Tibetan Royal Year of 2151 | Year of the Wood Dragon

ལྷོ་ཕྱོགས་བོད་མི་རྣམས་ཀྱིས་ཟས་བཅད་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བརྒྱུད་གསུམ་བཅུའི་དུས་དྲན་སྲུང་བརྩི།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནང་དུ་རྔམ་སྟོན་ཁྲོམ་སྐོར་དང་མའེ་སོར་གྲོང་ཁྱེར་ནང་དུ་ཟས་བཅད་ལས་འགུལ་དང་ཞུ་གཏུགས་སོགས་བརྒྱུད་ནས་བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སྦེང་ལོར་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག་བོད་ཁྱིམ་སྡོད་ཁང་ནས་འགོ་བཙུགས་ཏེ་ Cubbon park ཁུལ་གྱི་གསར་འགོད་མཐུན་ཚོགས་ཀྱི་ལས་ཁུངས་བར་ཁྱོན་སློབ་ཕྲུག་༡༠༠ ཙམ་མཉམ་ཞུགས་གནང་བའི་ཐོག་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་ཡོད། སྐབས་དེར་ལས་འགུལ་བ་རྣམས་ཀྱིས་མྱ་ངན་མཚོན་ཆེད་ལུས་ལ་གྱོན་གོས་ནག་པོ་སྤྲས་པ་དང་། ངོ་གདོང་སྟེང་བོད་དོན་དང་འབྲེལ་བའི་རི་མོ་འདྲ་མིན་བྲིས་པ་མ་ཟད། ཕྱག་ལ་བོད་ཀྱི་རྒྱལ་དར་བསྣམས་ནས་སྐད་ཤུགས་ཆེན་པོའི་ངང་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་དམར་གྱིས་བོད་ཀྱི་རིག་གཞུང་རྩ་གཏོར་དང་བོད་མི་དམར་གསོད་ཀྱི་བྱ་སྤྱོད་ཁག་ངེས་པར་དུ་མཚམས་འཇོག་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན། གོམ་བགྲོད་གནང་བ་དང་། དེའི་རྗེས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་དུ་སྐུ་མགྲོན་གཙོ་བོར་སྦེང་ལོར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་མངའ་སྡེའི་གནད་ཡོད་མི་སྣ་ཁག་གཅིག་གདན་ཞུས་ཐོག་དུས་དྲན་དང་འབྲེལ་བའི་གཏམ་བཤད་ཀྱི་ལས་རིམ་ཞིག་སྤེལ་ཡོད་པ་རེད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་སྐབས་དེར། ང་ཚོ་གཞོན་སྐྱེས་ཚོས་བོད་ནང་གི་མགྲིན་ཚབ་པ་བྱས་ནས་སེམས་ནང་རྒྱལ་ཁབ་གཅིག་དང་འཐབ་རྩོད་གཅིག་ཡིན་བསམ་པའི་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པར་གསུངས་སོང་། འདི་གའི་གསར་འགོད་པས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སློབ་མ་ཁག་ཅིག་ལ་ཁ་སང་གི་དུས་དྲན་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུ་སྐབས། སློབ་མ་ནོར་སྒྲོན་ལགས་ཀྱིས་བོད་ནང་གི་བོད་རིགས་སྤུན་ཟླ་ཚོས་རང་གི་རྒྱལ་ཁབ་ཆེད་རང་ལུས་མེར་བསྲེགས་གཏང་ཐུབ་སར་ངའི་ངོས་ནས་དེ་རིང་གི་ལས་འགུལ་ནང་ཞུགས་རྒྱུ་དེ་ངའི་འོས་འགན་ཡིན་སྐོར་འགྲེལ་བརྗོད་གནང་སོང་། སློབ་མ་འོད་ཟེར་ལགས་ཀྱིས་མི་རབས་རྒན་པ་ཚོས་བོད་དོན་སླད་ཕྱག་ལས་གནང་བ་དག་ལ་རྗེས་དྲན་དང་འབྲེལ། བོད་མི་གཞོན་སྐྱེས་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་གཅེས་འཛིན་ཐུབ་དགོས་པ་དེ་གཞོན་སྐྱེས་ཀྱི་འོས་འགན་ཡིན་སྐོར་གསུངས་བྱུང་། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་དང་ཧུན་སུར་དང་ཀོ་ལེ་གྷལ་གསུམ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་དང་མེ་སོར་སློབ་ཕྲུག་ལྷན་ཚོགས་བཅས་མཉམ་རུབ་ཐོག་ནས། མེ་སོར་གྲོང་ཁྱེར་ནང་དུ་ཕྱི་ཚེས་ ༩ ཉིན་རྫོང་དཔོན་ལས་ཁུངས་མདུན་ལ་ཟས་བཅད་ལས་འགུལ་སྤེལ་བ་དང་། ཕྱི་ཚེས་ ༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་དང་རྒྱ་གར་གྱི་སྲིད་བློན་རྣམས་གཉིས་ཀྱི་མཚན་ཐོག་ཞུ་སྙན་ཞིག་ཕུལ་བའི་སྒོ་ནས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༣ པ་སྲུང་བརྩི་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།