རྒྱ་ནག་དམར་ཤོག་ཚོགས་པས་དུས་རབས་གསར་པའི་ནང་བོད་སྐྱོང་སྟངས་ཀྱི་སྲིད་བྱུས་དང་འབྲེལ་བའི་ཐབས་ལམ་དང་གྲུབ་འབྲས་སྐོར་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བྱས་འདུག་པ་དང་། དེའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལོ་རེའི་ཐོན་སྐྱེད་ཀྱི་ཡོང་འབབ་རྒྱ་སྒོར་ ཐེར་འབུམ་ ༢༡༣ ལྷག་ལ་སླེབས་ཡོད་པ་སོགས། སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་སྟེ་ཁུལ་དེར་སྔར་བྱུང་མྱོང་མེད་པའི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཕྱིན་ཡོད་སྐོར་བཤད་པར་མ་ཟད། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་སྐད་ཡིག་ཐོབ་ཐང་ཚད་ལྡན་ཡོད་ལུགས། ལྷག་པར་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་བདག་གཅེས་ཀྱི་ལམ་ལུགས་གོང་འཕེལ་དུ་འགྲོ་བཞིན་པ་སོགས་ཀྱི་འཁྱོག་བཤད་བྱས་འདུག

རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིར་འདོན་སྤེལ་བྱས་པའི་བོད་ཐོག་ཤོག་གྲངས་ ༣༢ ཅན་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེར་དབྱིན་སྐད་ཐོག་ཐ་སྙད་སྤྱོད་སྐབས་ཐེངས་དང་པོ་ Tibet ཞེས་པའི་ཚབ་ཏུ་ Xizang སྤྱོད་ཡོད་པ་དང་འབྲེལ། ཁུལ་དེའི་ནང་ད་ལྟའི་ཆར་ཆོས་ལུགས་དང་འབྲེལ་བའི་ས་ཚིགས་ཁག་ ༡༧༠༠ དང་། གྲྭ་བཙུན་ ༤༦༠༠༠ ཙམ་ཡོད་སྐོར་བཤད་པར་མ་ཟད། ཞོ་སྟོན་དང་ས་ཟླའི་དུས་སྟོན་གཙོས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་སྔར་སྲོལ་བཞིན་རང་དབང་ཐོག་གནང་གི་ཡོད་དང་། ལྷག་པར་དུ་རྒྱ་ནག་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་ངོས་ནས་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་གཉེར་དང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་འཁྱོག་བཤད་དང་སྦྲགས་ཏེ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མི་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་ཐོག་སློབ་གཉེར་གནང་རྒྱུའི་ཁོར་ཡུག་ཆ་ཚང་ལྡན་ཡོད་པའི་ཁར་རྒྱ་གཞུང་གིས་གཉེར་བའི་འཕྲོད་བསྟེན་སྨན་ཁང་དང་སྦྲག་ཁང། འགྲིམ་འགྲུལ། དཔལ་འབྱོར། དེ་བཞིན་ཚན་རིག་དང་འཕྲུལ་ལས་སྡེ་ཚན་སོགས་ཀྱི་ནང་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་སོགས་བཤད་ཡོད་པ་རེད།

གཞན་ཡང་རྒྱ་ནག་གི་ཐོག་མཐའ་བར་གསུམ་གྱི་གཞུང་རིམ་པའི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཐབས་ཀྱི་ལམ་སྲོལ་ལ་གུས་བརྩི་ཡོད་སྐོར་འཁྱོག་བཤད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་མཚན་སྨོས་ཏེ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཞུ་བར་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་གསེར་བུམ་དཀྲུགས་ཐབས་ཁོ་ནར་བརྟེན་དགོས་པར་མ་ཟད། ༸རྒྱལ་བ་དང་༸པཎ་ཆེན་རྣམ་གཉིས་ཀྱི་མཆོག་སྤྲུལ་དེའང་རྒྱལ་ནང་དུ་འཁྲུངས་པ་ཞིག་ལ་ངོས་འཛིན་ཞུ་དགོས་པ་སོགས་བཤད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཁ་བྲལ་རིང་ལུགས་པ་དང་༸རྒྱལ་བའི་སྐུ་འཁོར་ཡོངས་རྫོགས་ཀྱིས་བོད་ནང་གི་བརྟན་ལྷིང་དང་ཞི་བདེར་དོ་ཕོག་བཟོ་མཁན་གྱི་ཤོག་ཁག་ཆགས་ཡོད་སྟབས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་དེར་གདོང་ལེན་ནན་པོ་གནང་བཞིན་ཡོད་ཅེས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཁོ་ན་བྱས་འདུག

རླུང་འཕྲིན་ཁང་གིས་དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་ཤ་དཀར་པོ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་རྒྱབ་ཤ་དཀར་པོའི་ནང་དོན་གང་དང་གང་བཀོད་ཡོད་མེད་གཟིགས་རྒྱུ་མ་བྱུང་བ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་བོད་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་ག་ཚོད་འདོན་སྤེལ་བྱེདཀྱི་ཡོད་ཀྱང་། དོན་དམ་ལ་འཁྱོག་བཤད་དྲིལ་བསྒྲགས་བྱས་པ་འབའ་ཞིག་ཡིན་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་འཛིན་འོག་བོད་མི་རིགས་ལ་བསམ་ཤེས་ཐོག་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་ཡོང་བའི་རེ་བ་གནང་རྒྱུ་ཁག་པོ་ཆགས་ཡོད་ཅེས་གསུངས་སོང་།
བོད་མིའི་སྒྲིགས་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེ་ཆབ་སྲིད་ཀྱི་དྲིལ་བསྒྲགས་འབའ་ཞིག་ཡིན་པར་སྐྱོན་བརྗོད་དང་འབྲེལ། བོད་མི་རིགས་ཀྱི་མངོན་འདོད་ནི་བོད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་ཆགས་ཡོད་ཀྱང་། ཞི་ཅིན་ཕིང་གི་དུས་ཡུན་རིང་ལ་བོད་ནང་ལ་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་སྐོར་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་ཙམ་ལས་བོད་ཀྱི་གནད་དོན་ངོ་མ་འཁོད་པའི་དོན་ཚན་གཅིག་ཀྱང་གསལ་མི་འདུག་ཅེས་གསུངས་སོང་། ལྷག་དོན་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་བཀོད་པ་དེ་ནི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་ཡིན་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་ལ་༸སྐུའི་ཡང་སྲིད་ཀྱི་བདག་དབང་རྩ་བ་ནས་མེད་པའི་ལན་འདེབས་གནང་ཡོད།

དེ་བཞིན་ཁོང་གིས་རྒྱ་གཞུང་གིས་རྒྱ་ནག་གཅིག་གི་འདུ་ཤེས་འཛིན་དགོས་གལ་བཤད་འདུག་པ་དེ་ལྟར་ནའང་། བོད་དང་རྒྱ་ནག་གཉིས་ཆོས་རིག་དང་སྐད་ཡིག ཡུལ་གོམས་གཤིས་ལུགས་དང་བཅས་པ་ཐམས་ཅད་ཐ་དད་ཡིན་པར་བསྐྱར་ནན་དང་འབྲེལ། ཐེངས་འདིའི་ཡིག་ཆ་དེ་བཞིན་སྔར་བཞིན་དྲང་བདེན་དང་དངོས་གནས་སྟངས་ལས་ཡོངས་སུ་འགལ་བ་ཞིག་ཡིན་པར་སྐྱོན་བརྗོད་ནན་པོ་གནང་སོང་།
གཞི་རྩའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་ད་བར་བོད་སྐོར་གསལ་བའི་རྒྱབ་ཤ་དཀར་པོ་ཐེངས་མང་འདོན་སྤེལ་བརྒྱུད། བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པ་མུན་ནག་དང་རྗེས་ལུས། དེ་བཞིན་རྒྱ་ནག་གུང་ཁྲན་ཏང་གི་ཡར་ཐོན་ཅན་གྱི་སྤྲོ་སྣང་ལྡན་པའི་བོད་ལྗོངས་གསར་པ་ཞིག་ཏུ་སྐྲུན་བཞིན་པའི་གནས་ཚུལ་བརྒྱུད་བསྒྲགས་དང། ལྷག་པར་དུ་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དུ་ངོས་འཛིན་གྱིས་མཚན་དམད་ཞུ་ས་དང་མགོན་པོ་༸གང་ཉིད་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་ལམ་ལ་སྔ་རྗེས་སུ་སྐྱོན་བརྗོད་བྱ་ཡུལ་ཞིག་ཡིན་པ་རེད།




