སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔའི་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཟུར་པ་སྐུ་ཞབས་ Mikhail Gorbachev མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག
དགུང་ལོ་ ༩༡ ལ་ཕེབས་པའི་སྐུ་ཞབས་ Gorbachev མཆོག་ནི་ USSR ཞེས་དེ་སྔའི་ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་འཛིན་མཐའ་མ་དེ་ཡིན་པ་དང་། ཁོང་ནི་སྐབས་དེ་དང་དེའི་ཚེ་ཨུ་རུ་སུའི་དམར་ཤོག་གཞུང་ལ་བཅོས་སྒྱུར་གྱིས་ཨ་རི་དང་ལྷན་དུ་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་གནང་རྒྱུ་གཙོས་གྲང་དམག་གི་ཁོར་ཡུག་མེད་པ་བཟོ་མཁན་གྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་གནང་བར་མ་ཟད། ཕྱི་ལོ་ ༡༩༩༠ ལོར་འཛམ་གླིང་ནང་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་རེད།
ཁོང་ཁ་ཉིན་ཕྱི་ཚེས་ ༣༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འཕྲལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དམ་དེ་ཉིད་ཀྱི་ཐེབས་རྩ་ཁང་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་། དམ་པ་ཁོང་་ནི་འཆར་སྣང་ལྡན་ཞིང་མིག་དཔེར་འོས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པར་བཀའ་སྩལ་བ་དང་སྦྲགས། དམ་པ་ཁོང་ལ་ཐུགས་སྨོན་དང་བཅས་ཤུལ་ལུས་ཁོང་གི་སྲས་མོ་ Irina Virganskaya ལགས་ཀྱིས་གཙོས་པའི་སྐུ་འཁོར་རྣམས་དང་རྒྱབ་སྐྱོར་བ་བཅས་ལ་ཐུགས་གསོ་མཛད་འདུག
༸གོང་ས་མཆོག་གིས་གསུང་འཕྲིན་ནང་དམ་པ་ཁོང་གིས་རྒྱལ་ཁབ་ནང་གུ་ཡངས་དང་གསར་བརྗེ་གནང་བ་གཙོས་རྡུལ་ཕྲན་མཚོན་ཆར་དགག་གནང་བའི་རླབས་ཆེའི་མཛད་རྗེས་ལ་ངོས་ཀྱིས་གུས་བརྩི་ཆེན་པོ་ཞུ་ཡི་ཡོད་ལ། ཁོང་གིས་འཛམ་གླིང་ལ་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་གནང་བར་ཐུགས་བརྩོན་ཆེན་ཕྱག་ལས་གནང་ཡོད་སྐོར་སོགས་དྲན་གསོ་མཛད་འདུག 
དེབཞིན་མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་ཟླའི་ནང་ངོས་དང་སྐུ་ཞབས་ཁོང་འཛམ་གླིང་གི་ཞི་བདེའི་གླེང་སྟེགས་འདྲ་མིན་ཐོག་ལྷན་ཞུགས་མཛད་མྱོང་ཡོད་པ་དང་དེ་ནས་རིམ་པས་ཕན་ཚུལ་དབར་མཛའ་འབྲེལ་བཟང་པོ་གྱུར་ཡོད་ཅེས་བཀའ་སྩལ་འདུག
སྐུ་ཞབས་གོ་བྷ་ཆོའུ་མཆོག་ནི་འཆར་སྣང་ལྡན་ཞིང་མིག་དཔེར་འོས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པར་མ་ཟད། ལྷག་དོན་ཁོང་བགྲེས་ཡོལ་ལ་ཕེབས་པའི་རྗེས་སུའང་གོ་ལ་ཁྱོན་ལ་ཞི་བདེ་གོང་འཕེལ་དང་གོ་ལ་འདུམ་འགྲིག་གི་ཕྱག་ལས་ཁག་མུ་མཐུད་གནང་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག སྐུ་ཞབས་ཁོང་གིས་ཐུགས་འགན་གཙོ་བཞེས་ཀྱིས་ World Summit of Nobel Peace Laureates ཞེས་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་གསར་བསྐྲུན་བརྒྱུད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གང་ཟག་དང་འབྲེལ་བའི་ཚོགས་པ་རྣམས་ལྷན་འཛོམས་ཀྱིས་གོ་ལ་འདིར་སྔར་ལྷག་བྱམས་བརྩེ་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་དགོངས་འཆར་ཆེད་འདོན་གནང་གི་ཡོད་སྐོར་བཀའ་སྩལ་འདུག
གསུང་འཕྲིན་མཐའ་མར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་གིས་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད། ང་ཚོས་མུ་མཐུད་ནས་ཁོང་གི་སྙིང་སྟོབས་གསོན་གནས་ཐུབ་པ་གནང་དགོས། དེའང་ཁོང་གིས་འཛམ་གླིང་འདི་རང་དབང་ལྡན་ཞིང་དམག་འཁྲུགས་མེད་པ་ཞིག་བསྐྲུན་པར་དགོངས་བཞེས་ཡོད་དོན་བཞིན་སྤྲོ་སེམས་འཁོལ་བའི་ནས་ནས་བློ་ཐག་གཙང་བཅད་ཀྱིས་འཇུག་དགོས་པ་བཅས་ལམ་སྟོན་མཛད་ཡོད།
གཞི་རྩའི་ Mikhail Gorbachev མཆོག་ནི་ཕྱི་ལོ་ ༡༩༣༡ ཟླ་ ༣ ཚེས་ ༢ ཉིན་ཨུ་རུ་སུ་ནང་ཞིང་པ་དབུལ་པོའི་ཁྱིམ་གཞིར་སྐུ་འཁྲུངས་ཞིང་། Moscow གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་མཐར་ཕྱི་ལོ་ ༡༩༥༥ ལོར་ཁྲིམས་རྩོད་པའི་ཕྱག་འཁྱེར་བཞེས། ཕྱི་ལོ་ ༡༩༩༠ ལོར་ཁོང་ལ་འཛམ་གླིང་ནང་སྙན་པར་གྲགས་པའི་ ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ལ་ཁོང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་འཛམ་གླིང་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཐེངས་ ༡༢ ཐོག་ ལྷན་ཞུགས་ཀྱི་གོ་ལ་སྤྱིར་སྨན་པའི་བཀའ་བསྡུར་མཛད་མྱོང་ཡོད་པ་རེད། འབྲེལ་ཡོད་པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།




