མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གཟའ་ཁོར་རྗེས་མར་རྒྱ་ནག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་འདུག
བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་ལོ་མང་རིང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིན་ཅང་གཙོས་རྒྱ་ནག་ནང་རང་དབང་དང་དོན་སྙིང་ལྡན་པའི་སྐོར་སྐྱོད་ཅིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་པའི་ཁྲོད་འདིར་ཁ་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མགྲིན་ཚབ་པ་ལྕམ་ Liz Throssell ལགས་ཀྱིས་ཁོང་གི་ལས་ཁུངས་ནས་དེ་སྔ་ལྕམ་སྐུ་ Bachelet མཆོག་ཟླ་བ་འདིའི་ནང་དངོས་སུ་ཤིན་ཅང་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་ས་ཁུལ་ཁག་ཏུ་སྐོར་སྐྱོད་གནང་གི་ཡོད་པ་ཡོངས་བསྒྲགས་གནང་ཟིན་པ་ལྟར་གང་མགྱོགས་ཕེབས་འཆར་ཡོད་པ་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཀྱང་རྒྱ་ནག་ནང་དེ་འབྲེལ་སྐོར་སྐྱོད་གྲ་སྒྲིག་དང་འབྲེལ་ནས་སྔོན་ཚོད་ནས་ཕེབས་འབྱོར་གྱིས་ད་ཆ་ཟུར་བཀག་གི་དུས་ཡུན་རྫོགས་ཟིན་ཡོད་པར་གསུངས་འདུག
ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་སྐོར་སྐྱོད་ལ་མཚོན་ན། ཁོང་རྒྱ་ནག་ཏུ་འབྱོར་མ་ཐག་ཁུལ་དེར་ཟུར་བཀག་ལ་བཞུགས་དགོས་ཀྱི་མེད་པ་དང་གཟའ་འཁོར་གཅིག་གི་འཚམས་གཟིགས་ཁྲོད་རྒྱ་ནག་གི་ Guangzhou གྲོང་ཁྱེར་དང་ཤིན་ཅང་ནང་སྐོར་སྐྱོད་གནང་གི་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་དམ་དྲག་རྐྱེན་པས་པེ་ཅིང་ནང་ཕེབས་ཀྱི་མེད་པ་དང་། འཚམས་གཟིགས་དེའི་སྐབས་ལྕམ་སྐུ་མཆོག་ནས་རྒྱ་ནག་གི་དཔོན་རིགས་བགྲེས་པ་ཁག་ཅིག་གཙོས་གཞུང་འབྲེལ་མི་སོགས་དང་ཐུག་འཕྲད་གནང་སྟེ་གཙོ་བོ་རྒྱ་ནག་རྒྱལ་ནང་གཙོས་གོ་ལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་རྒྱུ་དང་། ལྷག་དོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་དབར་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོང་རྒྱུར་རེ་བ་གནང་བཞིན་འདུག
རྩ་བའི་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་ནས་ལྕམ་སྐུ་ Michelle Bachelet མཆོག་རིང་མིན་ལོ་འདིའི་ཕྱི་ཟླ་ ༥ ནང་ཤིན་ཅང་གཙོས་རྒྱ་ནག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་ཡོད་ཀྱང་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་འདོན་སྤེལ་གནང་འཆར་སྐོར་གསུངས་པའི་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་སྐོར་གང་ཡང་གསུངས་མེད་སྟབས། རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ཚོགས་པ་ཁག་མཉམ་འབྲེལ་ཐོག་དེ་འབྲེལ་སྙན་ཐོ་གང་མགྱོགས་འདོན་སྤེལ་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པའི་མཚམས་སུ་ཉེ་ཆར་ལྕམ་སྐུ་ Liz Throssell ལགས་ཀྱིས་དེ་འབྲེལ་སྙན་ཐོ་དེ་ལྕམ་སྐུ་ Bachelet མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་ལ་འདོན་སྤེལ་གནང་འཆར་མེད་ལ་སྙན་ཐོ་དེ་ཐད་ཀར་རྒྱ་ནག་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་དང་པོ་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་དགོས་པར་བརྟེན་ད་ལྟའི་ཆར་སྙན་ཐོ་དེ་མང་ཚོགས་ཁྲོད་འདོན་སྤེལ་ནམ་གནང་ཐུབ་མིན་གྱི་འཆར་གཞི་གང་ཡང་མེད་སྐོར་གསལ་བཤད་གནང་འདུག
China Human Rights Defenders ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་སྲུང་སྐྱོབ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་William Nee ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་ཐོབ་ཐང་ནས་ད་བར་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་དེ་དུས་འགྱངས་ཀྱིས་འདོན་སྤེལ་མ་གནང་བ་འདི་ནི་བསམ་བརྗོད་ལས་འདས་པ་ཞིག་དང་ལྷག་དོན་ཐེངས་འདིའི་སྐོར་སྐྱོད་དེ་ཡིད་ཆེས་འཕེར་བ་ཞིག་ཡོང་མིན་ཐད་སེམས་འཚབ་ཀྱི་རྣམ་པ་བསྟན་པ་མ་ཟད། སྐོར་སྐྱོད་དེ་ལྕམ་སྐུ་མཆོག་ལ་བཟློག་ཏུ་མེད་པའི་བཙན་དབང་གིས་རྒྱ་ནག་གི་སྐོར་སྲུང་མི་སྣའི་ཚོད་འཛིན་འོག་ལ་གནང་དགོས་ངེས་ཡིན་པར་ཟུར་ཟ་གནང་འདུག
གཞི་རྩའི་ལྕམ་སྐུ་ Bachelet མཆོག་ཟླ་བ་འདི་ནང་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་གཏན་ཁེལ་བ་དང་འབྲེལ། གཟའ་འཁོར་སྔོན་མར་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་ཁུངས་ཨ་མའི་མདུན་དུ་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་སྣེ་ཁྲིད་གནང་སྟེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཡུ་གུར་དང་བོད་མི། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་སྡེ་ཁག་ཉི་ཤུས་མཉམ་འབྲེལ་ཐོག་གཙོ་འཛིན་ Bachelet མཆོག་གི་ཐག་གཅོད་ལ་སྐྱོན་བརྗོད་ཀྱིས་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ལྕམ་སྐུ་མཆོག་མཆོག་གི་ངོས་ནས་ད་བར་དུས་འགྱངས་ཀྱིས་འདོན་སྤེལ་མ་གནང་བའི་ཤར་ཏུ་ཀི་སིཐན་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་དུ་ངེས་པར་དུ་འདོན་སྤེལ་གནང་དགོས་པར་བསྐྱར་ནན་གནང་ཡོད་པ་རེད།




