Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་གྲོང་སྡེ་ཆེ་ཁག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཁ་སང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ཁུལ་གྱི་ Royal Borough of Greenwich གྲོང་སྡེ་ལྷན་ཁང་དང་ཨ་རིའི་ཁེལ་ཕོ་ནི་ཡ་ཁུལ་གྱི་ El Cerrito དེ་བཞིན་ Santa Barbara གྲོང་ཁྱེར་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པར་མ་ཟད། རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་ཞི་བའི་སྒེར་ལངས་ཉིན་མོར་ཡུ་རོབ་རྒྱལ་ཁབ་འཇར་མ་ནི་ནང་གི་གྲོང་ཁྱེར་དང་རྫོང་། གྲོང་སྡེ་བཅས་ ༤༥༠ ནང་དུའང་དེ་མཚུངས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུའི་ཁས་ལེན་གནང་འདུག

འཇར་མ་ནི་ནང་རྟེན་གཞི་བྱས་པའི་ Tibet Initiative Deutschland ཞེས་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསལ་བསྒྲགས་སྤེལ་བར་གཞིགས་ན། འདི་ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུའི་དུས་དྲན་ཉིན་འཇར་མ་ནི་ནང་གི་གྲོང་ཁྱེར་དང་རྫོང་། དེ་བཞིན་གྲོང་སྡེ་ཆེ་གྲས་ ༤༥༠ ནང་དུ་འཇིགས་སྣང་ལས་གྲོལ་བའི་རང་དབང་ཞེས་པའི་འབོད་ཚིག་འོག་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་འཇར་མ་ནི་ནང་རྒྱ་ནག་གི་ཤུགས་རྐྱེན་ལ་ངོ་རྒོལ་དང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བའི་བརྒྱུད་འཇར་མ་ནི་ནང་དུའང་རྒྱ་ནག་གི་དབང་འཛིན་པས་འཇིགས་སྐུལ་བྱེད་བཞིན་པའི་འོག་ཏུ་མི་ཚུད་པར་ཡིད་གཟབ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད་འདུག

ཕྱོངས་མཚུངས་ཨ་རིའི་ཁེལ་ཕོ་ནི་ཡ་ཁུལ་གྱི་ El Cerrito གྲོང་ཁྱེར་ནང་མཚོན་ན། ཁ་སང་བྱང་ཀེལ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ གྲོང་ཁྱེར་དེའི་ཚོགས་ཁང་མདུན་ངོས་སུ་ El Cerrito གྲོང་སྡེ་སྤྱི་ཁྱབ་ལྕམ་སྐུ་ Tessa Rudnik ལགས་དང་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཆེད་ཕེབས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུས་པ་དང་ཆབས་ཅིག་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་སྤེལ་བ་མ་ཟད། ཁ་སང་ཨ་རིའི་ Santa Barbara གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྫོང་ལས་ཁུངས་མདུན་དུ་རྫོང་དཔོན་ Das Williams ལགས་གཙོ་བཞུགས་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལྷན་འཛོམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག

སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་ Tessa Rudnik ལགས་ཀྱིས་ཁོང་གི་པཱ་ལགས་དེ་སྔ་ལོ་བཅུའི་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་མྱོང་ཡོད་པ་དང་དེ་བཞིན་ཁོང་ཡང་ལོ་ཉི་ཤུའི་གོང་མགོན་པོ་༸གང་ཉིད་མཆོག་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གོ་སྐབས་བྱུང་བ་དེས་སོ་སོའི་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་པས་མ་ཚད་བོད་མིའི་རྩ་དོན་དེ་ཁོང་རང་ཉིད་ལ་རང་བཞིན་གྱིས་སེམས་ཐག་ཉེ་བོར་ཆགས་ཡོད་པ་གསུངས་ཏེ་བོད་མི་ཚོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཉིས་རྒྱུན་འཛིན་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་གཞེན་སྐུལ་གནང་འདུག སྒྲ།།།

མ་ཟད་བྱང་ཀེལ་བོད་རིགས་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་པ། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གྲོགས་པོ་ Bay Area Friends of Tibet བཅས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་བཞིས་གོ་སྒྲིག་འོག་གནངས་ཕྱི་ཚེས་ ༩ ཉིན་བྱང་ཨ་རིའི་ California མངའ་སྡེའི་ Richmond གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུའང་གྲོང་སྡེ་སྤྱི་ཁྱབ་པ་དང་ལྷན་ཚོགས་ཀྱི་ཚོགས་མི་ཆེད་ཕེབས་ཐོག་དེ་སྔའི་སྲོལ་རྒྱུན་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུ་རྒྱུ་མ་ཟད། མངའ་སྡེ་དེའི་ Berkeley གྲོང་སྡེ་ལྷན་ཚོགས་ཀྱིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་ཕྱི་ཟླ་ ༣ ཚེས་ ༡༠ གསུམ་བཅུའི་དུས་དྲན་ཉིན་མོར་ས་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་དེ་རྗེས་ཉིན་འཁྱོངས་རིང་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་དང་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་ངོ་རྒོལ་རྔམ་སྟོན། དེ་བཞིན་ཕྱི་དྲོ་ Union  Square ས་ཚིགས་སུ་མར་མེའི་ཁྲོམ་སྐོར་བཅས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་གཏན་ཁེལ་འདུག

གཞན་ཡང་ཨ་རིའི་མངའ་སྡེ་ནིའུ་ཇར་སིའི་གྲོང་ཁྱེར་ East Rutherford ས་གནས་སུའང་གསུམ་བཅུའི་དུས་དྲན་གྱི་དུས་ཚིགས་དང་བསྟུན། ས་གནས་དེའི་གྲོང་སྡེ་ལས་ཁུངས་ཀྱི་མདུན་ངོས་སུ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཆེས་ཐོག་མ་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།