Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་དབུས་གཞུང་གིས་ལ་དྭགས་ནང་རྫོང་ལྔ་གསར་འཛུགས་བྱ་རྒྱུ་ཐག་བཅད་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཁ་སང་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་གར་དབུས་གཞུང་གི་ཐད་ཀར་སྟངས་འཛིན་ཡོད་པའི་ས་གནས་ལ་དྭགས་ནང་རྫོང་ལྔ་གསར་སྐྲུན་བྱེད་པའི་བརྒྱུད་ཁུལ་དེ་དག་ཏུ་ཡར་རྒྱས་ཤུགས་ཆེ་འགྲོ་རྒྱུ་ཡིན་པ་བརྗོད་འདུག

དེ་ཡང་ད་ལྟའི་ཆར་ལ་དྭགས་ནང་རྫོང་གཉིས་ཏེ། གླེ་དང་ཀཱར་གིལ་མ་གཏོགས་མེད་པ་དང་། ཡོངས་ཁྱབ་གསལ་བསྒྲགས་དེའི་བརྒྱུད་ནས་གླེ་ཡི་ཁྱབ་ཁོངས་སུ་ཡོད་པའི་ཤམ་དང་ནུབ་ར། བྱང་ཐང་། དེ་བཞིན་ཀཱར་གིལ་ཁྱབ་ཁོངས་སུ་ཡོད་པའི་ཟངས་དཀར་དང་ Drass དྷ་རྭས་བཅས་ཁྱོན་ས་ཁུལ་ལྔ་ལ་རྫོང་གི་གོ་གནས་ཕུལ་ཡོད་པ་དང་འབྲེལ། རྒྱ་གར་ནང་སྲིད་བློན་ཆེན་ Amit Shah མཆོག་གིས་རང་ཉིད་ཀྱི་ X ཞེས་པའི་སྤྱི་ཚོགས་དྲ་ལམ་ཐོག སྲིད་བློན་མོ་དྷི་མཆོག་གི་ལ་དྭགས་འདི་བཞིན་ཡར་རྒྱས་དང་ཚགས་ཚུད་ཡོང་བའི་འཆར་སྣང་དེ་སྒྲུབ་ཐབས་སུ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་གཞུང་གི་ཐད་ཀར་སྟངས་འཛིན་ཡོད་པའི་ལ་དྭགས་ནང་རྫོང་གསར་པ་ལྔ་སྐྲུན་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ཐག་གཅོད་དེའི་བརྒྱུད་ནས་ས་ཁུལ་དེ་དག་ཏུ་འཛིན་སྐྱོང་ཤུགས་ཆེ་རུ་བཏང་སྟེ། མི་མང་གི་ཁེ་ཕན་རྣམས་སོ་སོར་འཕྲོད་ཐབས་བྱ་རྒྱུ་ཡིན་པ་བཀོད་འདུག

ལྷག་པར་སྲིད་བློན་མོ་དྷི་མཆོག་གིས་ཀྱང་ལ་དྭགས་ནང་རྫོང་ལྔ་གསར་སྐྲུན་བྱེད་པ་དེའི་འཛིན་སྐྱོང་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་གྱི་མདུན་སྐྱོད་ཞིག་ཆགས་ཀྱི་ཡོད་ཅིང་། རྫོང་དེ་དག་ཏུ་ད་ནས་བཟུང་དོ་སྣང་ཤུགས་ཆེ་ཐོབ་པའི་བརྒྱུད་མི་མང་རྣམས་ལ་གོ་སྐབས་དང་ཞབས་ཞུའི་ལས་དོན་ཐག་ཉེ་རུ་འགྲོ་རྒྱུ་ཡིན་སྟབས། ས་གནས་དེ་དག་གི་མི་མང་རྣམས་ལ་འཚམས་འདྲི་གནང་འདུག

རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་སྤེལ་བའི་བསྒྲགས་གཏམ་དེའི་ནང་ད་དུང་། ལ་དྭགས་འཛིན་སྐྱོང་གི་ངོས་ནས་དེ་འབྲེལ་ཚོགས་ཆུང་ཞིག་ཆེད་འཛུགས་བརྒྱུད་རྫོང་གསར་པ་དེ་དག་གི་ནང་མཁོ་བའི་ཆ་རྐྱེན་ཏེ། སྤྱི་ཁྱབ་ལས་ཁུངས་དང་། ས་མཚམས། སྒྲོམ་གཞི། དེ་བཞིན་གོ་གནས་གསར་བསྐྲུན་སོགས་ཀྱི་ཐོག་ལ་ཞིབ་འཇུག་གོ་བསྡུར་བརྒྱུད་ཟླ་བ་གསུམ་ནང་ཚུད་ལ་དེ་འབྲེལ་སྙན་ཐོ་འགོད་འབུལ་ཞུ་དགོས་ཤིང་། དེའི་རྗེས་སུ་ལ་དྭགས་གཞུང་གིས་སྙན་ཐོ་དེར་གཞི་བཅོལ་བའི་ཐོག་རྫོང་གསར་པ་གསར་འཛུགས་དང་འབྲེལ་བའི་མཐའ་མའི་དགོས་འདུན་དེ་ནང་སྲིད་ལས་ཁུངས་སུ་འབུལ་དགོས་པ་བཀོད་འདུག

རྩ་བའི་ལ་དྭགས་ནང་རྫོང་གསར་འཛུགས་དགོས་པའི་དགོས་འདུན་དེ་གསར་པ་ཞིག་མིན་པ་དང་། ད་རེས་རྒྱ་གར་དབུས་གཞུང་གིས་དེ་ལྟ་བུའི་ཐག་གཅོད་ལ་ཆབ་སྲིད་ཚོགས་པ་འདྲ་མིན་ནས་དྲི་བ་ཡོང་བཞིན་ཡོད་པའི་ཁྲོད། ཀོང་རེ་སི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Jairam Ramesh ལགས་ཀྱིས་གླེ་ཡི་འོས་འདེམས་བྱས་པའི་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་འདི་བཞིན་ཕྱི་ལོ་ ༡༩༩༥ ལོར་གསར་འཛུགས་དང་། ཀཱར་གིལ་གི་འོས་འདེམས་བྱས་པའི་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་འདི་ཕྱི་ལོ་ ༢༠༠༣ ལོར་གསར་འཛུགས་བྱས་ཡོད་པར་བརྟེན། ད་ཆ་གླེ་དང་ཀཱར་གིལ་ལས་འཕར་མ་རྫོང་གསར་པ་ལྔ་པོའི་ནང་འོས་འདེམས་བྱས་པའི་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཅིག་མཚུངས་སུ་ཡོང་གི་རེད་དམ་ཞེས་སོགས་ཀྱི་དྲི་བ་སྐུལ་ཡོད་རེད་འདུག

མ་ཟད་ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་ Leh Apex Body  དང་ Kargil Democratic Alliance ཆབ་སྲིད་ཚོགས་པ་གཉིས་ཀྱིས་ལ་དྭགས་ལ་མངའ་སྡེའི་གནས་བབ་དང་། ས་གནས་ཀྱི་མི་མང་ལ་ལས་ཀ་ཟུར་བཅད། གྲོས་ཚོགས་འོག་མའི་ནང་འཐུས་མི་གཉིས་དང་། གྲོས་ཚོགས་གོང་མའི་ནང་འཐུས་མི་གཅིག་གི་ས་མིག་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། རྩ་ཁྲིམས་དོན་ཚན་དྲུག་པའི་དགོངས་དོན་བཞིན་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་དང་ས་ཁྱོན་སྲུང་སྐྱོབ་སོགས་ཀྱི་ཐད་ངོ་རྒོལ་རིམ་པ་བྱུང་ཡོད་པ་རེད།

Leh Apex Body གི་ངོས་ནས་དགོས་འདུན་དེ་དག་གི་ཆེད་དུ་སླར་ཡང་ཕྱི་ཟླ་ ༩ ཚེས་ ༡ ནས་ཟླ་ ༡༠ ཚེས་ ༢ བར་གླེ་ནས་རྒྱ་གར་རྒྱལ་ས་དི་ལླི་བར་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་འདུག་པ་དང་འབྲེལ། ཚོགས་པ་དེའི་ཟུང་སྦྲེལ་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས། The Hindu གསར་ཤོག་ལ་འགྲེལ་བརྗོད་གནང་བའི་ནང་། དབུས་གཞུང་གིས་ལ་དྭངས་ནང་རྫོང་གསར་པ་གསར་འཛུགས་ཀྱི་ཐག་གཅོད་དེས་ང་ཚོའི་དགོས་འདུན་རྩ་ཁྲིམས་དོན་ཚན་དྲུག་པའི་གནས་བབ་ལ་འགྱུར་བ་གང་ཡང་ཐེབས་རྒྱུ་མིན་པ་དང་། ང་ཚོའི་འཐབ་རྩོད་དེ་མུ་མཐུད་བྱ་རྒྱུ་ཡིན་ཞིང་། གོམ་བགྲོད་དེ་བློས་བཏང་བྱ་རྒྱུ་མིན་པ་སོགས་བརྗོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ལ་དྭགས་ཀྱི་འཐུས་མི་ཟུར་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་དབུས་གཞུང་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ། མ་འོངས་པར་ལུང་ཁུག་དང་མཐའ་མཚམས་སོགས་མདོར་ན་རྫོང་དེ་དག་གི་ནང་དུ་གནས་སྡོད་བྱེད་མཁན་ཚོར་ཕན་ཐོགས་དང་ཡར་རྒྱས་འགྲོ་རྒྱུ་ཡིན་པར་བརྟེན་དེ་ནི་དགའ་འོས་པ་ཞིག་ཡིན་པ་སོགས་བརྗོད་འདུག

ལ་དྭགས་གནས་བཞུགས་ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་རང་ཉིད་ཀྱི་ X ཞེས་པའི་སྤྱི་ཚོགས་དྲ་ལམ་ཐོག རྒྱ་གར་དབུས་གཞུང་གིས་དེ་ལྟར་གནང་བ་དགའ་བསུ་དང་འབྲེལ། གལ་ཏེ་རྫོང་དེ་དག་གི་མི་མང་ནས་འོས་འདེམས་བྱས་པའི་སོ་སོའི་འགོ་ཁྲིད་བརྒྱུད་ཡར་རྒྱས་སོགས་ཀྱི་ལས་དོན་ཐག་གཅོད་བྱེད་པའི་དབང་ཚད་ཡོད་ན་དེ་ནི་རྩ་ཁྲིམས་དོན་ཚན་དྲུག་པའི་ནང་ཚན་ཞིག་ཡིན་པར་དགའ་འོས་པ་ཞིག་རེད་ཅེས་བརྗོད་འདུག་པ་དེ་ལྟར་ཡང་། གལ་དེ་དེ་ལྟར་མིན་ན་ཡར་རྒྱས་གཅིག་པུ་ནི་ལ་དྭགས་མི་མང་གི་མངོན་འདོད་མིན་པ་སོགས་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།