Tibetan Royal Year of 2151 | Year of the Wood Dragon

སྐུའི་ཡང་སྲིད་འདེམས་སྒྲུག་གི་བདག་དབང་རྒྱ་ནག་ལ་རང་བཞིན་དུ་ཡོད་ཚུལ་བརྗོད་འདུག

Tibetan News Headlines

  • Dalai Lama’s 89th birthday marked in French Senate
  • UN Member States urged to press Beijing on UPR recommendations
  • 2nd International Tibet Youth Forum concludes
  • Labor Party wins UK General Election; Keir Starmer succeeds Sunak as next British PM

རེས་གཟའ་པ་སངས། ༢༠༢༤།༠༧།༠༥

  • ཧྥ་རན་སིའི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སོག་ཡུལ་དུ་སྙིང་རྗེའི་དུས་སྟོན་སྒོ་ནས་འཁྲུངས་སྐར་བསུ་བརྩི་ཞུ་རྒྱུ།
  • རྒྱལ་ཚོགས་ངོས་ནས་དུས་བཀག་བསྐྱར་ཞིབ་ཀྱི་རྒྱབ་གཉེར་ཐད་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲོད་དགོས།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ།
  • ཨིན་ཡུལ་འོས་བསྡུའི་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་མ་འོངས་པར་རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་ཕེབས་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མི་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་མཛད་རྒྱུ་བཀའ་སློབ་ཕེབས་པ་ལྟར། རིང་མིན་༸མགོན་པོ་གང་ཉིད་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ལ་ཉེ་བ་དང་བསྟུན། རྒྱལ་སྤྱིའི་ཁྲོད་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་དོ་སྣང་ཆེན་པོ་གནང་བཞིན་པའི་སྐབས་འདིར། རྒྱ་ནག་ངོས་ནས་གནད་དོན་དེའི་ཐོག་སླར་ཡང་ཐེ་གཏོགས་ཙམ་མ་ཟད། རྒྱལ་བའི་ཡང་སྲིད་འདེམས་སྒྲུག་གི་གནད་དོན་ཐད་རྒྱ་ནག་ལ་རང་བཞིན་གྱི་བདག་དབང་ཡོད་ཚུལ་བརྗོད་འདུག

China Tibetology Research Centre (CTRC)

དེ་ཡང་ South China Morning Post གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། China Tibetology Research Centre ཞེས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ཆོས་ལུགས་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་ Laxianjia ཡིས་གཟའ་འཁོར་སྔོན་མར་པེ་ཅིང་དུ་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་ལུང་འདྲེན་དང་འབྲེལ། ཁྲིམས་སྲོལ་དེའི་ནང་ལོ་རྒྱུས་ཀྱི་ཤུལ་བཞག་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ དེ་བཞིན་རྒྱ་ནག་དབུས་གཞུང་གི་ཆོག་མཆན་བཅས་རྩ་དོན་གསུམ་བཀོད་ཡོད་པ་འགྲེལ་བརྗོད་ཀྱིས། ད་ལྟའི་ཆར་༸གོང་ས་མཆོག་རྒྱ་ནག་ཕྱི་ལོགས་སུ་བཞུགས་ཡོད་པ་དེ་ལྟར་ཡང་། ༸གོང་ས་མཆོག་གི་སྤྲུལ་བའི་སྐུ་དེ་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་དང་། དེ་འབྲེལ་དགོན་པ་ཕལ་མོ་ཆེ་རྒྱ་ནག་ནང་དུ་ཡོད་སྟབས། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་སྲ་བརྟན་སླད་ཕྱི་ལོ་ ༢༠༠༧ གྱི་ཁྲིམས་སྲོལ་ནང་གསལ་རྩ་དོན་གསུམ་པོ་དེ་དག་ལག་བསྟར་བྱ་རྒྱུ་ནི་རང་བཞིན་གྱི་འགྲོ་སྟངས་ཞིག་ཡིན་པ་བཤད་འདུག

China Tibetology Research Centre (CTRC)

ལ་ཤིན་ཅཱ་ཡ་ཡིས་ད་དུང་༸གོང་ས་༸སྐུ་ཕྲེང་དང་པོ་ནས་བཅུ་གསུམ་བར་ཚང་མས་བོད་བརྒྱུད་ནང་བསྟན་གོང་འཕེལ་ཐོག་ཞབས་འདེགས་གལ་ཆེན་བསྒྲུབས་ཡོད་པ་དེ་ལྟར་ཡང་། ༸གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཀྱི་ངོ་བོ་དང་ལྷག་པར་ཕྱི་རྒྱལ་ཁག་གི་ཕྱོགས་བསྐྱོད་ཁྲོད་ཆབ་སྲིད་ཀྱི་ལས་དོན་སྤེལ་བཞིན་པ་དག་གི་ཐོག་གོ་རྟོགས་གསལ་པོ་ཆགས་པའི་ཁྲོད་བོད་ནང་གི་བོད་མི་ཚོས་༸སྐུ་ཕྲེང་བཅུ་བཞི་པར་སྔར་བཞིན་དད་གུས་དེ་ཙམ་བྱེད་ཀྱི་མེད་ཚུལ་བརྗོད་འདུག

ཕྱོགས་མཚུངས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་དེང་རབས་བོད་ཀྱི་སློབ་གཉེར་ཁང་གི་འགན་འཛིན་ Zhang Shigao ཡིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་མ་ཐུབ་པའི་རྒྱུ་རྐྱེན་༸གོང་ས་མཆོག་ལ་ཐུག་ཡོད་པ་སྐྱོན་བརྗོད་དང་འབྲེལ། ༸གོང་ས་མཆོག་གིས་རྒྱ་ནག་གི་ཆ་རྐྱེན་ཁག་ལ་བསམ་ཤེས་དང་ལག་བསྟར་གང་ཡང་མ་བྱས་པ་མ་ཟད། གྲོས་མོལ་བརྒྱུད་ནས་བོད་རང་བཙན་དང་། ཕྱེད་རང་བཙན་ནམ། རྣམ་པར་རྒྱལ་བའི་རང་བཙན་རྩོད་བཞིན་པའི་སྐྱོན་བརྗོད་བྱས་འདུག

ཚོགས་འདུ་དེའི་ཐོག་གི་དཔྱད་བརྗོད་པ་ཚོས་ད་དུང་པེ་ཅིང་གཞུང་གིས་བོད་ལ་དབྱིན་ཡིག་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་པའི་ཐ་སྙད་བེད་སྤྱོད་བྱས་པ་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བར་བདག་དབང་ཡོད་པ་གསལ་འདོན་བྱ་རྒྱུའི་ཐབས་ལམ་ཞིག་ཡིན་པ་དང་། Tibet ཅེས་པའི་ཐ་སྙད་དེ་རྒྱ་ཁྱོན་ཆེ་དྲགས་པ་དང་ས་ཁམས་ཀྱི་ཆ་ནས་ཡང་དག་པ་མིན་པས་གོ་ནོར་ཐེབས་ཀྱི་ཡོད་སྐོར་བརྗོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་ཨ་རའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་མང་པོའི་ནང་བོད་ཆེན་པོའི་སྐོར་བཀོད་ཡོད་སྟབས། རྒྱ་གཞུང་གིས་གོ་ནོར་མི་ཐེབས་པའི་ཆེད་དུ་བོད་ལ་དབྱིན་ཡིག་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་འགྱུར་བ་བཏང་བ་རེད་ཅེས་བཤད་འདུག

China Tibetology Research Centre (CTRC)

རྩ་བའི་ཉེ་ཆར་བཞུགས་སྒར་དུ་གསར་འགོད་པ་ཞིག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་སྐོར་ལ་དགོངས་པ་བཞེས་བཞིན་མེད་ཅེས་བཀའ་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ཇི་སྲིད་ཀྱི་བར་དུ་༸སྐུ་འཚོ་བཞུགས་མཛད་པའི་རིང་འགྲོ་བ་གང་མང་མང་ལ་ཕན་འདོགས་མཛད་རྒྱུ་དེ་གལ་ཆེ་བ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་ལྟར་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་བའི་ནང་། རྒྱ་ནག་གིས་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བར་སྐྱོན་བརྗོད་དང་འབྲེལ། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མི་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཅེས་བཀའ་སློབ་གཟབ་པོ་ཕེབས་ཡོད་ལ། བོད་མིའི་སྒྲིག་འཛུགས་དང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་འཛིན་མཁན་གྱི་ཚོགས་སྡེ་ཆེ་ཁག ལྷག་པར་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་༸གང་ཉིད་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་སྐོར་གྱི་གྲོས་ཆོད་རིམ་པ་འཇོག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།