Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་༸སྐུའི་ཡང་སྲིད་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས།

Tibetan News Headlines

  • HHDL is recovering exceptionally well, says Dr. Tsetan Dorji Sadutshang
  • For now, this is my temple: Devotees flock to the Dalai Lama’s hotel in NYC for circumambulation
  • We are born activists; Political consciousness is in us at a very young age: Bhutila Karpoche
  • 4 years of draconian National Security Law: RSF calls for greater support for diaspora-led media
  • India, China foreign ministers agree to resolve border issues at earliest
  • Health and Wellness : Dr. Tenzin Dechen on monsoon health precaution

རེས་གཟའ་ཕུར་བུ། ༢༠༢༤།༠༧།༠༤

  • ༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་མི་མང་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་འདུག
  • ༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་དད་ལྡན་པས་ཕྱག་འཚལ་སྐོར་སྦྱོང་གནང་བཞིན་པ།
  • བཙན་བྱོལ་བོད་མིའི་ཁྲོད་ཆབ་སྲིད་ཀྱི་བསམ་བློ་དེ་རང་བཞིན་ལྷན་རྒྱས་སུ་ཡོད་པ་གསུངས་འདུག
  • རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་ནང་གི་གསར་ཁང་ཁག་ལ་རྒྱབ་སྐྱོར་གནང་དགོས་གསུངས་འདུག
  • རྒྱ་དཀར་ནག་གཉིས་ནས་གང་མགྱོགས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་བྱ་རྒྱུ་ཡིན་པ་བརྗོད་འདུག
  • འཕྲོད་བསྟེན་ལེ་ཚན། ཆར་དུས་དང་ཆུ་ལོག་ཁྲོད་ཀྱི་ནད་རིགས་དང་དེར་གདོང་ལེན་གནང་ཕྱོགས།

དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་གར་གྱི་གཞུང་ཚན་ཆེན་མོ་གནང་མྱོང་ཡོད་པ་དང་། ད་ལྟའི་ཆར་ Asian Development Research Institute ཞིབ་འཇུག་ལྟེ་གནས་སུ་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཁོངས་སུ་ཕྱག་ལས་གནང་བཞིན་པ་སྐ་ཞབས་ Dilip Sinha ལགས་ཀྱིས། རྒྱ་གར་གཞུང་ངོས་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་གནད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་དགོས་པ་མ་ཟད། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས་པ་གསུངས་འདུག

dilip sinha

དེ་ཡང་ཁ་སང་ Strat News Global གསར་འགྱུར་ཁང་གིས་སྐུ་ཞབས་ Dilip Sinha ལགས་དང་ལྷན་དུ་ཁོང་གིས་རྩོམ་བྲིས་གནང་བའི་དཔེ་དེབ་གསར་ཤོས་ ‘Imperial Games In Tibet: The Struggle for Statehood And Sovereignty’ དང་འབྲེལ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་འདས་མ་ད་གསུམ་གྱི་གནས་སྟངས་སྐོར་གླེང་མོལ་ཞུས་འདུག

སྐུ་ཞབས་དཱི་ལིབ་སིནྷ་ལགས་ཀྱིས་གྲོས་བསྡུར་གླེང་མོལ་དེའི་སྐབས་ དེ་སྔ་ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་སྐབས་རྒྱ་གར་ངོས་ནས་དེ་ནོར་འཁྲུལ་ཡིན་པ་དང་། བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་ཐག་གཅོད་བྱེད་དགོས་པ། དེ་བཞིན་བོད་ལ་རང་སྲིད་རང་སྐྱོང་གི་གནས་སྟངས་ཡོད་པའི་ལངས་ཕྱོགས་ཞིག་བཟུང་ཡོད་པ་དེ་ལྟར་ཡང་། རྒྱ་ནག་ངོས་ནས་ལངས་ཕྱོགས་དེ་དག་ཡོངས་སུ་རྫོགས་པ་རྩིས་མེད་རྡོག་རོལ་བཏང་ཡོད་པར་བརྟེན། རྒྱ་གར་ནས་ད་ཆ་གནད་དོན་འདི་ལ་བསྐྱར་དུ་བསམ་གཞིག་བྱེད་དགོས་པའི་དུས་ལ་བབས་ཡོད་པ་གསུང་འདུག

གསར་ཁང་གིས་བཅར་འདྲི་གནང་བའི་ནང་ཁོང་གིས་རྒྱ་གཞུང་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལོ་རྒྱུས་ཀྱི་འཁྱོག་བཤད་དེ་ནི་དངོས་ཡོད་མིན་པ་དང་། གནའ་བོའི་ Manchu རྒྱལ་རབས་སྐབས་སུའང་བོད་དེ་རྒྱ་ནག་གི་འཛིན་སྐྱོང་ཁོངས་སུ་མེད་པ་ལོ་རྒྱུས་ཁྲོད་མངོན་གསལ་ཡིན་པའི་འགྲེལ་བརྗོད་ཀྱིས། དེ་ལས་ལྡོག་སྟེ་ Tang རྒྱལ་རབས་སྐབས་སུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྣེ་འཁྲིད་འོག་རྒྱ་ནག་བོད་ཀྱི་མངའ་འོག་ཏུ་ཡོད་པ་སོགས་ལོ་རྒྱུས་ཀྱི་བྱུང་རབས་ཁག་གཅིག་སྐོར་གླེང་སློང་གནང་འདུག

dilip sinha

དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཁག་གཅིག་བཞུགས་སྒར་དྷ་རམ་ས་ལར་༸གོང་ས་མཆོག་དང་མཇལ་འཕྲད་ཆེད་དུ་ཕེབས་པ་དང་དེའི་རྗེས་སུ་རྒྱ་གར་གྱི་སྲིད་བློན་གཙོས་པའི་གཞུང་འབྲེལ་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པའི་གནད་དོན་དང་འབྲེལ། དེ་ནི་རྒྱ་ནག་ལ་བརྡ་ལན་ཤུགས་ཆེ་ཞིག་ཆགས་ཡོད་པ་མ་ཟད། བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེས་ཀྱང་བོད་ཀྱི་གནད་དོན་ཐོག་ཨ་རིའི་གཞུང་གིས་དོ་སྣང་ཆེན་པོ་ཡོད་པ་མངོན་ཐུབ་པ་བྱུང་སྐོར་གསུང་བ་དང་ཆབས་གཅིག རྒྱ་གར་གྱི་སྲིད་བློན་ངོས་ནས་ཀྱང་རྒྱ་ནག་ལ་འཛེམས་སོན་མེད་པར་ཨ་རིའི་སྐུ་ཚབ་ཚོ་ཁག་དེར་མཇལ་འཕྲད་གནང་བ་དེ་ནི་ཧ་ཅང་གི་གནས་འགག་ཆགས་ཡོད་པ་གསུངས་འདུག

ཡང་རྒྱ་ནག་གིས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་ཀྱི་ཡོད་པ་དང་འབྲེལ་ནས་ཁོང་གིས། རྩ་བའི་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་ལ་རྩིས་སྤྲོད་ཟིན་པ་དེ་ལྟར་ཡང་མགོན་པོ་མཆོག་ནི་བོད་མི་ཡོངས་ཀྱི་མིག་ལྟ་བྱེད་ས་ཞིག་ཡིན་པས་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་གནས་སྟངས་དེས་ངེས་པར་དུ་བོད་མིའི་སྲིད་དོན་ཁྲོད་སྟོང་ཆའི་གནས་སྟངས་ཀྱི་སེམས་འཚབ་ཡོང་ངེས་ཡིན་པ་གང་ལྟར་ཡང་༸གོང་ས་མཆོག་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པ་དང་།སྐུའི་ཡང་སྲིད་ཀྱི་བདག་དབང་ཆ་ཚང་གོང་ས་མཆོག་སྐུ་སྒེར་དང་གང་ཉིད་ཀྱི་སྐུ་འཁོར་དེ་བཞིན་བོད་མི་རྣམས་ལ་ཡོད་སྐོར་གསུངས་བ་མ་ཟད། ཨ་རིའི་གཞུང་ངོས་ནས་གལ་ཏེ་རྒྱ་ནག་གིས་སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་ན་སྲིད་དོན་ཉེས་ཆད་སོགས་དགལ་རྒྱུའི་ལངས་ཕྱོགས་འཛིན་པ་ལྟར་རྒྱ་གར་གཞུང་ངོས་ནས་ཀྱང་དེའི་ཐོག་ལངས་ཕྱོགས་ཞིག་འཛིན་དགོས་པའི་འགྲེལ་བརྗོད་གནང་འདུག

dilip sinha

སྐུ་ཞབས་དཱི་ལིབ་སིནྷ་ལགས་ཀྱིས་ད་དུང་རྒྱ་ནག་ནས་བཙན་པོའི་དབང་ཤེད་ཀྱིས་བོད་མིའི་བླ་མ་སྤྲུལ་སྐུ་འདེམས་སྒྲུག་གཙོས་པའི་ད་ལྟའི་ཆར་ཛ་དྲག་གི་གནས་སྟངས་ཡིན་པ་བོད་ནང་གི་བཅའ་སྡོད་སློབ་གྲྭ་སོགས་ཀྱི་སྐོར་དང་འབྲེལ་ནས་རྒྱ་ནག་གིས་བོད་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ཇུས་ངན་ཁག་གཅིག་ཐེར་འདོན་གནང་འདུག

ཕྱོགས་མཚུངས་གསར་ཁང་གིས་བོད་དེ་བསྐྱར་དུ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཏུ་བསྒྱུར་དགོས་ན་ཆ་རྐྱེན་གང་ཚང་དགོས་མིན་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་རྒྱལ་ཁབ་ཞིག་གི་ལོ་རྒྱུས་གནད་དོན་ཐད་ལོ་ངོ་ ༧༠ ནི་མང་པོ་མིན་པར་དེ་ནི་དུས་རབས་ནས་དུས་རབས་ཀྱི་གནས་སྟངས་སོགས་ལ་གཞི་རྩ་བཟུང་གི་ཡོད་པས། ད་ལྟའི་ཆར་རྒྱ་ནག་ནི་སྟོབས་ཤུགས་ཆེན་པོའི་རྒྱལ་ཁབ་ཞིག་ཡིན་པས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཏུ་སླར་གསོ་ཐུབ་རྒྱུ་ནི་རྨི་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད་ནའང་། རྒྱ་གར་ལྟ་བུའི་རྒྱལ་ཁབ་ངོས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱ་གར་མི་མང་ངོས་ནས་ཀྱང་བོད་ཀྱི་ལོ་རྒྱུས་དང་རྒྱ་ནག་གི་ལོ་རྒྱུས་སྐོར་དོ་སྣང་བྱེད་པའི་བརྒྱུད་བོད་རྒྱའི་དཀའ་རྙོག་གི་གཞི་རྩ་ཤེས་རྟོགས་དགོས་པ། མ་ཟད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ཐད་རྒྱ་གར་གཞུང་མང་ནས་གླེང་སློང་གནང་དགོས་པ། དེ་བཞིན་བོད་མིའི་སྐྱབས་བཅོལ་བ་ཚོར་གཞུང་འབྲེལ་ལྟེ་གནས་གསར་འཛུགས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་དེ་ནམ་ཞིག་བོད་ལ་རང་དབང་བསྐྱར་གསོ་ཐུབ་པའི་སྐབས་བོད་མི་ཚོ་ཉམས་མྱོང་ལྡན་པའི་ཐོག་རང་གི་རྒྱལ་ཁབ་འཛིན་སྐྱོང་གནང་ཐུབ་པ་དང་། ལྷག་པར་དུ་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་དེ་གཏན་ནས་རྩིས་མེད་གཏང་དགོས་པར་རྒྱལ་སྤྱི་གཙོས་པའི་རྒྱ་གར་ནང་དུ་བོད་ཀྱི་དངོས་ཡོད་ལོ་རྒྱུས་སྐོར་གོ་རྟོགས་གསལ་པོ་ཡོད་པའི་གནས་སྟངས་ཞིག་སྐྲུན་དགོས་པ་སོགས་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།