Tibetan Royal Year of 2151 | Year of the Wood Dragon

ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོར་བསྐོ་བཞག་བྱུང་བར་འཚམས་འདྲི།

Tibetan News Headlines

  • Women of Tibet: Tsering Dolkar | Former Political Prisoner

རེས་གཟའ་ཉིན་མ། ༢༠༢༤།༠༦།༢༣

  • བོད་ཀྱི་བེུད་ལས་ཚན། ཆབ་སྲིད་བཙོན་ཟུར་སྨིན་དྲུག་ཤར་ཚེ་རིང་སྒྲོལ་དཀར་ལགས།

ཨོསྟྲེ་ལི་ཡཱའི་ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Barbara Pocock ལགས་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་།  ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་རྣམ་གཉིས་ཀྱིས་འཚམས་འདྲིའི་ཕྱག་བྲིས་ཕུལ་འདུག

Australian Senator Congrats
Photo: tibet.net

དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ནས་ཨོ་གླིང་རྒྱལ་ས་ Canberra ནང་དུ་ལྕམ་སྐུ་ Barbara Pocock ལགས་ཀྱི་ལས་ཁུངས་སུ་བཅར་ཏེ་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱི་མཚམས་འདྲིའི་ཕྱག་བྲིས་དེ་ཉིད་ལྕམ་སྐུ་མཆོག་གི་ཕྱག་ཏུ་ཕུལ་གནང་འདུག སྐབས་དེར་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་སྐུ་ Zoe Bedford ལགས་ཀྱང་ལྷན་བཞུགས་གནང་འདུག

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ཕྱག་བྲིས་ནང་། ལྕམ་སྐུ་སྦར་བྷ་ར་ཁོང་གིས་སྤྱི་ཚོགས་དྲང་བདེན་དང་། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ། སྐྱབས་བཅོལ་བའི་ཐོབ་ཐང་། དེ་བཞིན་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་མེད་པ་སོགས་ཀྱི་ཐད་ཕྱག་ལས་རྒྱ་ཆེར་གནང་བར་ཁོང་ལ་ཕྱི་ལོ་ ༢༠༡༠ ལོར་ Member of the Order of Australia ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་ཡོད་པ་ལུང་འདྲེན་གྱིས། ཁོང་གི་ཕྱག་ལས་རླབས་ཆེན་དེ་དག་བོད་དང་བོད་མིའི་འཐབ་རྩོད་དང་མཐུན་གྱི་ཡོད་སྐོར་འབྲེལ་ནས་ད་ལྟ་ཁོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོར་བསྐོ་བཞག་བྱུང་བར་དགའ་བསུའི་མཚམས་འདྲི་ཞུས་གནང་འདུག

Australian Senator Congrats
Photo: bod.asia

ཕྱོགས་མཚུངས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ལྕམ་སྐུ་ Barbara ལགས་ཁོང་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བ་དེ་ནི་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཆོད་སེམས་བརྟན་པོ་བཟུང་བ་དང་། གཉའ་གནོན་འོག་མནར་བའི་མི་རིགས་རྣམས་ཀྱི་འབོད་སྒྲ་ཤུགས་ཆེར་གཏོང་བ་སོགས་ཀྱི་དཔང་རྟགས་ཤིག་ཡིན་སྐོར་དང་འབྲེལ། ཁོང་གི་ད་བར་བོད་དོན་ཆེད་དུ་ཕྱག་ལས་གནང་བ་རྣམས་ལ་རྗེས་སུ་ཡིད་རངས་དང་འཚམས་འདྲི་ཞུས་འདུག

ཁ་སང་ཕྱག་བྲིས་ཕུལ་བ་དང་འབྲེལ། སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་ནས་ལྕམ་སྐུ་ཁོང་ལ་བོད་མིའི་སྒྲིག་འཛུགས་དང་ཨོ་གླིང་སྐུ་ཚབ་དོན་ཁང་གི་ལས་དོན་བྱེད་ཕྱོགས་རྣམས་ངོ་སྤྲོད་དང་། སླེབས་ལ་ཉེ་བའི་སྤྱི་ཟླ་ ༨ པའི་ནང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་སོགས་ཀྱི་སྐོར་སྙན་སེང་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།