ཧོང་ཀོང་།
དྲུག་བཞི་དོན་རྐྱེན་རྗེས་དྲན་གྱི་ལས་འགུལ་བ་གསུམ་ལ་ལོ་ ༥ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲུག་བཞི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་གྱི་ལས་འགུལ་བ་གསུམ་ལ་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་ཉེས་མིང་འོག་ལོ་ ༥ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་རིང་ BBC གསར་ཁང་གིོ་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲུག་བཞི་དོན་རྐྱེན་རྗེས་དྲན་གྱི་ལས་འགུལ་བ་ Lee Cheuk Yan དང་ Chow Hang Tung གཉིས་ལ་འདི་ལིའི་ཕྱི་ཟླ་ ༨ པའི་ནང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ནག་ཉེས་ར་སྤྲོད་དང་། དེ་བཞིན་ Albert Ho ལགས་ཀྱིས་ཟླ་ ༡ པོའི་ནང་དེ་འདྲའི་ནག་ཉེས་ལ་ངོས་ལེན་བྱས་ཡོད་པ་རེད།
རྩ་བའི་འདས་པའི་ལོའི་ནང་ཧོང་ཀོང་དེ་བཞིན་རྒྱ་ནག་ནང་དྲུག་བཞི་དོན་རྐྱེན་དང་འབྲེལ་བའི་ལས་འགུལ་སྤེལ་ཆོག་པའི་ས་ཚིགས་གཅིག་པོ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ནས་བཟུང་ཧོང་ཀོང་སྲིད་གཞུང་གིས་ཏོག་དབྱིབས་ནད་ཡམས་ལ་ཁ་གཡར་ནས་ལས་འགུལ་དེ་དག་བཀག་སྡོམ་བྱས་ཡོད་ཀྱང་། དེ་ནས་བཟུང་ཧོང་ཀོང་ནང་དྲུག་བཞི་དོན་རྐྱེན་དང་འབྲེལ་བའི་ལས་འགུལ་གཅིག་ཀྱང་སྤེལ་མེད་པ་མ་ཟད། ལོ་འདི་གའི་ནང་ཧོང་ཀོང་ནང་ཧོང་ཀོང་གི་བདེ་འཇགས་ཀྱི་ཁྲིམས་གཞི་དེ་བཞིན་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་ནང་དམ་དྲག་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
ཧོང་ཀོང་གཞུང་གིས་བརྗོད་དོན་ལྟར་ན། ཧོང་ཀོང་གི་བདེ་འཇགས་ཀྱི་ཁྲིམས་གཞི་དེ་བཞིན་ཧོང་ཀོང་ནང་བརྟན་ལྷིང་ཡོང་རྒྱུའི་ཆེད་དུ་གལ་ཆེན་པོ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན་བདེ་འཇགས་ཀྱི་ཁྲིམས་དེའི་འོག་ཧོང་ཀོང་ནང་གི་མི་མང་རྣམས་ལ་ཞེ་སྣང་དང་དངངས་སྐྲག་སྐྱེ་གཞིའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་འགྲེལ་བརྗོད་གནང་འདུག
སྤྱིར་ Lee Cheuk Yan དང་ Chow Hang Tung དེ་བཞིན་ Albert Ho བཅས་གསུམ་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ཉེས་འཛུགས་ཐོག་མར་ཕྱི་ལོ་ ༢༠༢༡ ལོར་བཙུགས་པ་དང་། ནག་ཉེས་འདི་ལྟ་བུར་རྒྱུན་ལྡན་ལོ་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཆགས་ཡོད་པ་རེད། ཟླ་འདིའི་ཚེས་ ༤ རེས་གཟའ་པ་སངས་ཉིན་ཁྲིམས་ཁང་ནས་ Lee ལགས་སུ་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་དང་། Chow ལགས་སུ་ལོ་ ༧ དང་ཟླ་ ༣ དེ་བཞིན་ Ho ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ཐེངས་འདིའི་ཁྲིམས་བཤེར་དེ་ཉིད་ཁོང་རྣམ་པ་གསུམ་གྱི་དབང་ཆ་གཅིག་བསྡུས་ཀྱི་གཞུང་མཚམས་འཇོག་དགོས་པའི་འབོད་སྒྲ་གཞི་རྩར་བཟུང་བའི་ཐོག་ཁྲིམས་བཤེར་གནང་བ་ཞིག་ཡིན་པ་དང་། ཁྲིམས་ཁང་ངོས་ནས་འབོད་སྒྲ་དེའི་བརྒྱུད་གཞན་ལ་རྒྱ་ནག་དམར་ཤོག་གཞུང་ལ་གྱེན་ལོག་བྱ་རྒྱུའི་ངན་སྐུལ་སྤེལ་ཡོད་པར་ངོས་འཛིན་བྱས་པ་དང་། དེ་འབྲེལ་ཁྲིམས་ཁང་གི་སྙན་ཐོའི་ནང་ Lee ལགས་དང་ Chow གཉིས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་བརྒྱུད་གཞན་ལ་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་འཆར་གཞི་དང་གོ་སྒྲིག དེ་བཞིན་མཉམ་ཞུགས་བྱེད་རྒྱུའི་ཐད་སྐུལ་མ་བཏང་ཡོད་པ་བཀོད་འདུག
འོན་ཀྱང་ Chow ལགས་ཀྱིས་ཕྱི་ཟླ་ ༥ པའི་ནང་འཚོགས་པའི་ཁྲིམས་བཤེར་སྐབས། རྒྱལ་ཁབ་མགོ་རྡིང་སློག་པའི་ནག་ཉེས་དེ་རང་ཁྲིམས་འགལ་ཡིན་པ་འགྲེལ་བརྗོད་གནང་བ་མ་ཟད། ཁོང་གིས་ཕྱི་ལོ་ ༢༠༢༢ ལོར་ཧོང་ཀོང་གཞུང་གིས་འཛིན་བཟུང་མ་བྱས་པའི་སྔོན་ BBC གསར་ཁང་ལ་སྐད་ཆ་བཤད་པའི་ཁྲོད། ཁོ་མོས་ཧོང་ཀོང་གཞུང་གི་འཛིན་བཟུང་བྱ་ངེས་ཀྱིས་གྲ་སྒྲིག་ཡོད་པ་དང་། མང་གཙོ་འཐབ་རྩོད་སླད་རང་ཉིད་བློས་གཏོང་གནང་རྒྱུར་ཐེ་ཚོམ་མེད་པ་བརྗོད་ཡོད་པ་རེད།
གཞི་རྩའི་དེ་སྔ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་ Elaine Pearson ལགས་ཀྱིས། དྲུག་བཞི་དོན་རྐྱེན་རྗེས་དྲན་གོ་སྒྲིག་བྱེད་མཁན་ Chow Hang-tung དང་། Lee Cheuk-yan གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་པའི་གྱོད་གཞི་དེ་ལྟར་བཙུགས་པ་དེས་ཧོང་ཀོང་ནང་ཡོངས་གྲགས་སྒོ་ནས་འདས་པོར་མྱ་ངན་དང་དྲན་གསོ་བྱས་པ་ཙམ་ཡང་ཁྲིམས་འགལ་ཞིག་ཏུ་བརྩི་བཞིན་ཡོད་པ་མངོན་གྱི་ཡོད་སྐོར་གསུངས་བ་མ་ཟད། ལས་འགུལ་བ་དེ་དག་གཉིས་ཀྱིས་རྒྱ་གཞུང་གིས་རང་ཉིད་ཀྱི་གདུག་རྩུབ་ལོ་རྒྱུས་དྲན་གསོ་བྱེད་པའི་ལས་དོན་རིགས་ལ་དངངས་སྐྲག་ཇི་ཙམ་སྐྱེ་བཞིན་པ་དང་། ལས་དོན་དེ་དག་རྒྱལ་ཁབ་བདེ་འཇགས་ལ་འཇིགས་སྐྱོན་ཞིག་ཏུ་བརྩི་ཡི་ཡོད་པ་མངོན་གསལ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
དྲུག་བཞི་དོན་རྐྱེན་རྗེས་དྲན་ཞུ་མཁན་ཧོང་ཀོང་གི་ལས་འགུལ་བ་གཉིས་ལ་གྱོན་ལོག་གི་གྱོད་འཛུགས་བྱས་འདུག
ཧོང་ཀོང་མཐོ་རིམ་ཁྲིམས་ཁང་གིས་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་གནོད་འཚེ་ཕོག་མཁན་ཚོར་དྲང་བདེན་བསྐྱར་གསོ་ཡོང་བར་དུས་ཡུན་རིང་མོ་ནས་རྒྱབ་སྐྱོར་བྱེད་མཁན་གྱི་ལས་འགུལ་བ་གཉིས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་སྲིད་གཞུང་ལ་གྱེན་ལོག་གི་སྐུལ་སློང་སྤེལ་བའི་གྱོད་འཛུགས་བྱས་པ་ལྟར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེ་ནི་ལས་འགུལ་བ་གཉིས་པོའི་སྨྲ་བརྗོད་རང་དབང་དང་ཞི་བདེའི་འདུ་འཛོམས་ཀྱི་ཐོབ་ཐང་གཉིས་ཀ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་ཀྱིས་དེ་འབྲེལ་གྱོད་འཛུགས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ་གསུངས་འདུག
དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༢༡ ཉིན་ཧོང་ཀོང་ཁྲིམས་ཁང་གིས་ Hong Kong Alliance in Support of Patriotic Democratic Movements of China ཞེས་ད་ཆ་འཐོར་ཤིག་ཏུ་སོང་བའི་རྒྱ་ནག་གི་རྒྱལ་ཞེན་དང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་ཧོང་ཀོང་གི་མནའ་འབྲེལ་ཚོགས་པའི་དབུ་ཁྲིད་ཟུར་པ་རང་ལོ་ ༤༡ ཅན་གྱི་ Chow Hang-tung དང་། རང་ལོ་ ༦༩ ཅན་གྱི་ Lee Cheuk-yan བཅས་གཉིས་ལ་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འོག་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་གྱོད་འཛུགས་དང་། ནག་ཉེས་དེའི་འོག་ཁོང་རྣམ་གཉིས་ལ་བཙོན་འཇུག་ལོ་ ༡༠ བར་གྱི་ཉེས་ཆད་ཕོག་སྲིད་པ་རེད་འདུག
སྤྱིར་ཧོང་ཀོང་གི་མནའ་འབྲེལ་ཚོགས་པ་དེ་ཉིད་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་རིང་ཁུལ་དེའི་ནང་ལོ་ལྟར་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཕོག་མཁན་རྣམས་དྲན་གསོའི་སླད་མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་སྲོལ་ཡོད་པ་དང་། ལས་འགུལ་དེའི་ཐོག་ཧོང་ཀོང་གི་མང་ཚོགས་ཁྲི་ཕྲག་མང་པོ་མཉམ་ཞུགས་གནང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་བཀལ་བའི་རྗེས་ནས་བཟུང་ལས་འགུལ་དེ་ཡོངས་སུ་བཀག་སྡོམ་བྱས་པ་མ་ཟད། ཚོགས་པའི་འགོ་ཁྲིད་རྣམས་དོ་དམ་བཀག་ཉར་བྱས་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་ Elaine Pearson ལགས་ཀྱིས། དྲུག་བཞི་དོན་རྐྱེན་དྲན་གསོ་གོ་སྒྲིག་བྱེད་མཁན་སྐུ་ཞབས་ Chow Hang-tung དང་། Lee Cheuk-yan གཉིས་ལ་གྱེན་ལོག་གི་གྱོད་གཞི་དེ་ལྟར་བཙུགས་པ་དེས་ཧོང་ཀོང་ནང་ཡོང་གྲགས་སྒོ་ནས་འདས་པོར་མྱ་ངན་དང་དྲན་གསོ་བྱས་པ་ཙམ་ཡང་ཁྲིམས་འགལ་ཞིག་ཏུ་བརྩི་བཞིན་ཡོད་པ་མངོན་གྱི་ཡོད་སྐོར་གསུངས་བ་མ་ཟད། ལས་འགུལ་བ་དེ་དག་གཉིས་ཀྱིས་རྒྱ་གཞུང་གིས་རང་ཉིད་ཀྱི་གདུག་རྩུབ་ལོ་རྒྱུས་དྲན་གསོ་བྱེད་པའི་ལས་དོན་རིགས་ལ་དངངས་སྐྲག་ཇི་ཙམ་སྐྱེ་བཞིན་པ་དང་། ལས་དོན་དེ་དག་རྒྱལ་ཁབ་བདེ་འཇགས་ལ་འཇིགས་སྐྱོན་ཞིག་ཏུ་བརྩི་ཡི་ཡོད་པ་མངོན་གསལ་བྱས་ཡོད་ཅེས་གསུངས་འདུག
སྤྱིར་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གྱི་དོན་ཚན་ ༢༢ པའི་ནང་། གྱན་ལོག་ཞེས་པ་ནི་བཙན་ཤེད་དང་བཙན་ཤེད་ཀྱི་འཇིགས་སྐུལ། ཁྲིམས་འགལ་གྱི་ཐབས་ལམ་གཞན་བརྒྱུད་ནས་རྒྱ་ནག་གཞུང་མགོ་རྟིང་སློག་པའི་བྱ་སྤྱོད་ལ་གོ་ཡི་ཡོད་པ་དང་། ཧོང་ཀོང་གི་ཁྲིམས་ཁང་ངོས་ནས་སྐུ་ཞབས་ Chow Hang-tung དང་། Lee Cheuk-yan ལྟ་བུའི་ཧོང་ཀོང་མནའ་འབྲེལ་ཚོགས་པའི་འགོ་ཁྲིད་དེ་དག་གིས་རྒྱལ་ཁབ་མགོ་རྟིང་སློག་ཆེད་དྲག་པོའི་ཐབས་ལམ་སོགས་ནམ་ཡང་སྤྱད་མེད་པ་ངོས་ལེན་བྱས་པ་དེ་ལྟར་ཡང་། ཚོགས་པའི་དམིགས་ཡུལ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་གྱི་ཡོད་སྟབས། དེ་གའི་ལས་འགུལ་ཡང་ཁྲིམས་འགལ་དུ་ངོས་འཛིན་བྱས་པ་མ་ཟད། ཁྲིམས་ཁང་ངོས་ནས་ད་དུང་ལས་འགུལ་བ་གཉིས་པོས་ ༡༩༨༩ ལོའི་དྲུག་བཞི་དོན་རྐྱེན་དང་ཧོང་ཀོང་གི་ ༢༠༡༩ ལོའི་དམངས་གཙོའི་ངོ་རྒོལ་ལས་འགུལ་གཉིས་བསྡུར་ནས་རྒྱ་ནག་དམར་ཤོག་ཚོགས་པར་དགྲ་འཛིན་གྱི་བསམ་བློ་བསླངས་པས། དེས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་མི་དམངས་ཀྱི་ཡིད་ཆེས་ཉམས་དམས་སུ་བཏང་བ་རེད་ཅེས་ཉེས་བཙུགས་བྱས་འདུག
ཁྲིམས་བཤེར་སྐབས་སུ་ལས་འགུལ་བ་གཉིས་ནས་ཧོང་ཀོང་གནའ་འབྲེལ་ཚོགས་པས་དབང་ཆ་གཅིག་བསྡུས་ལམ་ལུགས་མཚམས་འཇོག་དགོས་པའི་དགོས་འདུན་ནི་རྒྱ་ནག་མང་གཙོའི་ལམ་དུ་བསྐྱོད་པའི་འཆར་སྣང་ཞིག་ལས་ཁྲིམས་འགལ་གྱི་ལས་དོན་གང་ཡང་མིན་པ་དང་། ལས་འགུལ་བ་གཉིས་པོས་གང་བྱས་པ་དེ་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ཙམ་རྩོད་པ་ཡིན་ལུགས་བརྗོད་འདུག
མ་ཟད་རྒྱུན་དུ་ཁྲིམས་རྩོད་པའི་ཕྱག་ལས་གནང་མཁན་སྐུ་ཞབས་ Chow ལགས་ཀྱིས་རང་གི་གྱོད་གཞི་རང་གི་རྩོད་ལེན་བྱས་ཏེ་ཁྲིམས་བཤེར་སྐབས་ཤེས་ཡོན་པ་དང་ལས་འགུལ་བ་གཞན་ཁག་གཅིག་དཔང་པོིའི་ཚུལ་དུ་སྐོང་དགོས་པའི་ཞུ་སྐུལ་གནང་ཡང་། ཧོང་ཀོང་གི་ཁྲིམས་དཔོན་ཚོས་དེར་ངོས་ལེན་བྱས་མེད་པ་མ་ཟད། ཞུ་སྦྱོར་བའི་དཔང་པོ་རྣམས་ལ་དྲི་བ་དྲིས་པའི་སྐབས་སུ་ཡང་ཡང་སུན་གཙེར་བཟོས་པ། དེ་བཞིན་དྲུག་བཞི་དོན་རྐྱེན་དང་འབྲེལ་བའི་པར་རིས་དང་སྒྲ་འཇུག་སོགས་དཔང་པོའི་ངོ་བོར་ཕུལ་ཡང་དེར་བཀག་སྡོམ་བྱས་ཡོད་པ་རེད་འདུག
Chow Hang-tung ལགས་ཀྱིས་མཇུག་སྡོམ་གཏམ་བཤད་སྐབས་ཁྲིམས་བཤེར་དེའི་ཆབ་སྲིད་ཀྱི་རང་བཞིན་ལ་སྐྱོན་བརྗོད་བྱས་ཏེ། བདེན་པ་བཤད་པ་དེ་ཞེ་སྡང་བསྐུལ་བའི་མིང་བཏགས་པ་དང་། འགན་ཁུར་དགོས་པའི་རེ་བ་འདོན་སྐབས་དབང་ཆར་ཚད་བཀག་བཟོས་པ་དེ་རྩ་ཁྲིམས་ལས་འགལ་བར་མཚོན་པར་བྱེད་ཀྱི་ཡོད་པ་གསུངས་འདུག
སྤྱིར་ཉེས་ཆད་ཉན་ཞིབ་དེ་བཞིན་འདི་ཚེས་ ༢༨ ཉིན་འཚོག་རྒྱུ་ཡིན་པ་དང་དེའི་རྗེས་ཁྲིམས་ཐག་གཅོད་རྒྱུ་རེད་འདུག རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དོན་ཚན་ ༢༣ ནང་གསལ་ལྟར་ན། ཉེས་མིང་དེ་ཉེས་ཆད་ཆེན་པོ་ཞིག་ཏུ་ཉེས་འཛུགས་བྱས་ཚེ་ཉེས་ཅན་རྣམས་ལ་ལོ་ ༥ ནས་ ༡༠ བར་གྱི་བཙོན་འཇུག་ཉེས་ཆད་ཕོག་སྲིད་པ་དང་། ཉེས་ཆད་ཆུང་བར་རྩིས་ཚེ་ལོ་ ༥ ལས་མ་བརྒལ་བའི་བཙོན་འཇུག་གྱི་ཉེས་ཆད་ཕོག་སྲིད་པ་རེད།
འདི་ཚེས་ ༢༠ ཉིན་ Chow Hang-tung ལགས་ཀྱི་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཁོང་ཁྲིམས་ཁང་གི་ཉན་ཞིབ་ལ་འཁྲིད་སྐབས་ལག་ལྕགས་དང་། རྐང་ལྕགས། སྐེད་ལྕགས། དེ་བཞིན་ཁྱི་ཐག་ལྟ་བུའི་ལྕགས་ཐག་ཅན་གྱི་དམ་དྲག་ཆེ་བའི་ལྕགས་ཐག་གྱོན་བཅུག་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བཙོན་པ་ལ་འདི་ལྟར་དམ་དྲག་ཆེ་བའི་ཐག་པ་དང་ལྕགས་ཐག་སྤྱད་དེ་འཁྲིད་པའི་ཐབས་ལམ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལྟར་ན། ཆེས་གདུག་རྩུབ་དང་། མི་སྤྱོད་ལས་འདས་པཞིག་ཏུ་རྩི་ཆོག་གི་ཡོད་པ་གསུངས་འདུག
ཚོགས་པ་དེས་ད་དུང་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་དང་ཞི་བའི་སྒོ་ནས་འདུ་འཛོམས་བྱེད་ཆོག་པའི་ཐོབ་ཐང་ལག་ལེན་བསྟར་བར་དེ་ལྟ་བུའི་ཁྲིམས་གཏུགས་བྱེད་པ་དེ་ནི། ཧོང་ཀོང་གི་གཞི་རྩའི་ཐོབ་ཐང་ནང་བཅུག་པའི་རྒྱལ་སྤྱིའི་སྤྱི་མང་དང་ཆབ་སྲིད་ཐོབ་ཐང་གི་གྲོས་མཐུན་དང་ཡོངས་སུ་འགལ་གྱི་ཡོད་སྐོར་གསུང་བ་མ་ཟད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་དེའང་རྒྱལ་སྤྱིའི་གྲོས་མཐུན་དེ་དང་རྩ་བ་ནས་མཐུན་གྱི་མེད་པའི་སྐྱོན་བརྗོད་གནང་འདུག
ལྷག་པར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་ Elaine Pearson ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ཧོང་ཀོང་གི་མི་ཁྲི་ཕྲག་མང་པོས་རྒྱ་ནག་དུ་རང་དབང་ཆེད་ཚེ་སྲོག་ཤོར་བའི་མི་རྣམས་ཀྱི་ཆེད་དུ་ལངས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ད་ཆ་འཛམ་གླིང་གི་གཞུང་ཁག་གིས་པེ་ཅིང་ལ་གདོང་ལེན་བྱས་པར་ཉེས་ཆད་ཕོག་པའི་ཧོང་ཀོང་མང་ཚོགས་ཚོའི་ཆེད་དུ་ལངས་དགོས་ཅེས་གསུངས་འདུག
ཕྱོགས་མཚུངས་ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྒྱུ་རྩལ་བ་ Gao Zhen ལགས་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་སྒྱུ་རྩལ་བ་ Gao Zhen ལགས་སུ་ལོ་གསུམ་གྱི་བཙོན་བཅུག་ཁྲིམས་ཐག་བཅད་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sarah Brooks ལགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། Gao Zhen ལགས་སུ་དེ་ལྟ་བུའི་བཙོན་བཅུག་ཁྲིམས་ཐག་བཅད་པ་དེས་རྒྱ་ནག་གཞུང་གིས་སྒྱུ་རྩལ་གྱི་རང་དབང་ལ་བཀག་འགོག་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་ཅེས་དང་། རྒྱ་ནག་གཞུང་གི་བྱ་སྤྱོད་དེའི་བརྒྱུད་སྒྱུ་རྩལ་བ་དང་ལས་འགུལ་བ། དེ་བཞིན་གཞུང་སྒེར་གཞན་རྣམས་ལ་ཁྲིམས་བེད་སྤྱོད་ལོག་པར་བྱེད་པའི་བརྒྱུད་ཁོང་རྣམས་ལ་གཉའ་གནོིན་དང་དམ་དྲག་བྱེད་ཀྱི་ཡོད་པ་མངོན་གསལ་ཆགས་ཡོད་པ་རེད་ཅེས་ནན་བརྗོད་གནང་འདུག
གནས་ཚུལ་ལ་གཞིགས་ན་ད་ལྟའི་ཆར་ Gao Zhen ལགས་ཀྱིས་བཟའ་ཟླ་དང་བུ་ཕྲུག་ལ་ཉེས་ཆད་གང་ཡང་བཀལ་མེད་ནའང་། Gao Zhen ལགས་འཛིན་བཟུང་བྱས་པ་ནས་བཟུང་ཁོང་གི་ནང་མི་གཉིས་ལ་བརྙས་བཅོས་དང་འཇིགས་སྐུལ་བྱས་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་མ་ཟད། རྒྱ་ནག་ནས་ཕྱིར་ཐོན་བྱ་རྒྱུའི་རང་དབང་སྤྲད་མེད་པ་དང་ Sarah Brooks ལགས་ཀྱི་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ Gao Zhen ལགས་ཀྱིས་ནང་མི་སུན་གཙེར་བཟོ་རྒྱུ་དེ་ནི་རྒྱ་གཞུང་གིས་ཐབས་བྱུས་ངན་པ་ཞིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། Gao Zhen ལ་བཀལ་བའི་ཉེས་ཆད་དང་ཉེས་འཛུགས་ཆ་ཚང་འཕྲལ་དུ་མེད་པ་བཟོ་དགོས་པ་མ་ཟད། ཁོང་ཉིད་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་ནང་མི་ལ་སུན་གཙེར་དང་འཇིགས་སྐུལ་གྱི་བྱ་སྤྱོད་དེ་དག་མཚམས་འཇོག་བྱེད་དགོས་པ། དེ་བཞིན་བཟའ་ཟླ་དང་བུ་ཕྲུག་བཅས་རང་དབང་གིས་ཐོག་ནས་ཕྱིར་ཐོན་བྱེད་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་ནན་བརྗོད་དང་སྦྲགས། རྒྱ་ནག་གཞུང་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པའི་རྒྱལ་ཁབ་ཀྱི་དཔའ་བོ་དཔའ་མོ་དང་འབྲེལ་བའི་ཁྲིམས་བཟོ་དགོས་པ་དང་། ཡང་ན་ཞི་བའི་སྨྲ་བརྗོད་དང་སྒྱུ་རྩལ་སོགས་ཁྲིམས་འགལ་དུ་བརྩི་རྒྱུ་མཚམས་འཇོག་བྱེད་དགོས་པ་ནན་བརྗོད་གནང་འདུག
རྩ་བའི་སྒྱུ་རྩལ་བ་ཀའོ་ཀྲེན་ལགས་ནི་ཕྱི་ལོ་ ༡༩༥༦ ལོར་རྒྱ་ནག་ཏུ་སྐྱེས་ཤིང་། ཕྱིས་སུ་ཕྱི་ལོ་ ༢༠༢༢ ལོར་རྒྱ་གཞུང་གི་དྲག་གནོན་རྐྱེན་པས་ཨ་རིར་གནས་སྤོས་གནང་བ་དང་། ཁོང་གི་པཱ་ལགས་དེ་སྔ་རིག་གནས་གསར་བརྗེ་སྐབས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་བཙོན་ཁང་ནང་དུ་དོགས་གཞིའི་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་ཡོད་ཀྱང་རྒྱ་གཞུང་གིས་གནས་སྟངས་གང་གི་འོག་དེ་ལྟར་སྐུ་ཚེ་མ་ཟིན་པའི་རྒྱུ་མཚན་གཅིག་ཀྱང་གསལ་བཤད་བྱས་མེད་པ་རེད་འདུག མ་ཟད་ཁོང་གིས་རང་གི་གཅུང་པོ་ Gao Qiang ལགས་དང་ལྷན་དུ་ཕྱི་ལོ་ ༢༠༠༠ ཡས་མས་སུ་རྒྱ་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་སོ་སོའི་སྒྱུ་རྩལ་གྱི་འགྲེམས་སྟོན་མང་པོ་གནང་ཡོད་པ་དང་། ཁོང་གི་སྒྱུ་རྩལ་འགྲེམས་སྟོན་ཁོངས་སུ་སྤྱིར་བཏང་རི་མོ་དང་རྐོས་བརྒྱབ་པའི་འདྲ་སྐུ་སོགས་དུ་མ་ཡོད་པའི་ནང་རྒྱ་ནག་གི་མའོ་ཙེ་ཏུང་ནག་ཉེས་འོག་ས་ལ་པུས་མོ་བཙུགས་པའི་ཟངས་ལས་བཟོ་བཀོད་བྱས་པའི་འདྲ་སྐུ་དང་། དེ་བཞིན་མའོ་ཙེ་ཏུང་བུད་མེད་ཀྱི་རྣམ་པའི་ངོ་བོར་སྟོན་པའི་ཟངས་རྐོས་ཀྱི་འདྲ་སྐུ་ཡོད་པ་མ་ཟད། ཡེ་ཤུའི་སྟོན་པ་རྒྱ་ནག་དམག་མིས་སྲོག་ཐོག་གཏོང་བཞིན་པའི་འདྲ་སྐུ་སོགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༦ ཉིན་ཁོང་རང་གི་བཟའ་ཟླ་དང་བུ་མཉམ་དུ་ཨ་རི་ནས་རྒྱ་ནག་ལ་རང་གི་ནང་མི་ཉེ་འབྲེལ་ཐུག་འཕྲད་སླད་ཕྱིན་སྐབས་རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་རྒྱ་ནག་གི་འགོ་ཁྲིད་དཔའ་བོ་རྣམས་ཀྱི་འདྲ་སྐུ་བཟོས་ཏེ་མཚན་སྨད་ཞུས་ཡོད་པའི་ཉེས་འཛུགས་འོག་ Hebei ཞིང་ཆེན་གྱི་ Sanhe གྲོང་ཁྱེར་ནས་འཛིན་བཟུང་གིས་ཁུལ་དེར་བཀག་ཉར་འོག་དུས་ད་ལྟའང་བཙོན་འཇུག་བྱས་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་དང་བུ་ཡང་དུས་དེ་ནས་བཟུང་ཨ་རིར་ཕྱིར་ལོག་བྱེད་དུ་མ་བཅུག་པར་རྒྱ་ནག་རང་དུ་བཙན་གྱིས་གནས་སྡོད་བྱེད་དུ་བཅུག་ཡོད་པ་རེད།
ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད་པར་རྒྱལ་སྤྱིའི་ཁྱོན་ནས་སྐྱོན་བརྗོད་དྲག་པོ་གནང་བཞིན་འདུག
རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་མང་གཙོ་དོན་གཉེར་བ་དང་ Apple Daily ཀུ་ཤུ་ཉིན་རེའི་གསར་ཁང་གི་བདག་པོ་ Jimmy Lai ཇི་མི་ལའེ་ལགས་སུ། མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་འབྲེལ། ཨ་རི་དང་ཨིན་ཡུལ། ཡུ་རོབ་མཐུན་ཚོགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་འདྲ་མིན་གྱིས་དེ་ནི་དྲང་བདེན་རྩ་བ་ནས་མ་ཡིན་པར། ཁྲིམས་ཁང་ལག་ཆར་སྤྱད་དེ་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་དང་། སྤྱི་ཚོགས་ལ་འཇིགས་སྐུལ་བྱེད་པ་ཞིག་རེད་ཅེས་སྐྱོན་བརྗོད་དྲག་པོ་གནང་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་། ཁ་སང་ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་ ༢༠༢༠ ལོར་ཐོག་མར་འཛིན་བཟུང་བྱས་པའི་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་གི་བདག་པོ་དང་མང་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་སུ་ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་སུ་མཉམ་ཞུགས་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
གནས་ཚུལ་དེ་ཐོན་མ་ཐག་ཨ་རིའི་ཕྱི་སྲིད་བློན་ཆེན་ Marco Rubio མཱར་ཁོ་རུ་བྷིཡོ་ལགས་ཀྱིས། ཁྲིམས་ཆད་དེ་ནི་དྲང་བདེན་མ་ཡིན་པ་དང་ཡ་ང་བ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། ཁོང་ཁྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བ་མ་ཟད། ཨིན་ཡུལ་ཕྱི་སྲིད་བློན་ཆེན་ Yvette Cooper ཡཱ་ཝིཌི་ཀུ་པཱར་ལགས་ཀྱིས་ལོ་ ༧༨ ལ་སོན་པའི་ཇི་མི་ལའེ་ལ་མཚོན་ན། ལོ་ ༢༠ བཙོན་འཇུག་དེ་ནི་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་དྲག་གནོན་སླད་དམིགས་པའི་ཆབ་སྲིད་ཀྱི་སྐུལ་སློང་ལྔན་པའི་ཚེ་གང་གི་ཁྲིམས་ཆད་ལྟ་བུ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག ད་དུང་ཧོང་ཀོང་གི་དབང་འཛིན་པ་ཚོ་ལ་ཇི་མི་ལའེ་ཡི་ཡ་ང་བའི་མནར་གཅོད་མཚམས་འཇོག་གིས་ཁོང་རང་གི་ནང་མིའི་སར་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག
དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ Volker Türk ཝོལ་ཀར་ཏུ་རུཀ་ལགས་ཀྱིས་ལོ་ ༢༠ ཁྲིམས་ཆད་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་རྩ་བ་ནས་མི་མཐུན་པ་ཞིག་ཡིན་པ་གསུངས་ཏེ། དེ་འབྲེལ་ཁྲིམས་ཆད་ཕྱིར་འཐེན་དགོས་པ་དང་། ཁྲིམས་ཆད་དེའི་ནང་དོན་གསལ་པོ་མེད་པའི་ཁར་རྒྱ་ཆེ་དྲག་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པ་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་དང་འགལ་བ་ཡོད་པ་སོགས་འགྲེལ་བཤད་ཀྱིས་དེ་ལྟར་ལག་བསྟར་བྱེད་ཐུབ་པ་གསལ་སྟོན་བྱས་ཡོད་སྐོར་གསུངས་འདུག
གཞན་ཡང་ཡུ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ Anitta Hipper ཨཱ་ནི་ཊ་ཧཡེ་པཱར་ལགས་ཀྱི་ཀྱང་རྒྱ་ནག་གི་ཁྲིམས་ཆད་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། ཁོང་འཁྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་བཞིན་ CECC ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གི་འཐུས་མི་ནས་ཇི་མི་ལའེ་ལ་ཁྲིམས་ཐག་བཅད་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་གནང་བ་དང་ཆབས་ཅིག འདི་ནི་རྒྱ་གཞུང་གིས་ཧོང་ཀོང་ནང་གི་གསར་འགོད་རང་དབང་དང་། ཞི་བའི་ལས་འགུལ་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཞིག་ཡིན་པ་མ་ཟད། ཁྲིམས་ཁང་ལག་ཆར་སྤྱད་དེ་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་དང་སྤྱི་ཚོགས་ལ་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག
དེ་མ་ཟད་ཇི་མི་ལའེ་ཡི་བུ་ Sebastien སེ་བྷེས་ཊིན་ལགས་ཀྱིས། པ་ལགས་ཀྱིས་ནང་མི་རྣམས་སླར་ཡང་མི་མཐོང་བར་དངངས་སྐྲག་དང་། ཁོང་གཅིག་པུར་གྲོངས་རྒྱུར་ཞེད་སྣང་བྱེད་ཀྱིན་འདུག་བཅས་ཀྱང་བརྗོད་འདུག
སྤྱིར་ཕྱི་ལོ་ ༡༩༩༧ ལོར་ཨིན་ཡུལ་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཀྱི་དགོངས་དོན་ལྟར། ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཁག་ཐེག་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་རྒྱ་ནག་སྐམ་ས་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཏན་འབེབས་བྱ་རྩིས་བྱས་པ་ལ་བརྟེན་ནས། མང་གཙོ་དོན་གཉེར་བས་སྣེ་ཁྲིད་པའི་གཞུང་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། ལས་འགུལ་ཁྲོད་དྲག་པོའི་དོན་རྐྱེན་ཡང་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་མང་གཙོ་དོན་གཉེར་བར་དམིགས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་བྱས་ནས། རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། གྱེན་ལོག་གིས་མཚོན་པའི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་འགོག་བྱེད་པར་ཁ་གཡར་ཏེ། ཧོང་ཀོང་གི་ལས་འགུལ་བ་ཚོ་འཛིན་བཟུང་བྱས་པ་དང་། གྲོས་ཚོགས་འཐུས་མི་མང་གཙོ་དོན་གཉེར་ཅན་ཕྱིར་ཕུད་བཏང་བ་སོགས་བྱས་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཏན་འབེབ་བྱེད་སྐབས་ཉུང་མཐར་མི་གྲངས་ ༣༠༠ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། ཀུ་ཤུ་ཉིན་རེའི་གསར་ཁང་གཙོས་པའི་རང་དབང་གི་གསར་འགོད་པ་དང་རྩོམ་པ་པོ། ལས་འགུལ་བ་མང་པོ་འཛིན་བཟུང་བྱས་པ་དང་། ཁག་ཅིག་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།
གཞི་རྩའི་ཨིན་ཡུལ་གྱི་སྲིད་བློན་ Keir Starmer མཆོག་ཟླ་ ༡ ཚེས་ ༢༨ ཉིན་རྒྱ་ནག་ཏུ་ཉིན་བཞིའི་རྒྱལ་དོན་འཚམས་གཟིགས་སུ་ཆེད་ཕེབས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་དང་ལྷན་ཨིན་ཇིའི་མི་སེར་ཡིན་པའི་ཧོང་ཀོང་གི་ཚོང་པ་ཇི་མི་ལའེ་ལགས་ཀྱིས་གནད་དོན་གཙོས་གྲོས་བསྡུར་བྱ་འོས་པའི་གནད་དོན་ཁག་གླེང་སློང་བྱས་ཡོད་པ་རེད་འདུག
རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་ཐད་ཞི་རྒོལ་གནང་མཁན་རྣམས་ཀྱི་པར་རིས་རྒྱ་ནག་དཔོན་རིགས་ཚོས་བླངས་ཀྱི་ཡོད་པར་ཉེས་འཛུགས།
རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་ཐད་ཞི་རྒོལ་གནང་མཁན་རྣམས་ཀྱི་པར་རིས་རྒྱ་ནག་དཔོན་རིགས་ཚོས་བླངས་ཀྱི་ཡོད་པར་ཉེས་འཛུགས།
ཇིམ་མི་ལའི་རྒྱལ་ཁབ་བདེ་འཇགས་ཁྲིམས་བཤེར་ནང་ཉེས་ཅན་དུ་ངོས་འཛིན་གྱིས་ཚེ་བཙོན་ཉེས་ཆད་ཕོག་སྲིད་པ།
ཇིམ་མི་ལའི་རྒྱལ་ཁབ་བདེ་འཇགས་ཁྲིམས་བཤེར་ནང་ཉེས་ཅན་དུ་ངོས་འཛིན་གྱིས་ཚེ་བཙོན་ཉེས་ཆད་ཕོག་སྲིད་པ།
ཧོང་ཀོང་དུ་མེ་སྐྱོན་རྐྱེན་པས་འོས་བསྡུའི་ནང་ཆ་ཤས་ལེན་མཁན་ཆེས་ཉུང་དུ་འགྲོ་བ་བརྗོད་འདུག
ཧོང་ཀོང་དུ་མེ་སྐྱོན་རྐྱེན་པས་འོས་བསྡུའི་ནང་ཆ་ཤས་ལེན་མཁན་ཆེས་ཉུང་དུ་འགྲོ་བ་བརྗོད་འདུག
རྒྱ་རིགས་མང་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
རྒྱ་གཞུང་ཉེན་རྟོག་པས་ France ཧྥ་རན་སི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་དང་བོད་དོན་རྒྱབ་སྐྱོར་བ་ Zhang Yadi ཀྲང་ཡ་དི་ལགས་ནས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་རྒྱ་ནག་ Yunan ཡུ་ནན་ཞིང་ཆེན་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ཆ་ཉིན་གྲངས་ ༥༠ ལྷག་ཕྱིན་ཡང་ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ལོའི་ནང་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཤུགས་ཆེ་རུ་བཏང་ཡོད་པའི་ཁྲོད་འདིར། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༥ ཉིན་རང་ལོ་ ༢༢ སོན་པའི་ཧྥ་རན་སི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་དང་། བོད་དོན་རྒྱབ་སྐྱོར་བ་ Zhang Yadi ཀྲང་ཡ་དི་ལགས་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད་ཐུག་འཕྲད་སླད་རྒྱ་ནག་ཏུ་ཕྱིར་སློག་གནང་ཡོད་ཀྱང་། ཕྱི་ཚེས་ ༣༠ ཉིན་རྒྱ་གཞུང་ཉེན་རྟོག་པས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་ཁོང་རྒྱ་ནག་ Yunan ཡུ་ནན་ཞིང་ཆེན་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ཆ་ཉིན་གྲངས་ ༥༠ ལྷག་སོང་ཡང་ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག་པ་མ་ཟད། དུས་དེ་ནས་བཟུང་ཁོང་གིས་རང་ཉིད་ཀྱི་ནང་མི་ཉེ་འབྲེལ་དང་ལས་རོགས་སོགས་དང་འབྲེལ་བ་ཡོངས་སུ་ཆད་ཡོད་ཐོག ཁོང་གི་ Wechat སྐད་འཕྲིན་གཙོས་པའི་སྤྱི་ཚོགས་དྲྭ་ལམ་སོགས་བཀག་སྡོམ་བྱས་ཡོད་པ་རེད་འདུག
མ་ཟད་ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཚོར་ཆེས་དྲག་གནོན་བྱས་པའི་ ༧༠༩ ཞེས་པའི་དོན་རྐྱེན་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྒན་གྲས་ Jiang Tianyong ཅང་ཐན་ཡོང་ལགས་ཀྱིས། འདི་ཚེས་ ༡༦ ཉིན། རྒྱ་ནག་གི་ Hunan ཧུ་ནན་ཞིང་ཆེན་གྱི་རྒྱལ་ས་ Changsha ཁྲང་ཤན་ནང་ཆེད་བཅར་གྱིས་ Zhang Yadi ཀྲང་ཡ་དི་ལགས་ཀྱི་ཨ་མ་ལགས་དང་ཐུག་འཕྲད་ཀྱིས། ཁོང་གི་གྱོད་དོན་ཐད་རོགས་རམ་གནང་ཐབས་བྱས་ཡོད་ཀྱང་། ཐུག་འཕྲད་བྱས་རྗེས་ཆུ་ཚོད་ ༢ ཙམ་ལས་སོང་མེད་པའི་མཚམས་འདིར། གློ་བུར་དུ་མི་གསུམ་གྱིས་ཁོང་བཙན་ཁྲིད་བྱས་ཏེ་ Yuehu ཡུ་ཧུ་ཉེན་རྟོག་ཁང་ལ་བཀའ་ཉར་བྱས་འདུག
དེ་འབྲེལ་ Chinese Youth Stand 4 Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Zhang Yadi ཀྲང་ཡ་དི་ལགས་དང་ཁོང་གི་ཁྲིམས་རྩོད་པ་ Jiang ཅང་གཉིས་གང་བྱུང་འཛིན་བཟུང་གིས་གར་སོང་ཆ་མེད་ཏུ་བཏང་བར་སྐྱོན་བརྗོད་ནན་པོ་དང་འབྲེལ། རྒྱ་གཞུང་གིས་ Zhang Yadi ཀྲང་ཡ་དི་ལགས་འཕྲལ་དུ་གློད་བཀྲོལ་བྱས་ཡོད་ཅིང་། ཁོང་གི་འཕྲོད་བསྟེན་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་རྣམས་སྦད་གསང་མེད་པར་མཁོ་སྤྲོད་གནང་དགོས་པ། ཁོང་གི་ནང་མིར་དྲག་གནོན་དང་ཐེ་བྱུས་མཚམས་འཇོག་དགོས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Jiang ཅང་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་ཁྲིམས་རྩོད་པའི་ཁྲིམས་མཐུན་གྱི་ལས་འགན་འགྲུབ་ཏུ་འཇུག་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག
དེ་དོན་ཨིན་ཡུལ་གྱི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྱི་ཚོགས་དྲྭ་ལམ་ཐོག རྒྱ་སྐད་དང་བོད་སྐད། ཨིན་སྐད། ཧྥ་རན་སིའི་སྐད་བཅས་ལ་བྱང་ཆུབ་པའི་རྒྱ་རིགས་ Zhang Yadi ལགས་ནི་ Chinese Youth Stand 4 Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་ཐོག ཚོགས་པའི་ X སྤྱི་ཚོགས་དྲ་རྒྱའི་རྩོམ་སྒྲིག་པ་ཞིག་ཀྱང་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་དྲག་རྩུབ་ཅན་གྱི་ཏོག་དབྱིབས་ནད་ཡམས་ཀླད་གོར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱིས། དཀར་ཤོག་ལས་འགུལ་ནང་ལའང་མཉམ་ཞུགས་བྱེད་མྱོང་བའི་རྒྱ་རིགས་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་པས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་བཏང་ཡོད་པ་དེ་ནི། ཁོ་མོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཙམ་མིན་པར་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་དྲག་གནོན་དང་བརྙས་བཅོས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཞིག་མཚོན་གྱི་ཡོད་པ་གསུངས་འདུག
མ་ཟད། རྒྱ་གཞུང་གིས་ཁོང་ལྟ་བུའི་རྒྱ་རིགས་དང་བོད་མི་གཉིས་བར་དམ་གཟབ་ཀྱི་འབྲེལ་ལམ་འཛུགས་མཁན་ཞིག་འཛིན་བཟུང་བྱས་པ་དེས་བོད་རྒྱ་གཉིས་ཀྱི་རྩོད་རྙོག་དེ་བཞིན་གྲོས་མོལ་བརྒྱུད་སེལ་ཐབས་ཀྱི་འབད་བརྩོན་ལ་དོ་ཕོག་གཏོང་ཡོད་སྐོར་གསུངས་ཏེ། རྒྱ་གཞུང་གིས་ Zhang Yadi ཀྲང་ཡ་དི་ལགས་འཕྲལ་དུ་གློད་བཀྲོལ་ཐོག ཁྲིམས་རྩོད་པ་ Jiang ཅང་ལགས་ནས་ཁྲིམས་རྩོད་པའི་ཁྲིམས་མཐུན་གྱི་ལས་འགན་འགྲུབ་ཏུ་འཇུག་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག
གཞི་རྩའི་འདས་པའི་ལོའི་ནང་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་གྱིས་སྙན་ཐོ་རིམ་པ་འདོན་སྤེལ་གནང་བའི་ནང་། རྒྱ་གཞུང་གིས་ཡོ་རོབ་དང་ཨ་རི། དེ་བཞིན་ཕྱི་ཕྱོགས་སུ་སློབ་གཉེར་གནང་བཞིན་པའི་རྒྱ་རིགས་སློབ་ཕྲུག་ཚོར་བརྙས་བཅོས་དང་། འཇིགས་སྐུལ། སོ་ལྟ། གཅར་རྡུང་། ལྷག་པར་ཁོང་རྣམས་ནས་རྒྱ་ནག་དམར་གཞུང་ལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་སྐབས་ཁོང་རྣམ་པའི་འདྲ་པར་ལེན་པ་དང་། རྗེས་འདེད་བཏང་བ་མ་ཟད། རྒྱ་ནག་ནང་ཡོད་པའི་སློབ་ཕྲུག་དེ་དག་གི་ནང་མི་སྤུན་མཆེད་རྣམས་ལ་ལས་འགུལ་དེ་དག་གི་ཉེས་མིང་འོག་ཉེན་རྟོག་པས་དམིགས་སུ་བཀར་ནས་སྡིགས་ར་སྐུལ་གྱི་ཡོད་པ་སོགས་མངོན་གསལ་གནང་ཡོད་རེད།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་གིས་ཇི་མི་ལཡེ་གློད་གྲོལ་སླད་ཕྱི་སྲིད་བློན་ཆེན་ལ་ཞུ་ཡིག་ཕུལ་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ལ་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དང་ Apple Daily གསར་ཁང་གི་གསར་འཛུགས་གནང་མཁན་ Jimmy Lai ཇི་མི་ལཡེ་ལགས་གློད་བཀྲོལ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་། ཞུ་ཡིག་དེའི་ནང་རྒྱལ་འབྲེལ་ཐབས་བྱུས་ཇི་སྙད་བེད་སྤྱོད་དང་། ཨིན་ཡུལ་དང་མཉམ་སྦྲེལ་ཐོག་རྒྱ་ནག་གི་དཔོན་རིགས་རྣམས་ལ་གནད་དོན་དེའི་སྐོར་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག
དེ་ཡང་འདི་ཚེས་ ༡༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Marco Rubio མཱར་ཁོ་རུ་བྷི་ཡོ་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཆབ་སྲིད་ཚོགས་པ་ཐུན་མོངས་ཀྱིས་ཕུལ་བའི་ཞུ་ཡིག་དེའི་ནང་། Jimmy Lai ཇི་མི་ལཡེ་ལགས་ལ་གཅིན་སྙི་ནད་གཞི་ཡོད་པ་གསལ་སྟོན་དང་འབྲེལ། ནད་གཞི་དེར་འོས་འཚམས་ཀྱི་སྨན་བཅོས་དགོས་མཁོ་ཡོད་ཀྱང་། ཁོང་ཉིན་རེར་ཆུ་ཚོད་ ༢༣ ལྷག་ཙམ་ཉི་འོད་མེད་པའི་བཙོན་ཁང་གི་ཁང་ཆུང་ཞིག་གི་ནང་སྡོད་དགོས་ཀྱི་ཡོད་པས་ཉེན་ཁའི་གནས་སུ་གྱར་ཡོད་སྐོར་འཁོད་ཡོད་པ་མ་ཟད། ཨ་རིའི་ངོས་ནས་རྒྱ་གཞུང་གིས་ཧོང་ཀོང་ལ་དྲག་གནོན་བྱེད་པ་དེར་ངོས་ལེན་བྱེད་ཐབས་མེད་པ་དང་། ཁོང་བཙོན་འཇུག་བྱས་པ་དེས་ཨ་རིའི་མང་གཙོ་དང་སྤྱི་མཐུན་ཆབ་སྲིད་ཚོགས་པ་གཉིས་ཀར་སེམས་འཚབ་ཆེན་པོ་སྐྱེ་གཞི་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བློ་འཚབ་ཀྱི་གནད་དོན་ཞིག་ཀྱང་ཆགས་ཡོད་ཅིང་། གནད་དོན་དེའི་ཐོག་ངེས་པར་དུ་དགོས་ངེས་ཀྱི་ལག་ལེན་བསྟར་དགོས་པ་ནན་བརྗོད་གནང་འདུག
གཞན་ཡང་གཟའ་འཁོར་སྔོན་མའི་ནང་། Committee for Freedom in Hong Kong ཞེས་ཧོང་ཀོང་རང་དབང་ཐེབས་རྩ་ཚོགས་པས་ We Were Made to Suffer: Systemic Abuse and Political Control Inside Hong Kong’s Prisons འམ་ཧོང་ཀོང་གི་བཙོན་ཁང་ནང་ཐབས་བྱུས་ལྡན་པའི་གདུག་རྩུབ་དང་ཆབ་སྲིད་ཀྱི་དབང་སྒྱུར། ང་ཚོར་སྡུག་ངལ་མྱོང་དུ་བཅུག་པ་ཞེས་པའི་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་། ཧོང་ཀོང་བཙོན་ཁང་ནང་གི་ཆབ་སྲིད་བཙོན་པ་ཚོར་གདུག་རྩུབ་ཚབས་ཆེན་གཏོང་བཞིན་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཇི་མི་ལའེ་གཙོས་ཆབ་སྲིད་བཙོན་པ་ ༧༠༠ ལྷག་ད་དུང་ཡང་ཧོང་ཀོང་གི་བཙོན་ཁང་ནང་བཀག་ཉར་བྱས་ཡོད་པ་དང་། ཁོ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་ཡག་པོ་མེད་པ་མ་ཟད། མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་དུ་འཇུག་བཞིན་ཡོད་སྐོར་འཁོད་ཡོད་པ་རེད། ད་དུང་ཇི་མི་ལའེ་ཡི་གནས་སྟངས་ལ་མཚོན་ན། ཁོང་ཁེར་རྐྱང་དུ་བཙོན་འཇུག་བྱས་ནས་ལོ་ངོ་ལྔ་ཙམ་འགྲོ་བཞིན་ཡོད་པ་དང་ཁོང་གི་གཟུགས་པོའི་གནས་སྟངས་ཉིན་རེ་བཞིན་ཉམས་རྒུད་འགྲོ་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད།
མ་ཟད་ཧོང་ཀོང་རང་དབང་ཐེབས་རྩ་ཚོགས་པའི་ཨ་རིའི་འགན་འཛིན་ Jonathan Stivers ཇོ་ནཱ་ཐཱན་ལགས་ཀྱིས། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ཀྱི་གཟུགས་གཞི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། སྲིད་འཛིན་ཊོམཔ་མཆོག་གིས་བདུན་ཕྲག་འདིའི་ནང་ཨིན་ཡུལ་དུ་འཚམས་གཟིགས་གནང་བ་དེའི་བརྒྱུད། ཨ་རི་དང་ཨིན་ཡུལ་དབུ་ཁྲིད་རྣམས་མཉམ་རུབ་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱིས། ཇི་མི་ལའེ་དང་ཧོང་ཀོང་གི་ཆབ་སྲིད་བཙོན་པ་གཞན་རྣམས་ཡང་གློད་བཀྲོལ་གཏོང་ཐུབ་པ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་རེད་ཅེས་དང་། Marco Rubio མཱར་ཁོ་རུ་བྷི་ཡོ་ལགས་ནི་ཧོང་ཀོང་གི་རང་དབང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པས་གོ་སྐབས་འདིའི་བརྒྱུད་གཉའ་གནོན་ལ་རྒོལ་ལན་སློག་སྟེ། རྒྱལ་ཁ་ཞིག་ཐོབ་ཐུབ་པའི་གོ་སྐབས་ཡོད་ཅེས་གསུངས་འདུག
རྕ་བའི་ཐེངས་འདིའི་ཞུ་ཡིག་དེར་རྒྱབ་སྐྱོར་གྱིས་མཚན་རྟགས་བཀོད་མཁན་ཁོངས་སུ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Jeffrey Merkley ཇེཧྥི་མརྐ་ལི་ལགས་དང་། Dan Sullivan དཱན་སུ་ལི་ཝཱན་ལགས། John Curtis ཇོན་ཀར་ཊིས་ལགས། Tim Kaine ཊིམ་ཀཡེན་ལགས། Rick Scott རིཀ་སི་ཀོཊ་ལགས། Christopher Coons ཀིརིས་ཊོ་ཧྥར་ཁུན་ལགས། Todd Young ཊོཌ་ཡང་ལགས་བཅས་ཡོད་པ་རེད།
ཧོང་ཀོང་བཙོན་ཁང་ནང་དུ་འཆར་གཞི་ལྡན་པའི་གཉའ་གནོན་དང་ཆབ་སྲིད་ཀྱི་ཚོད་འཛིན་བྱེད་ཀྱི་ཡོད་པ་ཐེར་འདོན།
ཧོང་ཀོང་བཙོན་ཁང་ནང་དུ་འཆར་གཞི་ལྡན་པའི་གཉའ་གནོན་དང་ཆབ་སྲིད་ཀྱི་ཚོད་འཛིན་བྱེད་ཀྱི་ཡོད་པ་ཐེར་འདོན།




