Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་དང་ལྷན་བྱམས་བརྩེའི་སྤྱོད་པ་ལ་འཇུག་པའི་སྐོར་བགྲོ་གླེང་མཛད་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་ Dalai Lama Fellows ཞེས་པའི་ལས་གཞིའི་ཁོངས་ཀྱི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་དང་ལྷན་བྱམས་སྙིང་རྗེའི་སྤྱོད་པ་ལ་འཇུག་པ་དང་། སྤྱི་ཚོགས་ཀྱི་སྣེ་ཁྲིད་འགན་ཁུར་ལེན་མཁན་ལ་བྱམས་བརྩེས་ཕན་ནུས་གང་ཡོད་ཅེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་མཛད་འདུག

Dalai Lama Fellow Conference

Dalai Lama Fellows ཞེས་པའི་ལས་གཞི་དེ་ནི་ཕྱི་ལོ་ ༢༠༡༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱབ་སྐྱོར་མཛད་ནས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། ལས་གཞི་འདིར་རྒྱལ་ཁབ་ ༥༦ ནས་སློབ་ཕྲུག་ ༢༣༠ ཙམ་གྱིས་མཉམ་ཞུགས་གནང་སྟེ། རྒྱལ་སྤྱིའི་སྟེང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་མི་སྣ་བསྡུ་རུབ་དང་། འབྲེལ་བ་དམ་ཟབ་དང་སྤྱོད་བཟང་གོང་སྤེལ་གྱི་ཐད་འབད་བརྩོན་ཞུ་བཞིན་པ་ཞིག་ཡིན་པ་རེད།

Dalai Lama Fellow Conference

ཉིན་གཉིས་ཀྱི་བགྲོ་གླེང་དེའི་ཐོག་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོ་འཛམ་གླིང་འདིའི་ཐོག་ཡོད་པའི་སྐྱེ་འགྲོ་ཐམས་ཅད་མི་རིགས་དང་རྒྱབ་ལྗོངས་ཆ་ནས་མི་འདྲ་བ་ཡོད་ཀྱང་། ཚང་མའི་གཞི་རྩའི་དགོས་མཁོ་དེ་ནི་བྱམས་སྙིང་རྗེ་དང་བདེ་སྐྱིད་གཅིག་མཚུངས་ཡིན་སྟབས། ཕན་ཚུན་དབར་འཆམ་མཐུན་གྱིས་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་བསྐྲུན་ཐབས་ཀྱི་འབད་བརྩོན་གནང་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་འདུག་ལ། དེང་སྐབས་འཛམ་གླིང་འདིའི་ཐོག་འགྲོ་བ་མི་རྣམས་ངའི་ཆོས་དང་ངའི་རྒྱལ་ཁབ། དེ་བཞིན་ང་དང་ཁོ་བཅས་ཀྱི་བསམ་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དཀའ་རྙོག་མང་དག་ཅིག་འཕྲད་བཞིན་པ་བཀའ་འགྲེལ་དང་སྦྲགས། འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་དེ་ཉིད་གོང་འཕེལ་བཏང་ཐུབ་ཚེ། གོ་ལའི་དཀའ་རྙོག་མང་པོ་ཞིག་རང་བཞིན་གྱི་སེལ་ཐུབ་ངེས་ཡིན་སྐོར་བཀའ་བསྩལ་འདུག

Dalai Lama Fellow Conference

དེ་བཞིན་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་སྐུ་ན་ཕྲ་མོའི་སྐབས་བོད་ལ་དཀའ་ངལ་ཤུགས་ཆེ་འཕྲད་སྐབས་བྱམས་བརྩེའི་ཉམས་ལེན་བརྒྱུད་སྐུ་ངལ་ཁག་ལ་རྒྱུན་སྐྱོང་ཇི་ལྟར་མཛད་པའི་སྐོར་ལའང་བཀའ་སློབ་བསྩལ་ཡོད་འདུག

དེའང་དེ་རིང་དང་ཁ་སང་བཅས་ཉིན་གྲངས་གཉིས་རིང་གི་མཇལ་མོལ་སྤྱི་ཡོངས་དང་འབྲེལ་འདི་ག་གསར་འགོད་པས་༸སྐུའི་དབྱིན་སྐད་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་བགྲོ་གླེང་ཁྲོད་གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་སྟེ་རྒྱལ་སྤྱིའི་སྟེང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་མི་སྣ་ཁག་མཇལ་འཕྲད་ཀྱིས་མ་འོངས་པའི་མི་རབས་གསར་པའི་འགོ་ཁྲིད་དེ་བཞིན་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡོང་རྒྱུ་དང་། ཁོང་རྣམ་པའི་རྒྱུད་ལ་བྱམས་སྙིང་རྗེ་དང་། གཞན་ཕན་གྱི་བསམ་བློ། དེ་བཞིན་བྱ་བ་བཟང་ངན་གང་ཡིན་སོགས་ལ་ངེས་པ་རྙེད་ཐུབ་པ་སོགས་ཀྱི་ལམ་སྟོན་བརྒྱུད་འགྲོ་བ་མིའི་བདེ་ཐབས་སླད་ཞབས་འདེགས་སྒྲུབ་ཆེད་ཡིན་སྐོར་ངོ་སྤྲོད་དང་འབྲེལ། ༸གོང་ས་མཆོག་གི་མཚན་གནས་ལྡན་པའི་སློབ་ཡོན་གྱི་ལས་གཞི་དེའི་ནང་ད་ཆ་ཨ་རིའི་ Virginia དང་། Stanford དེ་བཞིན་ Colorado བཅས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་ཚན་པ་ཁག་ནས་མཉམ་ཞུགས་གནང་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་མ་འོངས་ལས་གཞི་འདི་འཛམ་གླིང་ནང་གི་གཙུག་ལག་སློབ་གཉེར་ཁང་གཞན་རྣམས་ནས་ཀྱང་ལག་བསྟར་ཡོང་ཐབས་ཐད་བགྲོ་གླེང་གནང་ཡོད་པ་གསུངས་སོང་།

Dalai Lama Fellow Conference

མགོན་པོ་༸གང་ཉིད་མཆོག་གིས་གཞོན་སྐྱེས་འགོ་ཁྲིད་དེ་དག་གི་ད་བར་གྱི་ལས་བསྡོམས་སྙིང་བསྡུས་ལ་ཐུགས་དགྱེས་ཚོར་ཆེན་པོས་གསན་གཟིགས་མཛད་སོང་ཞེས་ངོ་སྤྲོད་གནང་བ་དང་ཆབས་ཅིག  ཆོས་ལུགས་དང་རིགས་རྒྱུད་མི་གཅིག་པའི་འགོ་ཁྲིད་དེ་དག་དང་ལྷན་ཧ་ཅང་གི་ལྷད་མེད་དང་བྱམས་བརྩེ་ལྡན་པའི་བགྲོ་གླེང་གནང་ཡོད་པ་སོགས་གསུངས་སོང་།

དེ་བཞིན་གསར་འགོད་པས་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་ལ་རང་ཉིད་ཀྱི་ཐུགས་ཚོར་དང་འབྲེལ་ནས་བཅར་འདྲི་ཞུས་པ་བཞིན་ལས་གཞི་དེའི་ཁོངས་སུ་ཡོད་པ་རྒྱ་གར་ནས་ཡིན་པའི་ Shaman Gupta ལགས་ཀྱིས་༸གོང་ས་མཆོག་དང་དངོས་སུ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་པར་མཇལ་ཁའི་སྐབས་༸གོང་ས་མཆོག་གིས་ང་དང་ཁོ། ངའི་རྒྱལ་ཁབ། ངའི་ཆོས་ལུགས། ངའི་སྤྱི་ཚོགས་ཞེས་རིམ་པ་གཉིས་པའི་ཐོག་ནས་དགོངས་པ་བཞེས་རྒྱུ་མེད་པའི་ལམ་སྟོན་མཛད་ཡོད་པ་ལུང་འདྲེན་དང་འབྲེལ་ནས་དེས་ཁོང་ལྟ་བུ་རྒྱ་གར་ནང་ Transgender ཞེས་མཚན་གཉིས་མ་ནིང་བའི་སྤྱི་ཚོགས་ཀྱི་ནུས་སྟོབས་གོང་སྤེལ་དང་རང་ཁ་རང་གསོའི་བསམ་བློ་གོང་མཐོར་ཐད་ཕྱག་ལས་གནང་མཁན་ཞིག་ལ་སེམས་འགུལ་ཤུགས་ཆེ་ཐེབས་ཡོད་པ་དང་། ཁོང་དང་ཁོང་འདྲ་བའི་ Trans རྣམས་ལ་སེམས་ཐག་ཉེ་པོ་ཡོད་པའི་ཚོར་བ་ཤུགས་ཆེ་སྦྱིན་ཡོད་པ་ངོ་སྤྲོད་གནང་སོང་།

Dalai Lama Fellow Conference

དེ་བཞིན་འབྲུག་ནས་ཡིན་པའི་ Tim Huang ལགས་ནི་ཡུལ་དེའི་ནང་ཉེས་སྤྱོད་དང་བཟི་སྨན་ལོངས་སུ་སྤྱོད་མཁན་གྱི་གཞོན་སྐྱེས་དང་། ལས་མེད་ཚོར་ལག་ཤེས་སྦྱོང་བརྡར་བརྒྱུད་ཁོང་རྣམས་ལ་འཚོ་གནས་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་རྒྱུར་ཕྱག་ལས་གནང་གི་ཡོད་པ་རེད་འདུག

ཁོང་གིས་རང་ཉིད་ཕྱི་ལོ་ ༢༠༡༣ ལོར་ཏཱ་ལའི་བླ་མའི་ལས་གཞིའི་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། ཁོང་གིས་དུས་དེ་ནས་བཟུང་ལས་གཞི་དེས་ཁོང་གི་ཉིན་རེའི་བསམ་བློ་གཏོང་ཕྱོགས་ཙམ་མ་ཚད་པར་གཞོན་སྐྱེས་དང་སློབ་ཕྲུག་ཚོར་ལྟ་སྐྱོང་གནང་ཕྱོགས་ཐད་ཕན་ནུས་རླབས་ཆེན་བསྐྲུན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་ཡོད་པའི་སྐྱེ་འགྲོ་ཐམས་ཅད་མི་རིགས་དང་རྒྱབ་ལྗོངས་ཆ་ནས་མི་འདྲ་བ་ཡོད་ཀྱང་ཚང་མའི་གཞི་རྩའི་དགོས་མཁོ་དེ་ནི་བྱམས་བརྩེ་དང་བདེ་སྐྱིད་གཅིག་མཚུངས་ཡིན་པ་སོགས་ཀྱི་ལམ་སྟོན་ཁག་ལ་ཤར་བསྐྱོད་གནང་རྒྱུའི་ཐད་འབད་བརྩོན་ཇི་ཡོད་གནང་གི་ཡོད་པ་གསུངས་སོང་།

Dalai Lama Fellow Conference

གཞི་རྩའི་ཉིན་གཉིས་ཀྱི་བགྲོ་གླེང་དེའི་ནང་  Colorado གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་སྐུ་ཞབས་ Philip P.Distefano ལགས་དང་སློབ་གཉེར་ཁང་དེའི་ Renée Crown Wellness Institute གྱི་འགན་འཛིན་ལྕམ་ Sona Dimidjian ལགས། ཉམས་ཞིབ་པ་ Shubham Sapkota ལགས། དེ་བཞིན་ Virginia གཙུག་ལག་སློབ་གཉེར་ཁང་གི་ཏཱ་ལའི་བླ་མའི་སློབ་ཡོན་ཕྱག་སྦྲེལ་འགན་འཛིན་ Anthony DeMauro ལགས་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།