Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ཧྥ་རན་སི་གཞུང་ལ་རྒྱ་ནག་གི་སྲིད་བྱུས་སྐོར་ཉེན་བརྡ་བཏང་བ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧྥ་རན་སིར་གཞུང་འབྲེལ་འཚམས་གཟིགས་གནང་བའི་ཁྲོད་ཡུལ་དེའི་ གསར་འགྱུར་བརྒྱུད་ལམ་ཁག་དང་མཇལ་འཕྲད་ཀྱིས་རྒྱ་ནག་གི་སྲིད་བྱུས་དང་འབྲེལ་ཏེ་ཧྥ་རན་སི་གཞུང་ལ་ཉེན་བརྡ་བཏང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཧྥ་རན་སི་རྒྱལ་ས་པེ་རིས་ནང་ཕེབས་འབྱོར་གྱིས་ས་གནས་བོད་མི་མང་ཚོགས་དང་ཆོས་ཚོགས་ཁག་གི་འགན་འཛིན། ལྷག་དོན་བོད་རིགས་གཞོན་སྐྱེས་དང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་རྣམས་དང་ལྷན་དུ་མཇལ་མོལ་གྱིས་གསུང་བཤད་ལས་རིམ་ཁག་ལེགས་གྲུབ་རྗེས་ཟླ་ ༡༢ ཚེས་ ༡ ཉིན་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ལྔ་ཙམ་གྱི་བཅར་འདྲི་དང་ལེན་གནང་བ་མ་ཟད། ཕྱི་དྲོ་ཧྥ་རན་སི་ ༢༤ ཞེས་པའི་བརྙན་འཕྲིན་གྱི་བཅར་འདྲི་དང་ལེན་གནང་སྟེ་སྲིད་སྐྱོང་མཆོག་གི་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་དམིགས་ཡུལ་དང་འབྲེལ་ནས་གཙོ་བོ་རྒྱ་ནག་གི་སྐོར་དང་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་གཞན་ལ་ཅི་ཞིག་བྱེད་བཞིན་ཡོད་པའི་སྐོར་སློབ་གསོ་མང་ཙམ་སྤྲོད་དགོས་གལ་ཡིན་པར་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཧྥ་རན་སི་རྒྱལ་སྤྱིའི་རླུང་འཕྲིན་ཁང་ RFI གསར་ཁང་གི་བཅར་འདྲིར་དང་ལེན་གནང་སྐབས་ཞི་ཅིན་ཕིང་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་འདས་པའི་ལོ་བཅུའི་ནང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་ལྟ་སྲུང་དང་དམ་བསྒྲགས་ཇེ་ཆེར་བྱས་དང་བྱེད་བཞིན་པ་མ་ཚད་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བྱེད་སྒོ་རྣམས་ཁུང་རྩིའི་སློབ་གླིང་ཁག་དང་ཕྱི་རྒྱལ་གྱི་ཉེན་རྟོག་ལས་ཁུངས། དེ་བཞིན་གསང་མྱུལ་གྱི་ལས་དོན་བཅས་སུ་འགྱུར་བཞིན་པ་དང་། ལྷག་དོན་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་རྒྱལ་ཁབ་གཞན་གྱི་ནང་མ་འཛུགས་ཙམ་མ་ཡིན་པར་མངའ་ཁུལ་དེ་དག་ནང་ཆབ་སྲིད་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག

ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ཆ་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་ཡོད་པའི་ཁྲོད་རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་བཞིན་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་བྱུས་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུའི་ཐུགས་རེ་ཆེན་པོ་ཡོད་ཅིང་། མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་ལ་༸སྐུ་ཉིད་ལོ་བཅུ་ཕྲག་གཉིས་ཙམ་༸སྐུ་འཚོ་བཞུགས་མཛད་རྒྱུའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་ཡོད་སྟབས། སྲིད་སྐྱོང་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ལུགས་ཀྱི་བྱེད་སྒོ་འབའ་ཞིག་ཡིན་པར་གསུངས་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་ད་དུང་རྒྱལ་ཁབ་ཀྱི་གཞུང་འཛིན་མང་ཆེ་བ་ནི་རྒྱ་ནག་གི་མ་འཛུགས་དང་ཚོང་ལས་ཁོ་ནར་འདོད་མཁན་ཞིག་ཡིན་ཀྱང་། རྒྱལ་ཁབ་དེ་དག་གི་ངོས་ནས་རྒྱ་ནག་གི་ཐབས་བྱུས་ཀྱི་ཐབས་ལམ་ཇི་ཡིན་སྐོར་རྟོགས་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག་སྟབས། སྲིད་སྐྱོང་མཆོག་ཧྥ་རན་སིར་ཕེབས་དམིགས་གཙོ་བོ་ནི་བོད་དང་བོད་མིར་རྒྱབ་སྐྱོར་འཚོལ་རྒྱུ་ཙམ་མིན་པར་ཡུལ་དེའི་གཞུང་མང་གཉིས་ལ་རྒྱ་ནག་དང་འབྲེལ་བའི་ཐོག་ནས་ཉེན་བརྡ་གནང་ཕྱིར་ཕེབས་པ་ཡིན་ཞེས་གསུངས་པ་དང་ཆབས་ཅིག གལ་ཏེ་རྒྱ་ནག་གི་ཐབས་བྱུས་ཁག་གསལ་རྟོགས་མ་བྱུང་ཚེ་གཞུང་མང་གཉིས་ཀར་དོ་ཕོག་ཤུགས་ཆེ་ཐེབས་ངེས་ཡིན་པ་སོགས་གསུངས་འདུག

གསར་འགོད་པས་སྲིད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་འབྲེལ་བ་གནང་གི་ཡོད་པའི་གནས་ཚུལ་འཐོན་བཞིན་འདུག་པས་དེ་བདེན་པ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ང་ཚོར་རྒྱ་ནག་དང་ཐད་ཀར་འབྲེལ་བ་གནང་ཡུལ་མེད་ཀྱང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་གཞན་གྱི་ཐོག་ནས་ཡོད་པ་དང་། དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཆེད་ཡིན་པར་གསུངས་ཡོད།

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༥ ནས་བཟུང་ཐོག་མར་ཁེ་ན་ཌ་དང་ཨ་རི། སེ་པེན། དེ་བཞིན་ཨོ་སི་ཊེ་རི་ཡ། ཧྥ་རན་སི་རྒྱལ་ས་པེ་རིས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་པེ་རི་སི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཀྱི་ཡོད་པ་རེད། པར་བདག་དབང་སྤྱི་ཚོགས་དྲ་རྒྱ།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།