Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཞིབ་འཇུག་གནང་མཁན་གཉིས་ལ་སྲིད་དོན་ཉེས་ཆད་བཏང་བ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཟླ་བ་འདི་ནང་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཚོང་ལས་ཁང་གསུམ་ལ་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གི་ཚོང་ལས་ཁང་གསུམ་ལ་ཚོང་འབྲེལ་བཀག་སྡོམ་གྱི་སྲིད་དོན་ཉེས་ཆད་བཏང་བ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་འཁོན་ལན་ཚུལ་དུ་ཨ་རིའི་ཞིབ་འཇུག་ལས་ཁང་གྲགས་ཅན་ Kharon དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཞིབ་འཇུག་གནང་མཁན་གྱི་མཐོ་རིམ་ལས་བྱེད་གཉིས་ལ་སྲིད་དོན་ཉེས་ཆད་བཏང་འདུག

དེ་ཡང་ South China Morning Post གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཟླ་བ་འདི་གཅིག་པོར་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཚོང་ལས་ཁང་གསུམ་ལ་ཡུ་གུར་མི་རིགས་རྣམས་ལ་མནར་གཅོད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག་སྲིད་དོན་ཉེས་ཆད་བཏང་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། འཁོན་ལན་གྱི་ཚུལ་དུ་རྒྱ་ནག་གཞུང་གིས་ཨ་རིའི་ཉམས་ཞིབ་ལས་ཁང་གྲགས་ཅན་ Kharon དང་འགན་འཛིན་སྐུ་ཞབས་ Edmund Xu ལགས་དང་། དེ་བཞིན་བདེ་འཇགས་ཉམས་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པ་སྐུ་ཞབས་  Nicole Morgret ལགས་བཅས་ལ་རྒྱ་ནག་ཏུ་འགྲུལ་བཞུད་ མི་ཆོག་པ་དང་། ཁུལ་དེར་ཡོད་པའི་རྒྱུ་དངོས་དེ་དག་ལོངས་སུ་སྤྱོད་མི་ཆོག་པའི་ཉེས་ཆད་བཏང་རྒྱུའི་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་མགྲིན་ཚབ་པ་ Mao Ning ཟེར་བས་ ཨ་རི་གཞུང་གིས་རྒྱ་ནག་གི་ཚོང་ལས་ཁང་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་བར་སྐྱོན་བརྗོད་ནན་པོ་བྱས་པ་དང་འབྲེལ། དེར་མཇུག་འབྲས་ངན་པ་ཡོང་སྲིད་པའི་ཉེན་བརྡ་བཏང་བར་མ་ཟད། ཨ་རི་གཞུང་གིས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་གཞི་ཞེས་པར་ཁག་དཀྲིས་བྱས་ཏེ་རྒྱའི་དཔོན་རིགས་དང་བཟོ་ཚོང་ལས་ཁང་མང་དག་ཅིག་ལ་གཞི་མེད་ཁྲིམས་འགལ་གྱི་ཉེས་ཆད་བཏང་བ་དང་། རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་སྒྲིག་གཞི་ཁག་ལ་རྡོག་རོལ་གྱིས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་ཚབས་ཆེན་བྱེད་ཀྱི་ཡོད་སྐོར་དང་། ལྷག་པར་དུ་རྒྱ་གཞུང་ལ་གཞི་མེད་སྐྱོན་འཛུགས་དང་རྒྱ་ནག་གི་མིང་རྗེས་ངན་པ་བཟོ་རྒྱུའི་ལས་དོན་རྣམས་མཚམས་འཇོག་དགོས་པ་སོགས་བཤད་འདུག

རྩ་བའི་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་གི་དཔོན་རིགས་གཉིས་དང་།  Cofco Sugar དང་ Jingweida Technology དེ་བཞིན་ Xinya New Materials ཞེས་རྒྱ་ནག་གི་ཚོང་ལས་ཁང་གསུམ་ལ་ཚོང་འབྲེལ་བཀག་སྡོམ་གྱི་སྲིད་དོན་ཉེས་ཆད་བཀལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།