Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་དགོངས་པ་རྫོགས་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

རྒྱལ་སྤྱིའི་བུ་ཕྲུག་མགོན་མེད་ཉམ་ཐག་རྣམས་དང་། སྒོས་སུ་བཙན་བྱོལ་དུ་གྱར་བའི་བོད་པའི་བུ་ཕྲུག་སྟོང་ཁྲག་མང་པོར་གཟིགས་རྟོག་དང་ཤེས་ཡོན་གྱི་མཐུན་འགྱུར་རོགས་རམ་གནང་མཁན་ SOS རོགས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་ཁ་སང་ཕྱི་ཚེས་ ༢༣ ཉིན་དགོངས་པ་རྫོགས་འདུག་པ་དང་། དེ་རིང་ཕྱི་ཚེས་ ༢༤ ཉིན་རྡ་སྟེང་བོད་ཁྱིམ་དབུས་པའི་བོད་པའི་སློབ་གྲྭ་ཁག་གི་ནང་དམ་པ་དེ་ཉིད་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་མཆོད་འབུལ་སྨོན་ལམ་གནང་དང་གནང་མུས་རེད་འདུག

Helmut Kutin Demise
Photo: THS Mussoorie

Italy འི་ South Tyrol ཁུལ་གྱི་ Bolzano གྲོང་ཁྱེར་ནས་ཡིན་པའི་སྐུ་ཞབས་ Kutin དམ་པ་དེ་ཉིད་ཁ་སང་ ཐེ་ཝན་ནང་དགུང་ལོ་ ༨༢ ཐོག་དགོངས་པ་རྫོགས་ཡོད་པ་དང་། ཁོང་ནི་འདས་པའི་མི་ལོ་ ༢༧ རིང་ SOS རྒྱལ་སྤྱིའི་རོགས་ཚོགས་ཀྱི་ཚོགས་གཙོ་དང་དེ་རྗེས་ལོ་ལྔའི་རིང་ Austria འི་བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་གནང་མྱོང་ཡོད་པ་མ་ཟད། བོད་མིར་ཞལ་བཞེས་གཉིས་མེད་ཀྱི་རྒྱབ་སྐྱོར་དང་བོད་ཕྲུག་ཚོའི་ཤེས་ཡོན་ཐད་སྐུ་ལས་ཚད་མེད་བསྐྱོན་མྱོང་མཁན་ཞིག་ཡིན་པ་རེད།

Helmut Kutin Demise

རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་བསོད་ནམས་སྲིད་ཆོས་ལགས་ཀྱིས། སྐུ་ཞབས་ Kutin དམ་པ་དེ་ཉིད་དང་ལྷན་མཇལ་མོལ་ཐེངས་ཁ་ཤས་གནང་མྱོང་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁོང་ནི་གཞན་ཕན་གྱི་བསམ་བློ་དང་ལྷག་བསམ་ཡོད་མཁན། དེ་བཞིན་ཉམས་ཐག་དགོས་མཁོ་ཅན་ལ་རོགས་རམ་ཐོག་ག་དུས་ཡིན་ནའང་ཐུགས་འགན་བཞེས་མཁན་དང་སློབ་གསོ་རྒྱག་མཁན་གཅིག་ཡིན་མ་ཟད། མ་འོངས་པའི་གཞོན་སྐྱེས་ཉམས་ཐག་ཚོར་ཕ་མའི་བྱམས་སྐྱོང་དང་བརྩེ་བ་སྦྱིན་རྒྱུར་དགོངས་པ་རྒྱ་ཆེན་པོ་བཞེས་མཁན་གྱི་མི་སྣ་གལ་ཆེན་པོ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།

རྒན་བསོད་ནམས་སྲིད་ཆོས་ལགས་ཀྱིས་ད་དུང་སྐུ་ཞབས་ Kutin ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེར་ཧ་ཅང་གི་བློ་ཕམ་བྱུང་སྐོར་གསུང་བ་དང་འབྲེལ། SOS ཚོགས་པ་དེ་ཉིད་བོད་ཕྲུག་ཁྱིམ་སྡེ་ཙམ་མིན་པར་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་དང་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། འདས་གྲོངས་སུ་ཕེབས་མཁན་ཁོང་ཡང་བོད་ཕྲུག་ཁྱིམ་སྡེ་དང་བོད་མི་རྣམས་ལ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་སྟབས། འདས་པོ་ཁོང་གི་ཆེད་དུ་དེ་རིང་བོད་ཁྱིམ་སློབ་གྲྭ་ཁག་ཚང་མའི་ནང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་ཡིན་པ་གསུངས་སོང་།

Helmut Kutin Demise
Photo: THS Mussoorie

དེའི་བར་ན་མ་སུ་རི་བོད་ཁྱིམ་ངོས་ནས་ཀྱང་སྤྱི་ཚོགས་དྲ་གནས་ཐོག་ཧེལ་མུཊ་ཀུ་ཊིན་མཆོག་སྐུ་ཚེ་མ་ཟིན་པར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་དེར་མྱ་ངན་གུས་འདུད་དང་སྦྲགས། རྒྱལ་སྤྱི་དང་ལྷག་པར་དུ་བོད་མིའི་སྤྱི་ཚོགས་ཁྲོད་ཁོང་གི་བཟང་པོའི་ཤུགས་རྐྱེན་ནི་ཧ་ཅང་ཟབ་པོ་ཡིན་པས། དཀའ་སྡུག་ཕྲད་པའི་བུ་ཕྲུག་ཡོངས་ཀྱི་བདེ་སྡུག་ཆེད་དུ་ཁོང་གིས་སྐུ་ལས་འཛད་མེད་ཀྱིས་ཕྱག་ལས་གནང་བར་བོད་མི་རྣམས་ཀྱི་སེམས་ལ་ཟུབ་ཏུ་མེད་པའི་ཚོར་བ་དྲག་པོ་ལས་ཁོང་སྐུ་ཚེ་མ་ཟིན་པ་དེ་གཏན་ནས་བརྗེད་ཐབས་མེད་པ་ཡིན་པའི་འ གྲེལ་བརྗོད་གནང་འདུག

Helmut Kutin Demise

རྩ་བའི་ Helmut Kutin མཆོག་ Italy འི་ South Tyrol ཁུལ་ནས་ཡིན་པ་དང་། རང་ལོ་ ༡༢ སྐབས་ད་ཕྲུག་ཏུ་འགྱུར་རྗེས་ Imst ཁུལ་དུ་རྟེན་གཞི་བྱས་པའི་ SOS རོགས་ཚོགས་ཀྱི་བུ་ཕྲུག་ཁྱིམ་སྡེ་དང་པོའི་ནང་འཛུལ་བཞུགས་གནང་བ་ཞིག་ཡིན་པ་རེད། ཁོང་གིས་ཕརན་སིའི་ Paris གྲོང་ཁྱེར་ནང་ SOS རོགས་ཚོགས་ཐོག་མར་གསར་འཙུགས་གནང་མཁན་སྐུ་ཞབས་  Hermann Gmeiner མཆོག་དང་ཐུགས་ཕྲད་རྗེས་སྤྱི་ལོ་ ༡༩༦༧ ལོ་མཇུག་ཏུ་རྒྱལ་སྤྱིའི་ SOS ཚོགས་པའི་ལས་གཞི་ནང་མཉམ་ཞུགས་ཀྱིས་ Ho Chi Minh རྒྱལ་སའི་ནང་ Vietnamese བུ་ཕྲུག་ཁྱིམ་སྡེ་གསར་འཙུགས་དང་། ཨེ་ཤི་ཡའི་ནང་ལོ་ངོ་བཅུའི་ནང་ཚུན་བུ་ཕྲུག་ཁྱིམ་སྡེ་ ༥༠ ལྷག་དང་སྔོན་འགྲོ་སློབ་གྲྭ་དང་སྨན་ཁང་སོགས་གསར་འཙུགས་གཙོས། ཁོང་གི་རོགས་ཚོགས་དེ་སྣེ་འཁྲིད་འོག་ད་བར་རྒྱལ་སྤྱིའི་ས་ཁུལ་གང་སར་ SOS བུ་ཕྲུག་ཁྱིམ་སྡེ་ཁྱོན་ ༡༥༤ ཙམ་གསར་བཙུགས་ཐུབ་པ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།