Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་ནང་དུ་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ལོ་རྗེས་མའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་རྩལ་འགོ་འཛུགས་བྱེད་རྒྱུར་ཟླ་བ་གཉིས་ལས་མེད་པའི་དུས་སྐབས་དང་བསྟུན། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཆགས་པའི་རྒྱལ་སྤྱིའི་ཐོག་གི་རྐང་འཁོར་འགྲོ་སྐྱོད་ཐུབ་པའི་ས་ཚིག་མཐོ་ཤོས་Khardung La ཐོག་ལ་བོད་རིགས་ན་གཞོན་ཁག་ཅིག་གིས་རྐང་འཁོར་སྐོར་སྐྱོད་ཐོག་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

དེ་ཡང་ཉེ་ཆར་ཕྱི་ཚེས་༤ཉིན་ལ་དྭགས་ས་གནས་སུ་གནས་བཞུགས་གནང་མཁན་ཀརྨ་བསོད་ནམས་ལགས་ཀྱི་སྣེ་ཁྲིད་ཐོག་ས་གནས་ཀྱི་བོད་རིགས་གཞོན་སྐྱེས་ ༡༧ ནས་ལ་དྭགས་ཀྱི་ཁྲོམ་གཞུང་ནས་འགོ་འཛུགས་ཀྱིས་ Khardung La ་བར་ཁྱོན་སྤྱི་ལེ་ ༨༠ ལྷག་གི་རིང་ལ་རྐང་འཁོར་སྐོར་སྐྱོད་ཐོག་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་དང་། ས་གནས་ཡུལ་མི་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ལ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་། བོད་ཀྱི་ཁོར་ཡུག་ལ་གནོད་པའི་ལས་གཞི་སྣ་ཚོགས་སྤེལ་པའི་བྱ་སྤྱོད་ཁག་གི་ཐོག་ལ་གོ་རྟོག་ལས་འགུལ་སོགས་སྤེལ་འདུག

འདི་ག་རླུང་འཕྲིན་ཁང་ནས་ལས་འགུལ་སྣེ་ཁྲིད་གནང་མཁན་ཀརྨ་བསོད་ནམས་ལགས་སུ་ཞལ་པར་བརྒྱུད་བཀའ་དྲི་ཁག་ཅིག་ཞུ་སྐབས། ད་རེས་ཀྱི་ལས་འགུལ་འདི་ནི་གཙོ་བོ་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་དང་། བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ལ་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་དུ་ཡིན་ཞེས་གསུངས་བྱུང་།
ལྷག་པར་དུ་ཁོང་རང་ཉིད་དེ་སྔ་ ༢༠༠༨ ལོར་རྒྱ་ནག་ཏུ་འཚོགས་པའི་ཨོ་རྩལ་སྐབས་སུ་ཡང་དེ་མཚུངས་ཀྱི་ལས་འགུལ་སྤེལ་བ་དྲན་གསོ་དང་སྦྲགས། ད་རེས་སླར་ཡང་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་རྒྱལ་སྤྱིའི་རྩེད་འགྲན་གལ་ཆེན་པོ་འདི་འདྲ་ཞིག་རྒྱ་ནག་ནང་འཚོགས་རྒྱུའི་གོ་སྐབས་སྤྲད་པར་ངོ་རྒོལ་ཡོད་ཅེས་གསུངས་བྱུང་།

གཞི་རྩའི་ལ་དྭགས་ཁུལ་དུ་ད་རེས་ཙམ་མ་ཟད། ཟླ་ཤས་གོང་ལ་ས་གནས་ཀྱི་ཁྲོམ་གཞུང་དུ་མང་ཚོགས་རྣམས་ལ་བོད་ནང་གི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་། གཏམ་བརྗོད་འཁྲབ་སྟོན་སོགས་བརྒྱུད་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ཕྱིར་འཐེན་བྱེད་དགོས་པའི་ལས་འགུལ་སོགས་ཀྱང་སྤེལ་ཡོད་པ་དང་། ད་ཆ་བོད་གཙོས་པའི་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བོད་མི་ཙམ་མ་ཟད། རྒྱལ་སྤྱིའི་སྲིད་གཞུང་མི་ཉུང་བ་ཞིག་ནས་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་ཀྱི་མཛད་སྒོའི་ཐོག་གཞུང་འབྲེལ་གྱི་མི་སྣ་ཆེད་གཏོང་མི་བྱེད་རྒྱུ་སོགས་ཀྱི་རྣམ་པ་སྟོན་བཞིན་པའི་གནས་སྟངས་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།