སྐུ་ཞབས་Tim Walz ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་ཐོན།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

ཁ་སང་ཕྱི་ཚེས་ ༦ ཉིན་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ད་ལྟའི་སྲིད་འཛིན་གཞོན་པ་ལྕམ་སྐུ་ Kamala Harris  ལགས་ཀྱིས་ཁོང་གི་ཕྱག་རོགས་སམ་སྲིད་འཛིན་གཞོན་པའི་འོས་མིར་ཡུན་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཁ་གཏད་དང་། བོད་དོན་རྒྱབ་སྐྱོར་གནང་མྱོང་མཁན་ཨ་རི་ Minnesota མངའ་སྡེའི་སྤྱི་ཁྱབ་ Tim Walz ལགས་མིང་བཏོན་གནང་འདུག

Tim Walz

དེ་ཡང་འདི་ལོའི་ཕྱི་ཟླ་ ༡༡ གི་ཚེས་ ༥ ཉིན་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་བསྟུན། ད་ཆ་ཨ་རིའི་ནང་དུ་འོས་བསྡུ་དང་འབྲེལ་བའི་ལས་དོན་མང་དག་ཅིག་ཚ་ཚ་འུར་འུར་ངང་འགྲོ་བཞིན་པའི་ཁྲོད། ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ཡོངས་མང་གཙོ་ཚོགས་པས་ལྕམ་སྐུ་ Kamala Harris ལགས་ཚོགས་པ་དེ་ཉིད་ཀྱི་སྲིད་འཛིན་འོས་མིར་མིང་འདོན་གནང་བའི་ཚོུད་ཁ་ཤས་ཀྱི་རྗེས། ལྕམ་སྐུ་མཆོག་གིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་ Minnesota མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་ Tim Walz ལགས་སྲིད་འཛིན་གཞོན་པའི་འོས་མིར་གདམ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་དང་སྐུ་ཞབས་ཁོང་ལ་ལྕམ་སྐུ་ཉིད་ཀྱི་མཉམ་འབྲེལ་འོས་མི་གནང་རོགས་ཞེས་རེ་སྐུལ་ཞུས་པ་དེ་གསལ་བསྒྲགས་གནང་བར་སྤོབས་པ་ཆེན་པོ་ཡོད་ཅེས་གསུངས་འདུག་པ་མ་ཟད། ཁོང་ནི་འཐབ་རྩོད་ཀྱི་ཉམས་མྱོང་ལྡན་པའི་དབུ་ཁྲིད་ཅིག་དང་དམག་ཟུར། དེ་བཞིན་དགེ་རྒན་དང་མངའ་སྡེའི་སྤྱི་ཁྱབ་བཅས་ཀྱི་ངོ་བོའི་ཐོག་ནས་ཁྱིམ་ཚང་མང་པོའི་བདེ་སྡུག་ལ་གཟིགས་རྟོག་གནང་བའི་མཛད་རྗེས་གཟེངས་སུ་ཐོན་པ་སྟོན་རྒྱུ་ཡོད་པའི་མི་སྣ་ཞིག་ཡིན་སྟབས། ཁོང་ལྟ་བུ་ལྕམ་སྐུ་ཉིད་ཀྱི་ཚོགས་པའི་ནང་དུ་ཡོད་པ་དེ་ཧ་ཅང་ཡག་པོ་རེད་ཅེས་བསྔགས་བརྗོད་གནང་སྟེ་ཁོང་རྣམས་ཀྱི་མཉམ་འབྲེལ་ལས་དོན་འགོ་འཛུགས་བྱེད་དགོས་ཞེས་གསུངས་འདུག

Tim Walz

ལྕམ་སྐུ་ Kamala Harris ལགས་ཀྱི་ཕྱག་རོགས་སམ་སྲིད་འཛིན་གཞོན་པའི་འོས་མིར་མཚན་བཏོན་གནང་བའི་ Minnesota མངའ་སྡེའི་སྤྱི་ཁྱབ་ Tim Walz ལགས་ནི་ནམ་རྒྱུན་དུ་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། དེ་སྔ་གྲོས་ཚོགས་འཐུས་མི་ཡིན་སྐབས། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ནན་སི་པེ་ལོ་སི་ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་དང་རྒྱ་ནག་ནང་ཆེད་ཕེབས་གནང་སྐབས་ཁོང་ཡང་ཕེབས་ཡོད་པ་དང་ལྷག་དོན་ཕྱི་ལོ་ ༢༠༡༡ ལོར་ CECC ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལོ་འཁོར་སྙན་ཐོ་འདོན་གནང་སྐབས་སྐུ་ཞབས་ Tim Walz ལགས་ནི་ཚོགས་ཆུང་དེའི་ཚོགས་མི་ཡིན་ཞིང་ཁོང་གིས་སྐབས་དེར་རྒྱ་གཞུང་གི་གནོན་ཤུགས་འོག་བོད་མི་དང་ཡུ་གུར། གྲངས་ཉུང་མི་རིགས་གཞན་ཚོས་སོ་སོའི་ཆོས་དང་རིག་གཞུང་། འཚོ་བའི་མདུན་ལམ་སྲུང་སྐྱོབ་ཐད་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད་ཅེས་གསུངས་ཡོད། མ་ཟད་ཁོང་གིས་རྒྱ་གཞུང་གི་དཔོན་རིགས་ཚོས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་དུ་བརྩི་མཐོང་བྱས་ཀྱི་མེད་ཅེས་མངོན་གསལ་གནང་བ་དང་། གཞན་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཁག་ཏུ་མཉམ་ཞུགས་གནང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་ཁྱིམ་ཚང་གི་ཡོང་འབབ་མཐོ་རུ་ཕྱིན་པ། དེ་བཞིན་ལྕགས་ལམ་ལས་གཞི་བཟོ་སྐྲུན་བྱས་པ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་དེང་རབས་ཅན་དུ་བསྒྱུར་བའི་བརྒྱུད་རིམ་མགྱོགས་སུ་བཏང་ཡོད་ཀྱང་ཁོང་རྣམས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་བོད་ཀྱི་ཉམས་སླ་བའི་སྣོད་བཅུད་ཀྱི་གནས་སྟངས་སྲུང་སྐྱོབ་སླད་རྒྱ་ནག་དང་མཉམ་དུ་དོན་ཕན་ལྡན་པའི་གྲོས་མོལ་མུ་མཐུད་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་ཆབས་ཅིག ཨ་རི་ནི་ཡོངས་ཁྱབ་རང་དབང་གི་ལྟ་བའི་ཐོག་ནས་གསར་འཛུགས་བྱས་པ་ཞིག་ཡིན་སྟབས། ཨ་རིའི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་ཚོར་ཆོས་ལུགས་རང་དབང་ཆ་ཚང་བ་སྤྲོད་དགོས་པའི་སྐུལ་མ་མུ་མཐུད་བྱེད་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

Tim Walz

ལྷག་དོན་སྐུ་ཞབས་ Tim Walz ལགས་མི་ནི་སོ་ཊར་བཞུགས་སྐབས་ཁུལ་དེའི་བོད་མིའི་སྤྱི་མཐུན་ཚོགས་པ་དང་མཉམ་དུ་འབྲེལ་བ་ཡག་པོ་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མི་ནི་སོ་ཊར་ཆིབས་བསྒྱུར་བསྐྱངས་སྐབས་མགོན་པོ་༸གང་ཉིད་མཆོག་ལ་མཇལ་འཕྲད་ཞུས་པ་མ་ཟད།  སྐབས་དེར་ལྷན་རྒྱས་སུ་སྒྲོན་པའི་༸སྐུ་པར་ཞིག་ཁོང་གིས་དྲྭ་གནས་སུ་སྤེལ་ཏེ་༸གོང་ས་མཆོག་དང་མཉམ་འགྲོ་བ་མིའི་བཟང་སྤྱོད་དང་བྱམས་སྙིང་རྗེའི་སྐོར་གླེང་རྒྱུ་བྱུང་ལ་ཁོང་གིས་ཉིན་རེའི་འཚོ་བའི་ཁྲོད་དུ་རིན་ཐང་ཆེ་བའི་ལམ་སྟོན་དེ་དག་ལག་བསྟར་ཡོང་ཐབས་བྱེད་བཞིན་ཡོད་ཅེས་བཀོད་འདུག

Tim Walz

རྩ་བའི་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ཁོང་སྲིད་འཛིན་གྱི་འོས་གཞིར་བཞེངས་རྒྱུ་མིན་པའི་ཐག་གཅོད་གནང་བ་དང་སྦྲགས་ཁོང་གི་ཚབ་ཏུ་སྲིད་འཛིན་གྱི་འོས་གཞིར་ད་ལྟའི་སྲིད་འཛིན་གཞོན་པ་ Kamala Harris ལགས་མཚན་བཏོན་གནང་བ་ནས་བཟུང་། བརྒྱུད་ལམ་ཁག་གི་ཐོག་ལྕམ་སྐུ་ Kamala Harris ལགས་ཀྱི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཐད་དཔྱད་པ་མང་དག་ཅིག་བྱེད་བཞིན་པའི་ནང་དུ། ལྕམ་སྐུ་ཁོང་ནས་རྒྱ་ནག་གི་ཐོག་ལ་སྲིད་འཛིན་ Biden མཆོག་དང་བཞེངས་ཕྱོགས་གཅིག་མཚུངས་འཛིན་རྒྱུ་དང་། དེའང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་དང་། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སླད་མཐུན་གྲོགས་རྒྱལ་ཁབ་ལྷན་དུ་མཉམ་འབྲེལ། དེ་བཞིན་ཚོང་འབྲེལ་ཐད་རྒྱ་ནག་དང་འགྲན་ཟླ་དང་གདོང་ལེན་གྱི་བཞེངས་ཕྱོགས་གཅིག་མཚུངས་འཛིན་སྲིད་པ། ལྷག་པར་དེ་སྔ་ཁོང་ནས་ཐའེ་ཝན་གྱི་རྒྱལ་སྲུང་ལ་རྒྱབ་སྐྱོར་གྱིས་བཞེངས་ཕྱོགས་འཛིན་ཡོད་པ་དེ་རང་འཇགས་གནས་རྒྱུ་སོགས་ཀྱི་ཚོད་དཔག་གནང་བཞིན་འདུག

Tim Walz

འབྲེལ་ཡོད་གསར་གནས།

གསར་གནས།