རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་སྲ་བརྟན་དང་སྲིད་དབང་ལ་ཉེན་ཁ། འགྲན་རྩོད་བྱེད་སྲིད་པའི་རྒྱ་ནག་གི་དམག་དཔོན་གཙོས་པའི་དཔོན་རིགས་ཆེ་འབྲིང་ཆུང་གསུམ་མང་དག་ལ་ལྐོག་ཟ་རུལ་སུངས་རྡུང་རྡེག་ཚ་ནན་གཏང་རྒྱུ་ཟེར་བའི་ལས་གཞིའི་འོག་ཞིབ་བཤེར་དང་། དམར་ཤོག་ཚོགས་པའི་ལས་གནས་ནས་ཕྱིར་འབུད་སོགས་བྱེད་བཞིན་པའི་ཁྲོད། དེ་རིང་སླར་ཡར་གནས་ཚུལ་ཞིག་ཐོན་པའི་ནང་། ད་ལྟའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ Sun Weidong སུན་ཝེ་ཏུང་དང་རྒྱལ་ཡོངས་མེ་འཁོར་ལྕགས་ལམ་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ An Lusheng ཨན་ལུའུ་ཧྲེང་གཉིས་ལས་གནས་ནས་ཕྱིར་འབུད་བཏང་ཡོད་འདུག

དེ་ཡང་དེ་རིང་ Xinhua ཤིན་ཧུའ་སོགས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔོན་རིགས་ཁ་ཤས་བསྐོ་བཞག་དང་གོ་གནས་ནས་ཕྱིར་འབུད་བཏང་བའི་གསལ་བསྒྲགས་བཏང་བའི་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་སུན་ཝེ་ཏུང་དང་རྒྱལ་ཡོངས་ལྕགས་ལམ་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཨན་ལུའུ་ཧྲེང་གཉིས་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་དང་། ཨན་ལུའུ་ཧྲེང་གི་ཚབ་ཏུ་ Zhao Wenfang ཞའོ་ཝེན་ཕེང་ཟེར་བ་རྒྱལ་ཡོངས་ལྕགས་ལམ་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པར་བསྐོ་བཞག་བྱས་ཡོད་པ་བཀོད་ཡོད་འདུག འོན་ཀྱང་དཔོན་རིགས་མཐོ་གྲས་དེ་གཉིས་ལས་གནས་ནས་ཕྱིར་འབུད་བཏང་བའི་རྒྱུ་མཚན་གང་ཡང་གསལ་བཤད་བྱེད་མི་འདུག
རྩ་བའི་དེ་རིང་ལས་གནས་ནས་ཕྱིར་འབུད་བཏང་བའི་གསལ་སྒྲགས་མ་བྱས་པའི་སྔོན་ཚུད་དུ། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༣ ཉིན་ Sun Weidong སུན་ཝེ་ཏུང་ཕྱི་སྲིད་བློན་ཆེན་གཞོན་པའི་གོ་གནས་ཐོག་ Brunei དང་ Malaysia གཉིས་ཀྱི་གཞུང་ཚབ་ལྷན་གཞུང་འབྲེལ་ཐུག་འཕྲད་བྱས་ཡོད་ཅིང་། ཉིན་གཉིས་སྔོན་ཚུད་པཱ་ཀི་སི་ཐན་གྱི་གཞུང་ཚབ་ལྷན་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཀྱི་གནད་དོན་ཐད་ཐུག་འཕྲད་བྱས་འདུག
ཕྱི་ལོ་ ༢༠༡༢ ལོར་སྲིད་འཛིན་ཞི་ཅིན་ཕིང་གིས་གཞུང་འཛིན་འགོ་འཛུགས་བྱས་མ་ཐག ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཅེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འགོ་ཚུགས་ཡོད་ཅིང་། རྒྱ་ནག་དབུས་ཞིབ་བཤེར་ལས་ཁུངས་ཀྱི་སྔ་ལོའི་ལས་བསྡོམས་སྙན་ཐོར་གཞིགས་ན། སྔ་ལོ་ཁོ་ནར་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་ས་ཡ་གཅིག་ཙམ་ལ་ཞིབ་བཤེར་བྱས་པ་དང་། མི་གྲངས་དགུ་འབུམ་གསུམ་ཁྲི་བརྒྱད་སྟོང་ཙམ་ལ་སྒྲིག་འགལ་ཉེས་ཆད་བཀལ་ཡོད། དེའི་ཁོངས་ཞིང་ཆེན་རིམ་པ་དང་བློན་ཆེན་རིམ་པའི་དཔོན་རིགས་ ༦༩ དང་། ལས་ཁུངས་རིམ་པའི་འགོ་ཁྲིད་ ༤༡༥༥ རྫོང་རིམ་པའི་འགོ་ཁྲིད་ ༣༥༠༠༠ གྲོང་ཁྱེར་རིམ་པའི་འགོ་ཁྲིད་ ༡༢༥༠༠༠ ཡོད་པ་རེད་འདུག




