བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་འདི་ལོ་ལོ་༦༠ འཁོར་གྱི་ཡོད་པའི་དུས་ཚིགས་དང་བསྟུན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་བསམ་བཞིན་དུ་༸གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་ཡོད་པའི་བསྙོན་འཛུགས་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་ཙམ་མ་ཟད། གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་བརྟན་བརླིང་དང་། བོད་ཀྱི་གནད་དོན་སེལ་རྒྱུའི་དགོངས་པ་བཞེས་ཀྱིན་ཡོད་ན། ༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གོ་སྐབས་དེ་དམ་འཛིན་བྱེད་དགོས་ཀྱི་ཡོད་པའི་འགྲེལ་བརྗོད་གནང་སོང་།
དེའང་འདི་ལོ་ནི་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་དང་སྦྲགས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་ལོ་ཚིགས་ཤིག་ཆགས་ཀྱི་ཡོད་ཀྱང། རྒྱ་ནག་གཞུང་དང་ལྷག་པར་བོད་རང་སྐྱོང་ལྗོངས་ས་གནས་གཞུང་ནས་ལོ་ཚིགས་དེ་ནི་རྒྱ་ནག་གིས་བོད་ལ་མང་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༦༠ འཁོར་བའི་དུས་དྲན་དུ་སྲུང་བརྩི་ཞུས་པ་མ་ཟད། བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་ཟླ་བ་འདིའི་ཚེས་ ༩ ནས་ ༡༤ བར་ལྗོངས་ཡོངས་ཀྱི་མི་རིགས་དང་ལས་རིགས་ཁག་གི་མི་སྣས་ཏཱ་ལའི་སྐུ་ཕྲེང་ ༡༤ པ་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་དཔྱད་གཏམ་རིམ་པ་ལྔ་ཙམ་བཏོན་གནང་འདུག
དཔྱད་གཏམ་དེ་དག་ནང་གཙོ་བོ་༸གོང་ས་མཆོག་ནི་བོད་རང་བཙན་ལྐོག་གཡོ་བཤམ་མཁན་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་གི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་སྲོལ་འཛུགས་རྒྱུར་འགོག་རྐྱེན་བཟོ་མཁན་ཆེ་ཤོས། དེ་བཞིན་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་ཡིན་ཚུལ་བཅས་དོན་ཚན་གཙོ་བོ་ལྔའི་ཐོག་ནས་བསྙོན་འཛུགས་བྱས་པ་མ་ཟད། ༸གོང་ས་མཆོག་གིས་ད་བར་ལོ་ངོ་ ༦༠ ནང་བོད་རང་བཙན་གྱི་ལས་འགུལ་སྤེལ་མཚམས་འཇོག་མྱོང་མེད་པ་དང་། བོད་རང་བཙན་ལ་དམིགས་ནས་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་དབུ་མའི་ལམ་སོགས་ཁ་ལ་ཁྱེར་ནས་ཁ་བྲལ་རིང་ལུགས་ཀྱི་རྩ་འཛིན་འདོན་གྱི་ཡོད་ཚུལ་བརྗོད་འདུག
འདི་ག་རླུང་འཕྲིན་ཁང་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་སྤྱིར་དཔྱད་གཏམ་དེ་དག་གི་ནང་དོན་ཡོངས་རྫོགས་བསྐྱར་ཟློས་ཤ་སྟག་ཡིན་པ་དང་། དེའང་བོད་ཀྱི་གསུམ་བཅུའི་དུས་དྲན་དང་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་དུས་དྲན་སོགས་ཚོར་རྣོ་བའི་དུས་ཚིགས་ཁག་དང་བསྟུན་བོད་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ལ་དམིགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། རྒྱ་གཞུང་གིས་དཔོན་རིགས་ཚོས་བོད་མིར་དྲག་གནོན་བྱས་པ་དེ་ལུགས་མཐུན་ཆགས་པའི་ཆེད་བསམ་བཞིན་དུ་༸གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་ཡོད་པའི་བསྙོན་འཛུགས་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་གནང་སོང་།
ཁོང་གིས་ད་དུང་སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་རང་བཙན་ལ་རྒྱབ་སྐྱོར་དང་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་མང་དག་ཅིག་ཡོད་པ་དེ་ནི་མང་གཙོའི་སྤྱི་ཚོགས་ནང་ཡོང་ཆོག་པ་ཞིག་ཡིན་པ་དང་། ༸གོང་ས་མཆོག་ནས་ཀྱང་དེར་དུས་ནམ་ཡང་བཀག་སྡོམ་གནང་གི་མེད་པ་དེ་ལྟར་ཡང་། བོད་རང་བཙན་རྩོད་མཁན་དེ་དག་གི་རྒྱབ་ན་༸གོང་ས་མཆོག་ཡོད་སྐོར་བརྗོད་ན་འགྲིག་གི་མེད་སྐོར་གསུངས་བ་དང་ཆབས་ཅིག གནད་དོན་དེ་ལས་འཕྲོས་ཏེ་ཉེ་ལམ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ཀྱི་གསུམ་བཅུའི་དུས་དྲན་སྐབས་གཏམ་བཤད་ཅིག་གནང་བའི་ཐོག་ལ་གསལ་བཤད་གནང་ཡོད་པ་རེད།དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་ད་དུང་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་དང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༦༠ འཁོར་བའི་གལ་ཆེའི་དུས་ཚིགས་དང་བསྟུན། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་ཐུགས་དགོངས་དང་ལྷག་བསམ་ལ་བདག་གཅེས་བྱེད་དགོས་པ་དང་། ༸གོང་ས་མཆོག་ལ་བསྙོན་འཛུགས་སོགས་ཕན་ཚུན་སྐྱོན་བརྗོད་བྱ་རྒྱུ་ཕར་བཞག་སྟེ་མགོན་པོ་གང་ཉིད་སྐུ་འཚོ་བཞུགས་ཡོད་པའི་གོ་སྐབས་དེ་དམ་འཛིན་གནང་དགོས་ཀྱི་ཡོད་པའི་ཞུ་སྐུལ་ནན་པོ་གནང་སོང་།