Slovakia སོ་ལོ་ཝ་ཀི་ཡཱའི་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ནང་དུ་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་མངོན་གསལ་ཐེར་འདོན་དང་འབྲེལ། ཚགས་ཤོག་དང་དུས་དེབ། དྲ་ཚིགས་སོགས་ཀྱི་ནང་དུའང་དེ་འབྲེལ་དྲིལ་བསྒྲགས་དང་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཙམ་མ་ཟད། ཤུགས་རྐྱེན་ཆེ་བའི་མི་སྣ་དང་གསར་འགོད་པ་སོགས་རྒྱ་ནག་ནང་དུ་འཁྲིད་དེ་བཟང་ཕྱོགས་ཀྱི་རྣམ་པ་འདོན་ཐབས་བྱེད་བཞིན་པ་མངོན་གསལ་གནང་འདུག

དེ་ཡང་ Reporters Without Borders (RSF) འམ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ Slovak Daily སོ་ལོ་ཝཀ་ཉེན་རེའི་གསར་ཤོག་ཐོག་ Denník N བརྒྱུད་ལམ་གྱིས་སོ་ལོ་ཝ་ཀི་ཡའི་ནང་རྒྱ་ནག་གི་དྲིལ་བསྒྲགས་སྤེལ་ཕྱོགས་དང་འབྲེལ་བའི་སྐོར་ལ་རྩོམ་སྤེལ་བ་ལུང་འདྲེན་གྱིས་གནས་ཚུལ་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་དང་བརྒྱུད་ལམ། དུས་དེབ་ཁག་གི་སྤྱི་ཁྱབ་རྩོམ་སྒྲིག་པ། དེ་བཞིན་གསར་འགོད་པ་སོགས་ལ་རྒྱ་ནག་གིས་འཐབ་བྱུས་ལྡན་པའི་ཐོག་ནས་དངུལ་དང་འབྲེལ་ལམ། དེ་བཞིན་མཉམ་ལས་བྱ་ཐབས་ཀྱི་གནད་དོན་འོག་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་མངོན་རྒྱུ་ཡོད་བརྗོད་འདུག
རྩོམ་ཡིག་དེའི་ནང་དེ་སྔོན་ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ Slovak Television (STV) འམ་སོ་ལོ་ཝཀ་བརྙན་འཕྲིན་གྱི་འགན་འཛིན་བྱས་མྱོང་མཁན་ Štefan Nižňanský ཡིས་ཡུལ་དེ་གའི་ Extra Plus ཞེས་པའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་པའི་དུས་དེབ་དེའི་ཐོག རྒྱ་ནག་གཞུང་འབྲེལ་གནས་ཚུལ་མཁོ་སྤྲོད་བརྒྱུད་ལམ་ CCTV+ ཞེས་པ་དེར་རྒྱ་ནག་གི་དྲིལ་བསྒྲགས་མེད་ཅེས་བཤད་ཡོད་པ་ལུང་འདྲེན་གྱིས། དེ་ཡང་དེ་སྔོན་ཁོང་རྒྱ་ནག་ལ་བདུན་ཕྲག་གཅིག་ཙམ་ཕྱིན་སྐབས་ཀྱི་མྱོང་ཚོར་དང་འབྲེལ་ནས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ལ་གཞིགས་ཏེ། སོ་ལོ་ཝ་ཀི་ཡ་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྒྱུད་ལམ་གཙོ་གྲས་ཚོས་རང་དབང་ལྡན་པའི་ཐོག་ནས་གནས་ཚུལ་འགོད་སྤེལ་ཇི་ལྟར་བྱེད་དགོས་མིན་ཤེས་དགོས་སྐོར་དང་། དེ་བཞིན་རྒྱ་ནག་གི་བརྒྱུད་ལམ་ཐོག་གནས་ཚུལ་བཤད་མཁན་རྣམས་བདེན་པར་རྩ་འཛིན་དང་དྲི་བ་གཏོང་སྐབས་སྐབས་དོན་དང་འབྲེལ་བ་ཡོད་པ། ལྷག་པར་འགྲེལ་བཤད་གང་ཡང་མེད། བར་འཚང་མི་བྱེད་པ། རང་ཉིད་ཀྱི་བསམ་ཚུལ་འདོན་གྱི་མེད་པ། དྲིལ་བསྒྲགས་ཀྱང་བྱེད་ཀྱི་མེད་ལུགས་སོགས་བཤད་ཡོད་པ་བཀོད་འདུག འོན་ཀྱང་ Štefan Nižňanský རྒྱ་ནག་ནང་དུ་ཕྱིན་པ་དེའི་འགྲོ་གྲོན་ཇི་འདྲ་ཡིན་མིན་ཐད་བཀའ་འདྲི་ཞུས་འདུག་པར་ Extra Plus དུས་དེབ་ཀྱི་ངོས་ནས་ལན་འདེབས་གང་ཡང་བྱེད་མེད་པ་རེད་འདུག
དེ་བཞིན་ Extra Plus དུས་དེབ་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ Lenka Mayerová ཡིས་སོ་ལོ་ཝ་ཀི་ཡཱ་ནང་གི་རྒྱ་ནག་གཞུང་ཚབ་པ་ Cai Ge ཚཡེ་གཱ་ལ་བཅར་འདྲི་ལས་རིམ་ཞིག་གི་ཐོག་རྒྱ་ནག་ལ་བཟང་ཕྱོགས་ཁོ་ནའི་རྣམ་པའི་ཐོག་ནས་དྲི་བ་དྲི་ཡོད་པ་ལུང་འདྲེན་གྱིས། རྒྱ་ནག་གཞུང་ཚབ་པས་ལན་འདེབས་སྐབས་སུའང་གང་བཤད་ལ་དུས་ཚོད་ཚོད་འཛིན་མི་བྱས་པ་དང་། ལྷག་པར་དུས་དེབ་དེའི་ཐོག་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་གཞུང་ཚབ་པས་ལོ་ལྔ་ཚན་གྱི་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། སོ་ལོ་ཝ་ཀི་ཡཱ་ལ་གོ་སྐབས་ཆེན་པོ་ཡོད་ལུགས་བཤད་ཡོད་པ་དང་། ད་དུང་ཁོ་པས་ཡུལ་དེ་གའི་རིག་གཞུང་བློན་ཆེན་དང་རྩེད་རིགས་བློན་ཆེན། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་དང་ཐུག་འཕྲད་སོགས་ཀྱི་གནས་ཚུལ་འགོད་སྤེལ་བྱས་ཡོད་པ་བཀོད་འདུག འོན་ཀྱང་རྒྱལ་ཁབ་གཞན་གྱི་གཞུང་ཚབ་པའི་ལས་དོན་དང་འབྲེལ་ནས་དེ་ཙམ་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་ཀྱི་མེད་སྟབས། རྩོམ་སྒྲིག་འགན་འཁུར་ཚོགས་ཆུང་ལ་རྒྱ་ནག་གཞུང་ཚབ་ཁང་དང་མཉམ་དུ་དངུལ་ཕོགས་དང་འབྲེལ་ནས་མཉམ་ལས་བྱེད་ཀྱི་ཡོད་མེད་དྲི་བ་དྲི་འདུག་པར་དེར་ལན་འདེབས་གང་ཡང་བྱུང་མི་འདུག
ཨེ་ཤི་ཡའི་རིག་པའི་དབུས་ཡོ་རོབ་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་དང་རྒྱ་ནག་ཐོག་ཆེད་མཁས་པ་ Matej Šimalčík ཡིས་རྒྱ་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་མངོན་འདོད་དང་མཐུན་པའི་ལམ་ནས་རྒྱ་ནག་འདི་བཞིན་བཟང་ཕྱོགས་ཀྱི་རྣམ་པ་གསལ་སྟོན་དང་འབྲེལ་བའི་ Narrative འམ་འགྲེལ་བརྗོད་ལ་འགྱུར་བ་གཏོང་ཐབས་ཆེད་ཕྱི་འབྲེལ་མི་སྣའི་བསྒྲགས་གཏན་འདོན་སྤེལ་དང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་ལྷན་དུ་གནས་ཚུལ་བརྗེ་རེས་ཀྱི་འབྲེལ་ལམ། ཤུགས་རྐྱེན་ཆེ་བའི་མི་སྣ་དང་ལྷན་དུ་མཉམ་ལས། འགྲོ་གྲོན་བཏང་སྟེ་གསར་འགོད་པ་མགྲོན་འབོད་སོགས་ཀྱི་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག
ལྷག་པར་ཕྱི་ལོ་ ༢༠༡༩ ལོར་སོ་ལོ་ཝ་ཀི་ཡཱའི་གསང་བའི་ལས་ཁུངས་ཏེ། Slovak Information Service (SIS) སོ་ལོ་ཝ་ཀི་ཡཱའི་གནས་ཚུལ་ཞབས་ཞུའི་ཚན་པས་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གིས་ཡུལ་དེ་གའི་ནང་སྤེལ་བའི་བྱེད་སྒོ་ཁག་ལ་ཞིབ་འཇུག་བྱས་ཏེ། རྒྱ་རིགས་ཡུལ་གྱུར་བ་དང་ས་གནས་ཀྱི་བརྒྱུད་ལམ་ཆུང་ཚགས་རིགས་རྒྱ་ནག་གི་དྲིལ་བསྒྲགས་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་ར་སྤྲོད་དང་། དྲིལ་བསྒྲགས་ཀྱི་ལས་དོན་དེ་དག་གི་ཉེན་ཁ་ནི་རྒྱ་ནག་གསང་བའི་ལས་ཁུངས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་གསལ་སྟོན་གནང་འདུག
མ་ཟད་རྒྱ་ནག་གིས་དྲིལ་བསྒྲགས་འདི་བཞིན་ Extra Plus དུས་དེབ་དང་བརྒྱུད་ལམ་ཙམ་མིན་པར་ Nové slovo དང་ Hlavný denník དྲ་ཚིགས་སོགས་ཀྱི་ནང་དུའང་དེ་སྔོན་རྒྱ་ནག་གཞུང་ཚབ་ཟུར་པས་རྩོམ་ཡིག་སྤེལ་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ནང་ད་ལྟའི་རྒྱ་ནག་གཞུང་ཚབ་པས་ Nové slovo དྲ་ཚིགས་ཐོག་ཐའེ་ཝན་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་གནད་དོན་བཅས་ཀྱི་ཐོག་ལ་དྲིལ་བསྒྲགས་སྤེལ་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་ Slovak National Party སོ་ལོ་ཝ་ཀི་ཡཱའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་འཐུས་མི་དང་འབྲེལ་ཡོད་པའི་མི་སྒེར་གྱི་གཉེར་བཞིན་པའི་དྲ་ཚིགས་ Veci verejné ནང་དུའང་དྲིལ་བསྒྲགས་སྤེལ་བཞིན་ཡོད་པ་མ་ཟད། Dav Dva དང་ Zem a vek དེ་བཞིན་ TVorba སོགས་བརྒྱུད་ལམ་ཁག་མང་པོའི་ལ་ཤུགས་རྐྱེན་བརྒྱུད་དེ་རྩོམ་ཡིག་དང་སྐྱོན་བརྗོད་མེད་པའི་བཅར་འདྲི་བྱས་ཡོད་སོགས་ལུང་འདྲེན་གནང་འདུག
གཞི་རྩའི་རྒྱ་ནག་གཞུང་འབྲེལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ CCTV+ ནས་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་སི་ལོ་ཝ་ཀི་ཡཱའི་བརྒྱུད་ལམ་ཁག་ལ་མཉམ་འབྲེལ་བྱ་རྒྱུའི་འབོད་སྐུལ་བྱས་ཏེ། CCTV+ བརྙན་ཐུང་རྣམས་རིན་མེད་ཐོག་བེད་སྤྱོད་བྱེད་ཆོག་པ་བརྗོད་འདུག་ཅིང་། ད་དུང་བརྒྱུད་ལམ་ཐོག་ནས་ཡོང་འབབ་བཟོ་ཐུབ་རྒྱུའི་འབོད་སྐུལ་དང་འབྲེལ། CCTV+ ཡིས་ངོ་སྤྲོད་རྒྱབ་གཉེར་བྱས་པའི་གནས་ཚུལ་ཁྱབ་སྤེལ་ཐད་ཡོང་འབབ་བཟོ་ཐུབ་པའི་ཁས་ལེན་ཡང་བྱས་འདུག གནད་དོན་དེ་དང་འབྲེལ་ནས་ཨེ་ཤི་ཡའི་རིག་པའི་དབུས་ཡོ་རོབ་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་དང་རྒྱ་ནག་ཐོག་ཆེད་མཁས་པ་ Matej Šimalčík ལགས་ཀྱིས། གནས་ཚུལ་མཁོ་སྤྲོད་བྱེད་མཁན་བརྒྱུད་ལམ་ News Agencies ལ་གསར་ཁང་དང་བརྒྱུད་ལམ་ཁག་གིས་གནས་ཚུལ་མཁོ་སྒྲུབ་ཆེད་དངུལ་སྤྲོད་དགོས་ཀྱི་ཡོད་ཀྱང་། CCTV+ ནས་བརྒྱུད་ལམ་ཁག་ལ་ཕར་དངུལ་སྤྲོད་རྒྱུའི་ལམ་སྲོལ་དེ་ནི་དེ་སྔོན་བྱུང་མ་མྱོང་བ་ཞིག་ཡིན་སྟབས། དེ་ནི་གནས་ཚུལ་རྫུན་མ་སྤེལ་མཁན་གྱི་བརྒྱུད་ལམ་ཁག་ལ་ཡིད་དབང་འཕྲོག་པོ་ཞིག་ཡོང་སྲིད་པ་དེ་ལྟར་ཡང་། རྒྱ་ནག་གིས་ཐབས་ལམ་དེ་དག་བརྒྱུད་དེ་དངུལ་གྱི་ངན་སྐུལ་བྱེད་བཞིན་ཡོད་པ་ཉེན་བརྡ་བཏང་འདུག




