Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་ནང་གི་གསར་ཁང་ཁག་ལ་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུག

Tibetan News Headlines

  • Thank you for your prayers on my birthday, I am recovering well: Dalai Lama
  • Dharamsala commemorates 89th birthday of the Dalai Lama, Sikkim CM graces the event
  • Wishes for the Dalai Lama; Prayers for his swift recovery as he turns 89
  • Dalai Lama congratulates UK’s new Prime Minister

རེས་གཟའ་སྤེན་པ། ༢༠༢༤།༠༧།༠༦

  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་༸གང་ཉིད་ཀྱི་སྐུ་ཁམས་གསལ་ཐང་ཡིན་པའི་གསུང་འཕྲིན་བསྩལ་འདུག
  • ༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་གསུངས་སོང་།
  • ༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་ སྲིད་བློན་གྱི་གསར་པ་ Keir Starmer མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་འདུག
  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུའི་འཕྲོད་བཞེས་དྭངས་སྐྱེད་ཡོང་བའི་སྨོན་འདུན།

རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་ནས་ལོ་ངོ་བཞི་ཕྱིན་པའི་ཁྲོད། ཁུལ་དེའི་ནང་གསར་འགོད་པ་ ༩༠༠ ལྷག་ཙམ་གྱི་ལས་ཀ་ཤོར་ཏེ་ད་ཆ་ཁུལ་དེའི་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་དང་འབྲེལ། དེ་ལྟ་བུའི་གནས་སྟངས་ཁྲོད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་དུ་གནས་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

Hong Kong Press Freedom

དེ་ཡང་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བ་ནང་གསལ་ལྟར་ན།  ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༦ པའི་ཚེས ༣༠ ཉིན་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་ལ་ཕབ་པ་ནས་བཟུང་། གསར་འགོད་པ ༩༠༠ ཙམ་གྱི་གསར་འགོད་ཀྱི་ལས་ཀ་ཤོར་ཡོད་པ་དང་། དེའི་ཁོངས་ནས་གསར་འགོད་པ་བརྒྱ་ཕྲག་མང་པོ་རྒྱལ་ཁབ་གཞན་དུ་གནས་སྤོས་ཀྱིས། ཐའེ་ཝན་དང་དབྱིན་ཡུལ་ལྟ་བུའི་རྒྱལ་ཁབ་ཏུ་གསར་ཁང་ ༡༠ ལྷག་ཙམ་གསར་འཛུགས་བྱས་ཡོད་པ་གསལ་འདོན་གནང་འདུག

དེ་སྔ་ཧོང་ཀོང་གི་ Apple Daily གསར་ཤོག་ནང་དུ་ཕྱག་ལས་གནང་མྱོང་མཁན་དང་ད་ལྟའི་ཆར་ཐའེ་ཝན་གྱི་ Photon གསར་ཁང་གི་རྩོམ་སྒྲིག་པ་གནང་བཞིན་པའི་ Shirley Leung Ka Lai ལགས་ཀྱིས་ Apple Daily གསར་ཤོག་ནང་ཕྱག་ལས་གནང་མྱོང་མཁན་ཁོང་གི་ལས་རོགས་ཟུར་པའི་ཁོངས་ནས་བརྒྱ་ཆ་ ༥ མ་གཏོགས་མུ་མཐུད་ནས་གསར་འགོད་པའི་ལས་ཀ་བྱེད་ཀྱི་མེད་པ་དང་། གཞན་ཕལ་ཆེ་བས་རང་གི་ལས་ཀའི་མདུན་ལམ་གྱི་ཁ་ཕྱོགས་བསྒྱུར་བ་བཏང་ཟིན་ཡོད་པ་དང་འབྲེལ། ཧོང་ཀོང་བཞག་ནས་འགྲོ་དུས་ཁོང་ལ་སྐྱབས་མེད་མགོན་མེད་ཀྱི་ཚོར་སྣང་ཞིག་བྱུང་ཡོད་པ་དེ་ལྟར་ཡང་བཙན་བྱོལ་དུ་གསར་ཁང་ཞིག་གསར་བཙུགས་ཐུབ་པ་དེས་ཁོང་ལ་དཀའ་ངལ་གདོང་ལེན་བྱ་ཐུབ་པའི་ནུས་སྟོབས་ཞིག་སྤྲད་བྱུང་ཞེས་དང་ཁོང་རང་གི་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་འགྲོ་དགོས་བྱུང་བ་དེར་ཉེས་ཅན་གྱི་ཚོར་སྣང་ཉུང་ཙམ་བྱུང་བའི་འགྲེལ་བརྗོད་གནང་འདུག

Shirley Leung Ka Lai

རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པའི་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་འགན་འཛིན་ Cédric Alviani ལགས་ཀྱིས། གསར་འགོད་རང་དབང་གཏོར་བརླག་ཏུ་འགྲོ་བཞིན་པའི་ཧོང་ཀོང་ནང་དུ་ཡུལ་གྱར་གསར་འགོད་པ་ཚོ་རིན་ཐང་བྲལ་བའི་གནས་ཚུལ་གྱི་འབྱུང་ཁུངས་ཤིག་མཚོན་གྱི་ཡོད་ནའང་། ཁོང་ཚོ་ད་དུང་ཡང་ཉེན་ཁའི་གནས་སུ་ལྷུང་ཡོད་ལ། སྲ་བརྟན་ཐུབ་མིན་ཐད་ནམ་རྒྱུན་དུ་དཀའ་ངལ་འཕྲད་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བཙན་བྱོལ་གྱི་གསར་འགོད་པ་དང་ཁོང་ཚོའི་གསར་འགྱུར་བརྒྱུད་ལམ་ལ་བཀག་སྡོམ་མེད་པའི་མཐོང་མཆན་དང་། དམིགས་ཡུལ་ཆེ་བའི་རོགས་དངུལ།་དེ་བཞིན་ཡར་རྒྱས་གོང་འཕེལ་གྱི་ལས་གཞི་སོགས་མཐོང་ཆོས་སུ་གྱུར་བའི་རོགས་སྐྱོར་དགོས་པའི་འབོད་སྐུལ་ཞུས་འདུག

ཚོགས་པའི་ངོས་ནས་ད་དུང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་འོག་ཧོང་ཀོང་དུ་ད་ལྟའང་གནས་སྡོད་བཞིན་པའི་གསར་འགོད་པ་ཚོས་རྒྱ་ནག་གི་བཅད་མཚམས་དམར་པོ་ Red Lines ཞེས་གསར་འགོད་པ་ཚོས་ཚོར་བ་རྣོན་པོའི་བརྗོད་གཞི་ཁག་གཅིག་གླེང་སློང་མི་ཆོག་པའི་བཀག་སྡོམ་རིགས་ལ་གདོང་ལེན་བྱ་དགོས་འཁེལ་བའི་ཁྲོད་འདིར།  བཅན་བྱོལ་དུ་གསར་འཛུགས་བྱས་པའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཚོར་རྣོ་བའི་བརྗོད་གཞི་ཁག་གླེང་སྟེ་རྒྱ་ནག་གཞུང་གི་མཁྱོགས་བཤད་ལ་ཁ་གཏད་བྱེད་དགོས་པ་གསུངས་འདུག

Cédric Alviani

 Apple Daily གསར་འགྱུར་གྱི་རྩོམ་སྒྲིག་པ་ཟུར་པ་ Edward Ka Chung Li ལགས་ཀྱིས་ད་ལྟའི་ཆར་ཧོང་ཀོང་ནང་དུ་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཚང་མས་རང་ཉིད་ཀྱི་གསར་འགོད་ལས་དོན་ཁྲོད་ཚད་གཞི་མི་འདྲ་བའི་ཐོག་ནས་རང་གིས་རང་ལ་བཀག་སྡོམ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ དེ་ལྟར་ཡང་། ཧོང་ཀོང་གི་ཕྱི་ལོགས་སུ་གནས་པའི་གསར་བརྒྱུད་ལམ་དག་གིས་བཅད་མཚམས་དམར་པོ་མེད་པར་གསར་འགྱུར་སྤེལ་ཆོག་ལ། གསར་འགྱུར་དེ་དག་གི་ནང་དུ་ཧོང་ཀོང་ནས་རྩ་མེད་དུ་གྱུར་ཟིན་པའི་གསར་འགྱུར་དང་ལྟ་ཚུལ་ཁག་ཅིག་བདམས་ནས་སྤེལ་ཆོག་གི་ཡོད་པའི་འགྲེལ་བརྗོད་བྱས་འདུག

ལར་ནས་ཡུལ་གྱར་གསར་འགྱུར་བརྒྱུད་ལམ་ཁག་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེ་རྐྱེན་གྱིས་གསར་ཁང་འདི་དག་གི་མ་འོངས་པ་ནི་ད་དུང་ཡང་ངེས་གཏན་མེད་པའི་གནས་སྟངས་སུ་གྱུར་ཡོད་པའི་སྐོར་གསུངས་བ་མ་ཟད། Shirley Leung Ka Lai ལགས་ཀྱིས་ཕྱི་རྒྱལ་དུ་གནས་པའི་ཡུལ་གྱར་གསར་འགྱུར་བརྒྱུད་ལམ་ལ་ཐོན་ཁུངས་དང་མི་ཤུགས་ཀྱི་ཚད་བཀག་ཡོད་པས། གསར་ཁང་གི་རང་དབང་རྒྱུན་གནས་ཡོང་བའི་ཆེད་དུ་ཚོང་དོན་ཁྱབ་བསྒྲགས་ལ་བརྟེན་མི་དགོས་པར་ཀློག་པ་པོ་རྣམས་ཀྱི་ཚོགས་ཞུགས་ལ་བརྟེན་གྱི་ཡོད་པར། རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་པའི་རྗེས་སུ། མང་ཚོགས་ནས་རྒྱུ་དངུལ་བསྡུས་ཏེ་ཡུལ་གྱར་གསར་འགྱུར་བརྒྱུད་ལམ་ལ་ཞལ་འདེབས་རྒྱག་པ་ནི་ཕྱི་རྒྱལ་གྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་ལ། ཐ་ན་མི་མང་ནས་ཚོགས་ཞུགས་ཀྱི་གྲངས་འབོར་ཡང་མངོན་གསལ་གྱིས་ཉུང་དུ་ཕྱིན་ཏེ། གསར་འགོད་པ་ཚོར་ལས་ཀ་མུ་མཐུད་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་གསལ་འདོན་གནང་འདུག

Edward Ka Chung Li

སྤྱིར་འདས་པའི་ལོ་བཞིའི་རིང་ལ་ཧོང་ཀོང་སྲིད་གཞུང་གིས་ད་ལྟའི་རྒྱལ་ཁབ་བདེ་འཇགས་སོགས་ཀྱི་ཁྲིམས་ལུགས་ཁག་ལ་ཁ་གཡར་ནས་གསར་འགོད་པ་དང་གསར་འགོད་རང་དབང་སྲུང་སྐྱོབ་པ་ཉུང་མཐར་ཡང་མི་གྲངས་ ༢༨ ལ་ཁྲིམས་ཆད་བཅད་ཡོད་པ་དང་། ཁོང་ཚོའི་ཁྲོད་ནས་མི་གྲངས་ ༡༠ ད་དུང་ཡང་བཙོན་ཁང་དུ་ཡོད་པ། དེ་བཞིན་ Apple Daily ཚགས་པར་དང་ Stand News ཞེས་པའི་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ཆེན་པོ་གཉིས་སྒོ་བརྒྱབ་ཏུ་བཅུག་ཡོད་པ་རེད། དེ་མཚུངས་གསར་འགོད་པའི་མཐུན་ཚོགས་ཁག་ལ་ཁྲིམས་ལུགས་དབང་འཛིན་པས་ཡང་ནས་བསྐྱར་དུ་བརྙས་བཅོས་བྱས་ནས་འཇིགས་སྣང་གི་ཁོར་ཡུག་ཅིག་བསྐྲུན་ཡོད་པར་བརྟེན། གསར་འགྱུར་བརྒྱུད་ལམ་ཆུང་ངུ་ལྔ་ལས་མ་ཉུང་བས་སོ་སོའི་ལས་དོན་མཚམས་འཇོག་བྱས་དགོས་ཆགས་ཡོད་པ། ལྷག་པར་དུ་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པའི་སྐུ་ཚབ་ཅིག་ཧོང་ཀོང་ནང་དུ་འཛུལ་མི་ཆོག་པ་བཟོས་ཡོད་པ་རེད།

གཞི་རྩའི་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཁང་ནས་ཕྱི་ལོ་ ༢༠༢༣ ལོར་ཧོང་ཀོང་ཐེ་བའི་རྒྱལ་ཁབ་ ༦༢ ཀྱི་གསར་འགོད་པ ༤༦༠ ལ་དཔལ་འབྱོར་གྱི་རོགས་རམ་བྱས་ཡོད་པ་དང་། རོགས་དངུལ་གྱི་བརྒྱ་ཆ་གསུམ་ཆ་གཉིས་བཙན་བྱོལ་དུ་གནས་པའི་གསར་འགོད་པ་རྣམས་གནས་སྤོ་དང་བསྐྱར་སྡོད་བྱེད་པའི་འགྲོ་གྲོན་ལ་བཏང་ཡོད་པ་རེད་འདུག རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་ལོ་ལྟར་རྒྱལ་སྤྱིའི་ཁྲོད་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་ནས་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་བཞིན། ཕྱི་ལོ་ ༢༠༢༤ ལོའི་ཉམས་ཞིབ་སྙན་ཐོ་དེའི་ནང་རྒྱལ་ཁབ་དང་ས་ཁུལ་ ༡༨༠ ཁོངས་ནས་ཧོང་ཀོང་དེ་སྔ་ལོ་གཉིས་ཀྱི་གོང་དུ་ཨང་རིམ་ ༡༨ ཡིན་པ་དེ་ད་ཆ་ཨང་རིམ་ ༡༣༥ ལ་མར་ཟགས་ཡོད་པ་དང་། རྒྱ་ནག་དེ་བཞིན་ཨང་རིམ་ ༡༧༢ ཡིན་པས་གསར་འགོད་རང་དབང་གི་གནས་སྟངས་ཆེས་སྡུག་ཤོས་གྲས་ཤིག་ཡིན་པ་རེད།

Hong Kong Press Freedom

འབྲེལ་ཡོད་གསར་གནས།

གསར་གནས།