རྒྱ་ནག་གི་བདམ་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཟླ་བ་དྲུག་ཙམ་གྱི་སྐོར་སྐྱོད་མཇུག་སྒྲིལ་བྱས་འདུག

དེ་ཡང་དེ་རིང་ཕྱི་ཚེས་ ༢༥ ཉིན་ Xinhua རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་མིའི་པཎ་ཆེན་གྱིས་འདི་ལོའི་ཕྱི་ཟླ་ ༦ པ་ནས་འགོ་བཙུགས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཟླ་བ་དྲུག་རིང་སྐོར་སྐྱོད་བྱས་རྗེས་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་སྐོར་སྐྱོད་ཡོངས་སུ་མཇུག་སྒྲིལ་གྱིས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཕྱིར་ལོག་བྱས་ཡོད་འདུག
སྤྱིར་རྒྱལ་མཚན་ནོར་བུ་ཡིས་འདི་ལོའི་ཕྱི་ཟླ་ ༦ པ་ནས་འགོ་བཙུགས་ཏེ། ལྷ་ས་དང་ཆབ་མདོ། ནག་ཆུ། གཞི་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་དགོན་པ་བཅས་སུ་བསྐྱོད་དེ། དུས་འཁོར་དབང་ཆེན་གཙོ་བོར་འགྱུར་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། སྤྱི་ཚོགས་ཞིབ་འཇུག དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཚོགས་འདུ་ཁག་གཅིག་གི་ཐོག་ལ་མཉམ་ཞུགས་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་དང་པོའི་ནང་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དུ་བསྐྱོད་ཡོད་པ་རེད་འདུག
ལྷག་པར་དུ་ཟླ་བ་འདིའི་ཕྱི་ཚེས་ ༩ ་ཉིན་བཀྲ་ཤིས་ལྷུན་པོ་དགོན་དུ་ཁོང་པཎ་ཆེན་རིན་པོ་ཆེར་ཁྲི་འདོན་བྱས་ཏེ་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་སྲུང་བརྩིའི་མཛད་སྒོ་ཞིག་གི་ཐོག པཎ་ཆེན་རྒྱལ་མཚན་ནོར་བུ་ཡིས་ཕྱི་ལོ་ ༡༩༩༥ ལོར་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཚུལ་མཐུན་གྱི་འོག་ནས་ཁོང་ངོས་འཛིན་དང་ཁྲི་འདོན་བྱས་ཡོད་སྐོར་དང་འབྲེལ་ནས་རྒྱ་ནག་གཞུང་གི་ངོས་ནས་ཆོས་དད་རང་དབང་གི་སྲིད་བྱུས་རྣམས་ལག་བསྟར་བྱ་རྒྱུའི་བློ་དང་འདུན་པ་ཡོད་པ་དང་། བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་ལ་བདག་དབང་ཆ་ཚང་ཡོད་ལུགས་སོགས་བརྗོད་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། རྒྱ་མིའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡི་རྒྱ་ནག་གཞུང་གིས་སྲིད་བྱུས་ལངས་ཕྱོགས་གོང་འཕེལ་རང་གི་ཐོག་ལ་ལས་དོན་སྤེལ་གྱི་ཡོད་པ་དང་རྒྱ་ནག་གཞུང་གི་ངོས་ནས་ཁོང་བོད་མིའི་བློ་འགུག་ཐབས་ཐོག་ཆབ་སྲིད་ཀྱི་ལག་ཆ་གཅིག་ལ་བེད་སྤྱོད་གཏོང་གི་ཡོད་པ་གསལ་པོ་ཡིན་པ་གསུངས་སོང་།



