Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ནས་ལོ་ངོ་༡༥འཁོར་བའི་དུས་སྟོན་དང་བསྟུན་དེ་རིང་ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀྲིན་ཆེ་བ་སྩལ་འདུག

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གི་ངོས་ནས་ཐད་ཀར་དགག་པ་རྒྱག་མི་ཐུབ་པའི་སྲིད་བྱུས་ཤིག་དང་། ལྷག་པར་དེང་གི་དུས་སུ་རྒྱ་ནག་རྒྱལ་ནང་དང་རྒྱལ་སྤྱིའི་ནང་བོད་ཀྱི་ནང་ཆོས་ལ་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་བོད་མི་ཚོས་བོད་ཀྱི་ཐུན་མིན་གྱི་ཆོས་རིག་དང་ལེགས་བྱང་སོགས་ལ་ཐུགས་སྣང་སྔར་ལྷག་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག

རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་རིང་དྷ་ས་མེག་གྷན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ནས་ལོ་ངོ་ ༡༥ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ལས་ཟུར་ཁག་ཅིག་དབུས་བཞུགས་སྒར་ཁུལ་གྱི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་མི་དང་ས་གནས་མི་མང་བཅས་ནས་མཉམ་ཞུགས་གནང་ཡོད། 

སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་གིས་རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀར་འགྱུར་ལྡོག་ཆེན་པོ་ཞིག་མ་སོང་བར་དུ་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་གཉིས་པ་ཞིག་མེད་སྟབས། ཆབ་སྲིད་ཀྱི་དགོས་མཁོ་དང་འཚམ་པའི་དབུ་མའི་ལམ་གྱི་རླབས་ཆེན་སྲིད་བྱུས་དེ་ལམ་དུ་འགྲོ་བར་འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་བ་ཙམ་མིན་པར་གཞུང་ཁོངས་མིན་པའི་ཚོགས་པ་ཁག་དང་མང་ཚོགས་ཚོས་ཀྱང་ཐུགས་སྣང་ཆེ་བཞེས་གནང་གལ་ཡིན་པ་གསུངས་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཉིད་འབྱུང་འགྱུར་བོད་དོན་བདེན་མཐའ་གསལ་ཐབས་སུ་གྲོས་བསྡུར་རིམ་པ་གནང་མཐར་མང་གཙོའི་ལམ་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན་པར་ངོ་སྤྲོད་དང་འབྲེལ། སྲིད་བྱུས་དེར་ཆེ་མཐོང་དང་རིན་ཐང་། དེ་བཞིན་ངོས་འཛིན་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་འགྲེལ་བརྗོད་གནང་ཐུབ་དགོས་ཞེས་དང་། བོད་མི་གཞོན་སྐྱེས་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ཡོད་རྩ་ཁྲིམས་ལ་དོ་སྣང་དང་སློབ་སྦྱོང་གནང་རྒྱུ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་གཙོས་འགྱུར་ལྡོག་དག་ལ་ཐུགས་སྣང་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་བར་མ་ཟད། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་གོ་རྟོགས་དང་རྒྱབ་སྐྱོར་རག་ཐབས་སུ་འབད་རྩོལ་གནང་གི་ཡོད་ཅེས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ཤིག་ཡིན་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་ང་ཚོའི་འདས་པའི་ལོ་རྒྱུས་ཀྱི་གནས་བབ་དང་མ་འོངས་པའི་བོད་མིའི་མདུན་ལམ་གཉིས་ཀར་དོ་ཕོག་གང་ཡང་འགྲོ་ཡི་མེད་ཅེས་འགྲེལ་བརྗོད་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱིས་སྔར་བཞིན་སྲིད་བྱུས་དེའི་ཐོག་ཕྱག་ལས་གནང་རྒྱུ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྤྱི་དང་ལྷག་པར་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་རྣམ་དཔྱོད་ལྡན་པའི་ཕྱག་ལས་གནང་ཐུབ་ཚེ་ཐུགས་ཕན་གསོས་ངེས་ཡིན་པ་གསུངས་ཡོད།

རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁག་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་སུ་བཅར་འདྲི་ཞུས་པར་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཆབ་སྲིད་ཀྱི་དགོས་མཁོ་དང་འཚམ་པའི་སྲིད་བྱུས་ཤིག་ཡིན་པ་དང་། མི་ལོ་བཅོ་ལྔའི་རིང་ལ་ཚོགས་འདུ་དང་ཟབ་སྦྱོང་གནང་བའི་ཐོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་བར་བརྟེན་ཐུགས་ཕན་གསོས་པོ་བྱུང་ཡོད་སྐོར་གསུངས་སོང་།  ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ངོ་དེབ། འདི་ག་རླུང་འཕྲིན་ཁང་།

འབྲེལ་ཡོད་གསར་གནས།

གསར་གནས།