Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་བསྐྱར་ཞིབ་ཚོགས་འདུ་ཐོག་རྒྱ་གཞུང་གི་སྐུ་ཚབ་ནས་འདྲི་རྩད་ཁག་ལ་ལན་འདེབས་ཁ་གསལ་ཕུལ་ཐུབ་མེད་པ་རེད།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆུང་གིས་བསྐོང་ཚོགས་བྱས་པའི་རྒྱ་ནག་སྤྱི་དང་མངའ་འོག་ས་ཁུལ་ཁག་གི་བེུད་ཐོབ་ཐང་དང་རང་དབང་གནས་བབ་ཐོག་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་སྐབས་རྒྱ་ནག་སྤྱི་དང་བོད་གཙོ་བོར་གྱུར་པའི་མངའ་འོག་ས་ཁུལ་ཁག་གི་བེུད་གནས་སྟངས་སྐོར་གྱི་དྲི་བ་དུ་མ་དང་འབྲེལ་བའི་རྒྱ་གཞུང་ནས་རྒྱལ་ཚོགས་ལ་ལན་འདེབས་ཁ་གསལ་ཞུ་ཐུབ་མེད་པའི་གནས་སྟངས་བྱུང་སོང་།

ཕྱི་ཟླ་ ༤ ཚེས་ ༨ ནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེད་ལས་མི་སྣ་ ༢༣ ལས་གྲུབ་པའི་རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་ཐེངས་ ༨༥ འཚོགས་བཞིན་ཡོད་པ་དང། ཕྱི་ཚེས་ ༡༢ ཉིན་རྒྱལ་ཚོགས་ཀྱི་མཁས་ལས་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པའི་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་དབྱེ་འབྱེད་འགོག་ཐབས་ཁྲིམས་སྒྲིག་ཁག་ལ་དོན་འཁྱོལ་ལག་བསྟར་བྱེད་བཞིན་ཡོད་མེད་ཐད་ལ་བསྐྱར་ཞིབ་ཀྱི་ཚོགས་འདུ་ཚོགས་ཡོད་པ་རེད།

སྐབས་དེར་རྒྱལ་ཚོགས་ཀྱི་མཁས་ལས་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་ལས་ཀའི་གོ་སྐབས་བསྐྲུན་རྒྱུའི་མིང་བྱང་འོག་བོད་ནང་བུད་མེད་ཚུད་པའི་བོད་མི་ཞིང་འབྲོག་མང་ཚོགས་རྣམས་བཙན་དབང་གིས་ཕ་མེས་ཞིང་འབྲོག་ས་ཁུལ་ནས་གྲོང་ཁྱེར་ཁག་ཏུ་གནས་སྤོས་བྱས་བཅུག་པར་མ་ཟད་དམག་སྦྱོང་རང་བཞིན་གྱི་ལག་ཤེས་སྦྱོང་བརྡར་སྤྲད་པ་དང་དེ་དག་ལ་ངལ་རྩོལ་ལས་རིགས་བཀོལ་སྤྱོད་བྱེད་བཞིན་པའི་གནས་སྟངས་མངོན་གསལ་དང་འབྲེལ། རྒྱ་གཞུང་ནས་གྲོང་གསེབ་ཁུལ་གྱི་བོད་པའི་བུད་མེད་ཚོར་གླ་ཕོགས་དམའ་བའི་ངལ་རྩོལ་ལས་རིགས་ནང་བཙན་དབང་གིས་གནས་སྤོས་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་དང། ལས་འཆར་དེའི་འོག་ད་བར་བོད་པའི་ཞིང་འབྲོག་མང་ཚོགས་ག་ཚོད་གནས་སྤོས་བྱས་ཡོད་པའི་གྲངས་ཐོ་ཁ་གསལ་དགོས་པ་དང་། བུད་མེད་དེ་དག་ལ་ཐོབ་ཐང་ཆ་སྙོམས་སྐྲུན་གྱི་ཡོད་མེད་བཅས་གནད་དོན་ཁ་གསལ་ལན་འདེབས་དགོས་པའི་འདྲི་རྩད་ནན་པོ་གནང་ཡོད། སྤྱིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་དབྱེ་འབྱེད་འགོག་ཐབས་ཀྱི་ཁྲིམས་སྒྲིག་གྲོས་མཐུན་ཐོག་ཕྱི་ལོ་ ༡༩༨༠ ཕྱི་ཟླ་ ༧ ནང་མིང་རྟགས་བཀོད་པར་མ་ཟད། ལོ་དེའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གཞུང་ནས་མིང་རྟགས་འཁོད་པའི་གྲོས་མཐུན་ཁག་ལ་ལག་བསྟར་ཞུ་རྒྱུའི་ཁས་ལེན་ཞུས་ཡོད་ཅིང་།  རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་ནག་སྤྱི་དང་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་བུད་མེད་གནས་སྟངས་ཐོག་བསྐྱར་ཞིབ་མཐའ་མ་དེ་ཕྱི་ལོ་ ༢༠༡༤ ལོར་གནང་འདུག་པ་དང་། ད་ལན་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་དབྱེ་བྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་ནག་ཐོག་གི་བསྐྱར་ཞིབ་ཐེངས་དགུ་པ་དེ་གནང་བ་ཞིག་ཡོད་པ་རེད།

རྒྱལ་ཚོགས་ཀྱི་མཁས་ལས་མི་སྣ་ ༢༣ ལས་གྲུབ་པའི་བེུད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་ནག་སྤྱི་དང་སྒོས་མངའ་འོག་ས་ཁུལ་བོད་ཚུད་པའི་ཧོང་ཀོང་དང་མེཀའོ་སོགས་ཀྱི་བུད་མེད་གནས་བབ་ཐོག་རྒྱ་ནག་གི་ངོས་ནས་ཚོགས་ཆུང་ལ་ཕུལ་བའི་སྙན་ཐོ་དང་རྒྱ་ནག་ཐོག་གི་མཁས་ལས་རྟོག་ཞིབ་མི་སྣ་དང་དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྙན་ཐོ་དང་བསམ་འཆར་ལ་ཞིབ་བསྡུར་གྱིས་རྒྱ་ནག་ཐོག་བསྐོང་ཚོགས་བྱས་པའི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་ཐེངས་དགུ་པའི་ཐོག་རྒྱ་གཞུང་ནས་ལན་འདེབས་བྱེད་མཁན་ཐབས་ཕྱོགས་གཅིག་གྱུར་ལས་ཁང་མཚོན་པའི་གཞུང་འབྲེལ་སྐུ་ཚབ་མི་སྣ་ ༤༠ ནས་མཉམ་ཞུགས་བྱས་ཡོད་པ་དེ་ལྟར་ཡང་། རྒྱལ་ཚོགས་ཀྱི་མཁས་ལས་རྟོག་ཞིབ་མི་སྣ་ཁག་གི་དྲི་བ་མང་པོ་ཞིག་ལ་ལན་འདེབས་ཕུལ་མི་ཐུབ་པའི་གནས་སྟངས་བྱུང་སྟབས་མཁས་ལས་ཚོགས་ཆུང་གི་ཚོགས་གཙོ་དང་མཁས་ལས་མི་སྣ་ཁག་ནས་རྒྱ་གཞུང་གི་སྐུ་ཚབ་ཚོར་འདྲི་རྩད་བསྐྱར་ནན་བྱེད་དགོས་པ་བྱུང་བ་མ་ཚད་པར་ལན་འདེབས་ཁ་གསལ་མ་བྱུང་བ་རྣམས་ཕྱིས་སུ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ལ་ཡིག་ཐོག་ནས་འབུལ་ལམ་ཞུ་དགོས་པའི་གནས་སྟངས་ཀྱང་བྱུང་ཡོད། དེ་བཞིན་རྒྱ་ནག་ཐོག་བསྐོང་ཚོགས་བྱས་པའི་བསྐྱར་ཞིབ་ཀྱིནཚོགས་འདུ་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲུལ་བཞུད་བཀག་འགོག་དང་འབྲེལ་མཐོང་མཆན་དང་ངོ་སྤྲོད་ལག་འཁྱེར་བཙན་འཕྲོག་བྱས་པའི་གནད་དོན་གླེང་སློང་གིས་འདྲི་རྩད་གནང་ཡོད་པ་རེད།

ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་སྲིད་བྱུས་དང་འབྲེལ་བའི་གཏན་འཇགས་སློབ་གྲྭ་རྒྱ་བསྐྱེད་ཀྱི་གནད་དོན་སྐོར་ཡིན་ཞིང་། རྒྱལ་ཚོགས་ཀྱི་མཁས་ལས་མི་སྣས་གཏན་འཇགས་སློབ་གྲྭ་ནང་རྒྱ་གཞུང་ནས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་ས་མེད་པ་དང་སློབ་མའི་སེམས་ཁམས་འཕྲོད་བསྟེན། དེ་བཞིན་བུད་མེད་སློབ་ཕྲུག་ཚོའི་བདེ་འཇགས་སྐོར་གླེང་སློང་དང་འདྲི་རྩད་ཀྱང་གནང་ཡོད་པ་རེད། རྩ་བའི་ཐེངས་འདིའི་རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་དང་འབྲེལ་བའི་རྒྱ་ནག་གི་བསྐྱར་ཞིབ་ཚོགས་འདུ་ཐོག་སུད་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་དབུས་བོད་ཀྱི་བེུད་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ཞུ་གཏུག་ལས་ཁང་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་བེུད་ཚོའི་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་ལས་ཀའི་ཐོག་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད། ཆོས་དད་རང་དབང་གི་ཐོབ་ཐང་བརྩི་མེད་རྡོག་རོལ། བོད་ནང་བུད་མེད་འགྲོ་བའི་ཐོབ་ཐང་རྩོད་ལེན་པ་དང་རྩོམ་པ་པོ། དེ་བཞིན་སྒྱུ་རྩལ་བ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་སོགས་བོད་ནང་གི་བེུད་ཚོའི་དངོས་ཡོད་གནས་སྟངས་གསལ་བའི་སྙན་ཐོ་མི་འདྲ་བ་ཁག་གསུམ་རྒྱལ་ཚོགས་ལ་ཕུལ་ཡོད་པ་མ་ཚད་པར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་སུད་སི་དོན་ཁང་གཉིས་ཀྱིས་ཚོགས་འདུ་ཐོག་ངག་ཐོག་ནས་ཀྱང་བོད་ནང་གི་བུད་མེད་ཀྱི་གནས་སྟངས་སྐོར་སྙན་སེང་བཅས་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།