོད་ཀྱིས་དགྲ་བོར་ཁ་གཏད་གཅོག་དགོས་པ་དང་། རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་ལྟར་ད་དུང་ཡང་མུ་མཐུད་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།

སྐབས་དེར་བདེ་སྲུང་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་ནས་ཀྱང་། ང་ཚོས་ཆིག་སྒྲིལ་ཁ་ནས་བཤད་པ་ཙམ་མིན་པར། དོན་དངོས་ཀྱི་མི་རེ་ངོ་རེ་ནས་སོ་སོའི་ལྟ་གྲུབ་གང་ཡིན་ལ་མ་ལྟོས་པར་རྡོག་རྩ་ཆིག་སྒྲིལ་ཐོག་འགན་འཁུར་དགོས་པའི་ལམ་སྟོན་གནང་ཡོད།

མཛད་སྒོ་དེའི་ཐོག་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ནས་ཀྱང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་གཏོང་ལ་ཆེ་བསྟོད་དང་སྦྲགས། ཁོ་པའི་ཞལ་འཆེམས་ལྟར་བོད་མི་ཚང་མས་དེ་རིང་ནས་ཟུང་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཐོག་བོད་མིའི་རང་དབང་འཐབ་རྩོད་ཆེད་མདུན་སྐྱོད་བྱེད་རྒྱུའི་མི་རེ་ངོ་རེ་ནས་དམ་བཅའ་བཞག་ཐུབ་ཐབས་ཡོང་བའི་འབོད་སྐུལ་ཡང་གནང་ཡོད།

བོད་སྒར་བསམ་ཡས་གླིང་གི་གཞུང་འབྲེལ་འཁྲུངས་སྐར་གྱི་མཛད་སྒོ་དེ་གྲུབ་པ་དང་བསྟུན་ཕྱི་དྲོའི་ཆུ་ཚོད་ལྔ་པའི་ཐོག་རྒྱ་འཐུས་ཡིག་ཚང་གི་གོ་སྒྲིག་ཞུས་པའི་རྐང་སྤོལ་རྩེད་འགྲན་ཞིག་ཀྱང་གནང་ཡོད་པ་མ་ཟད། ཆུ་ཚོད་ ༨ པའི་ཐོག་ India Habitat ལྟེ་གནས་ཁང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་ཞུས་པའི་གསོལ་སྟོན་ཐོག ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་བཅས་སྐུ་མགྲོན་མི་གྲངས་ ༡༠༠ སྐོར་ཞིག་འདུ་འཛོམས་བྱུང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་རྣམས་ནས་བློ་དགའ་རང་བཙན་ལགས་སུ་མྱ་ངན་ཆེ་བསྟོད་དང་སྦྲགས། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Shyam Saran མཆོག་གིས་ཁོང་རང་ཉིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་ཐུགས་འབྲེལ་བྱུང་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྒྱ་ཡངས་པའི་དགོངས་གཞི་ཁག་ལ་ཡིད་རངས་ཆེ་བསྟོད་སོགས་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་རྒྱ་གར་བཙན་བྱོལ་དུ་ཕེབས་པ་དེ་ནི་རྒྱ་གར་མི་མང་གི་བསོད་ནམས་དང་སྤོབས་པ་བྱེད་དགོས་པ་ཞིག་ཡིན་པ་མ་ཟད། ༸སྐུའི་འཁྲུངས་སྐར་ལ་མཚམས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་མདུན་བཅས་ཀྱང་གནང་ཡོད།











