ཧོང་ཀོང་ནང་ལོ་ངོ་ ༨༠ ཙམ་གྱི་ནང་བྱུང་མྱོང་མེད་པའི་མེ་སྐྱོན་འོག་མི་སྣ་ ༡༥༩ ལྷག་ཙམ་གྱི་ཚེ་སྲོག་ཤོར་བའི་ཁྲོད། ཁ་སང་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་འོས་བསྡུ་ཆེན་མོའི་ནང་མང་ཚོགས་ཁོང་ཁྲོ་ལངས་ནས་འོས་འཕེན་མཁན་ཆེས་ཉུང་ཉུང་བྱུང་བ་དང་། སྤྱིར་འདི་ལོའི་འོས་འཕེན་པའི་གྲངས་འབོར་དེ་བཞིན་འདས་པའི་ལོ་བཞི་གོང་གི་འོས་བསྡུའི་སྐབས་ལས་ཕྲན་བུས་མང་བ་ཡིན་ཀྱང་། རྒྱ་གཞུང་གིས་དེ་སྔ་ཡུལ་དེའི་འོས་བསྡུའི་ལམ་ལུགས་ལ་བསྒྱུར་བ་བཏང་རྗེས་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་མང་ཚོགས་ཀྱི་གྲངས་འབོར་སྟུད་མར་ཆེས་ཉུང་ཉུང་ཆགས་ཡོད་པ་རེད།
དེའང་ཧོང་ཀོང་གི་གྲོས་ཚོགས་ནང་ཞབས་ཀྱག་ ༩༠ ཡོད་པའི་ནང་རྒྱ་ནག་གཞུང་ལ་རྒྱལ་ཞེན་ཅན་གྱི་མི་སྣ་མ་གཏོགས་འོས་མེར་ལངས་ཆོག་གི་མེད་པ་མ་ཟད། དེའི་ནང་འོས་མི་ ༢༠ མ་གཏོགས་ཐད་ཀར་འོས་འདེམས་བྱེད་ཀྱི་མེད་ཅིང་། གཞན་རྣམས་རྒྱ་དམར་གཞུང་ལ་དགའ་ཞེན་ཆེ་བའི་འོས་བསྡུའི་ཚོགས་ཆུང་དང་། ཆེད་ལས་ཚོགས་པ་ཁག་གིས་འདེམས་བསྐོ་བྱེད་ཀྱི་ཡོད་པ་རེད།

ཧོང་ཀོང་གཞུང་གིས་ཐེངས་འདིའི་འོས་བསྡུའི་གོང་དུ་མང་ཚོགས་ཚོར་འོས་འཕེན་པར་སྐུལ་མ་གཏོང་ཆེད་འོས་འཕེན་རྒྱུའི་དུས་ཚོད་རིང་དུ་བཏང་བ་དང་། འོས་འཕེན་སའི་ས་ཚིགས་སོགས་མང་དུ་བཏང་འདུག
ཧོང་ཀོང་འོས་བསྡུ་ལྷན་ཁང་གི་ཚོགས་གཙོ་ David Lok ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཁུལ་དེར་ཉེ་ལམ་མེ་སྐྱོན་གྱི་གནས་ཚུལ་དེས་རྐྱེན་པས་སྤྱི་ཚོགས་ཀྱི་རྣམ་པ་ལ་བསྒྱུར་བ་བཏང་ཡོད་པ་དང་། དེས་འོས་བསྡུ་གོ་སྒྲིག་བྱེད་རྒྱུ་ཧ་ཅང་ཁག་པོ་བཟོས་སོང་ཅེས་གསུངས་འདུག་པ། དེ་བཞིན་གྲོང་ཁྱེར་འགོ་ཁྲིད་ John Lee ཡིས་གཞུང་གིས་ད་ཆ་མེ་སྐྱོན་བྱུང་རྗེས་ཁྲིམས་བཟོ་ལྷན་ཚོགས་དང་མཉམ་དུ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། དེ་ནི་མང་ཚོགས་ཀྱི་འབོད་སྐུལ་དང་ཞུ་གཏུག་འགའ་ཤས་བྱུང་བའི་རྗེས་སུ་གཞུང་གི་འགན་འཁུར་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་ལས་རིགས་ལ་ལྟ་སྐུལ་ལེགས་སུ་གཏོང་དགོས་པའི་འབོད་སྐུལ་བྱས་པའི་རྐྱེན་གྱིས་ཡིན་པ་རེད།
གང་ལྟར་ཐེངས་འདིའི་འོས་བསྡུའི་ཁྲོད་འོས་འཕེན་པའི་གྲངས་འབོར་དེ་ཉིད་བརྒྱ་ཆ་ ༣༡.༩ ཡིན་པ་དང་། དེ་ནི་ཕྱི་ལོ་ ༢༠༢༡ ལོའི་བརྒྱ་ཆ་ ༣༠.༢ ལས་ཕྲན་བུས་མཐོ་བ་ཡིན་ཞིང་། ༢༠༢༡ ལོའི་གྲངས་འབོར་དེ་ནི་སྔོན་ཆད་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་པའི་ས་ཁུལ་དེ་ཕྱི་ལོ་ ༡༩༩༧ ལོར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པ་ནས་བཟུང་ཆེས་དམའ་ཤོས་དེ་ཡིན་པ་བརྗོད་འདུག

དེའི་ཁྲོད་ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཧོང་ཀོང་གི་ལྐོག་ཟ་རུལ་སུངས་བཀག་འགོག་ལས་ཁུངས་ཀྱིས་རེས་གཟའ་ཉི་མའི་ཉིན་མི་གྲངས་བཞི་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་ཁོ་ཚོས་སྤྱི་ཚོགས་དྲྭ་ལམ་བརྒྱུད་མི་མང་ལ་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་སྐུལ་མ་བྱས་པ་དང་། ཡང་ན་འོས་ཤོག་རྫུན་མ་འཕེན་དགོས་པའི་སྐུལ་མ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་ཞིག་རེད་འདུག མང་ཚོགས་ཁྲོད་འོས་བསྡུ་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་སྐུལ་མ་སྤེལ་བའི་བྱ་སྤྱོད་དེ་རིགས་ཁྲིམས་འགལ་དུ་ངོས་འཛིན་བྱས་པ་ནི་དེ་སྔོན་རྒྱ་གཞུང་གིས་ཡུལ་དེའི་འོས་བསྡུའི་ཁྲིམས་ལ་བསྐྱར་བཅོས་རྗེས་སུ་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང། གནད་དོན་དེས་རྐྱེན་གྱིས་མང་གཙོ་རྩོད་ལེན་པ་མང་པོར་དམ་དྲག་བཀག་སྡོམ་བྱུང་བ་མ་ཟད། དེ་སྔའི་འོས་བསྡུའི་སྐབས་འོས་འཕེན་པའི་གྲངས་འབོར་ལས་བརྒྱ་ཆ་ ༦༠ ཙམ་མཚོན་མཁན་མང་གཙོར་དགའ་བའི་མང་ཚོགས་ནས་ད་ཆ་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་མཚམས་འཇོག་གནང་ཡོད་པ་རེད།
རྩ་བའི་ཧོང་ཀོང་ནང་ཉེ་ལམ་བྱུང་བའི་མེ་སྐྱོན་དེའི་རྐྱེན་གྱིས་ཉུང་མཐར་མི་གྲངས་ ༡༥༩ རྐྱེན་ལམ་དུ་ཤོར་བ་དང་། མེ་སྐྱོན་དེའི་སྐབས་ཉིན་གཉིས་ཙམ་མེ་གསོད་པར་འགོར་ཡོད་སྟབས་མི་མང་ཁྲོད་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་དང་། དབང་འཛིན་པ་ཚོས་མཐོ་རིམ་སྡོད་ཁང་བཟོ་བཅོས་བྱེད་སྐབས་སྤུས་ཚད་ཞན་པའི་རྒྱུ་ཆ་བེད་སྤྱོད་བྱས་པར་བརྟེན་མེ་སྐྱོན་ཇེ་ཆེར་ཕྱིན་པ་རེད་ཅེས་བརྗོད་ཡོད་པ་རེད།

ཧོང་ཀོང་སྤྱི་བདེ་འཇགས་ལས་ཁུངས་ཀྱིས་མེ་སྐྱོན་གྱི་རྗེས་སུ་བྱུང་བའི་ངོ་རྒོལ་གང་རུང་ལ་དམ་དྲག་བྱ་རྒྱུ་དང་། གོད་ཆགས་དེ་བེད་སྤྱད་ནས་ཧོང་ཀོང་ལ་ཟིང་འཁྲུག་སློང་མི་ཆོག་པའི་ཉེན་བརྡ་བཏང་ཡོད་ཅིང་། གྲོང་ཁྱེར་དེའི་ནང་གི་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་མཐོ་གྲས་ཁག་ཅིག་དང་ཚོགས་འདུ་ཞིག་འཚོགས་ཏེ། ཁོང་ཚོར་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་པ་དང་། ཡང་ན་གཞུང་གིས་མེ་སྐྱོན་ལ་གདོང་ལེན་བྱེད་པའི་འབད་བརྩོན་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད།
ཐེངས་འདིའི་འོས་བསྡུ་དང་བསྟུན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། ཧོང་ཀོང་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཆ་ཤས་ཧ་ཅང་ཉུང་ཉུང་ཡིན་པ་འདི་ཉེ་ཆར་ཁུལ་དེར་མེ་སྐྱོན་གྱིས་དོན་རྐྱེན་བྱུང་བའི་རྐྱེན་གྱིས་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་ནས་ཧོང་ཀོང་ནང་དུ་མང་གཙོ་དང་གུ་ཡངས་སླར་གསོ་བྱ་དགོས་གལ་ཡིན་པའི་ནན་བརྗོད་གནང་འདུག




