Tibetan Royal Year of 2151 | Year of the Wood Dragon

ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་གྱི་བྱ་སྤྱོད་ལ་ཁྲིམས་གཏུག་བྱ་རྒྱུ་ཡིན་པ་གསུངས་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་གནས་ཚུལ་སོ་ལྟ་དང་རྐུ་འཁྱེར་བྱེད་མཁན་གྱི་ཚན་པ་ APT31 ཞེས་པ་ཞིག་གིས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ André Gattolin ལགས་ཀྱི་གློག་འཕྲིན་ནང་སིམ་འཛུལ་གྱིས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ཡོད་པ་ར་སྤྲོད་དང་སྦྲགས། ཁོང་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་གྱི་བྱ་སྤྱོད་ཐོག་ཕ་རན་སི་གཞུང་གི་བཞེངས་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད་གནད་དོན་དེ་རིང་མིན་ཁྲིམས་ལ་གཏུག་འཆར་ཡོད་པ་གསུངས་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་ཧྥ་རན་སིའི་གསར་ཁང་  Le Point  ཡིས་སྐུ་ཞབས་ André Gattolin ལགས་སུ་དྲ་ལམ་གཏོར་རྒོལ་དང་འབྲེལ་བཅར་འདྲི་ཞུས་པའི་ཁྲོད་ཁོང་གིས་ཉེ་ཆར་ཨ་རིའི་ཁྲིམས་ཞིབ་ཁང་དང་དབུས་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་རིགས་དྲ་ལམ་གསང་ཉུལ་བ་བདུན་གྱི་འདྲ་པར་ཡོངས་གྲགས་གནང་བ་དང་སྦྲགས། ཁོ་ཚོས་གནོད་འཚེ་ཅན་གྱི་གློག་འཕྲིན་ཁག་ ༡༠༠༠༠ ལྷག་བཏང་སྟེ། ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་གནད་ཡོད་མི་སྣ་དང་། ཚོང་ལས་གཉེར་མཁན། དེ་བཞིན་རྒྱ་གཞུང་ལ་སྐྱོན་འཛུགས་བྱེད་མཁན་ཚོར་གསང་ཉུལ་བྱས་པ་ར་སྤྲོད་བྱུང་བའི་ཁྲོད། རྒྱ་རིགས་གསང་ཉུལ་བས་འདས་པའི་ལོ་གཅིག་ལྷག་གི་རིང་སྐུ་ཞབས་ཁོང་གི་གློག་འཕྲིན་ལའང་སིམ་འཛུལ་གྱིས་སྲིད་དོན་གྱི་གལ་ཆེའི་གནས་ཚུལ་དང་རང་ཉིད་སྒེར་གྱི་གནས་ཚུལ་བཅས་རྐུ་འཁྱེར་བྱས་པ་མངོན་གསལ་གནང་འདུག དེ་ནི་རྒྱ་གཞུང་གིས་ཁོང་ལ་ཆེད་དམིགས་ཀྱིས་དྲ་ལམ་གཏོར་རྒོལ་གྱི་ལས་འགུལ་སྤེལ་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་གསུངས་འདུག

སྐུ་ཞབས་ Gattolin ལགས་ནི་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ལྷན་ཚོགས་ཐོག་མ་ཆེད་བཙུགས་གནང་མཁན་གྲས་དང་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མྱོང་ཡོད་པ་མ་ཟད། རྒྱུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་དང་དེ་སྔ་རྡ་སར་ཆེད་ཕེབས་གནང་མྱོང་མཁན་ཞིག་དང་། ལྷག་པར་ཧྥ་རན་སིའི་གཙུག་སློབ་གཉེར་ཁང་ཁག་ཏུ་རྒྱ་ནག་གིས་ཐེ་གཏོགས་དང་ཤུགས་རྐྱེན་ཐད་ཉམས་ཞིབ་གནང་མྱོང་མཁན་ཞིག་ཡིན་པ་རེད།

ཁོང་གིས་ Le Point  གསར་ཁང་གི་བཅར་འདྲི་ལས་རིམ་དེའི་ཐོག་རྒྱལ་ཁབ་གཞན་ཚོས་དྲ་ལམ་གཏོར་རྒོལ་གྱི་ལས་འགུལ་ནི་ཁྲིམས་འགལ་དུ་ངོས་འཛིན་གྱིས་ཉེས་ཆད་ནན་པོ་བཏང་གི་ཡོད་ཀྱང་། དེ་སྔོན་ཕྱི་ལོ་ ༢༠༢༣ ལོར་ཁོང་ལ་དེ་ལྟ་བུའི་གནད་དོན་བྱུང་སྐབས་ཧྥ་རན་སིའི་གཞུང་ནས་སྣང་མེད་ཀྱིས་ཡ་ལན་རྩ་བ་ནས་བྱས་མེད་པ་འགྲེལ་བརྗོད་དང་འབྲེལ། དྲ་ལམ་གཏོར་རྒོལ་གྱི་གནད་དོན་ཐེངས་གཉིས་པ་དེ་ཉིད་ཆེད་ཁོང་ལ་དཔང་རྟགས་སོགས་ཆ་ཚང་ཡོད་སྟབས་རིང་མིན་ APT31 ཞེས་པའི་རྒྱ་ནག་གི་དྲ་ལམ་འཇབ་རྒོལ་ཚན་པ་དེ་ཁྲིམས་ལ་གཏུག་རྒྱུ་ཡིན་པ་གསུངས་འདུག

གསར་འགོད་པས་དེ་ལྟ་བུའི་གནད་དོན་ཁོང་ཉིད་ལ་བྱུང་དགོས་དོན་དང་དྲ་རྒྱ་གཏོར་རྒོལ་བྱས་པ་ཇི་ལྟར་ཤེས་རྟོག་བྱུང་མིན་ཐད་དྲིས་པར། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རིན་མིན་ཕྱི་ཟླ་ ༥ པའི་ནང་ཧྥ་རན་སིར་གཞུང་འབྲེལ་ལྟ་སྐོར་ལ་བསྐྱོད་ཀྱི་ཡོད་པའི་ཁྲོད། རྒྱ་ནག་གི་རང་སྣང་གང་དྲན་གྱི་བྱ་སྤྱོད་དེ་ལྟ་བུར་ཧྥ་རན་སི་གཞུང་གིས་སྡིག་པ་མིག་བཙུམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དང་འབྲེལ། སྐུ་ཞབས་ཁོང་ནས་དེ་སྔ་རྒྱ་གཞུང་གིས་ཐེ་ལྦན་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ཁག་ལ་འཛེམ་ཟོན་མེད་པར་སྐྱོན་བརྗོད་དང་། རྒྱ་གཞུང་ནས་ཁུལ་དེར་རྟེན་གཞིས་བྱས་པའི་མཐོ་རིམ་སློབ་གྲྭ་ཁག་ཏུ་ཐེ་བྱུས་བྱེད་བཞིན་པའི་གནང་དོན་ཐད་ཞིབ་འཇུག་གནང་རྐྱེན་རྒྱ་ནག་གི་དྲ་རྒྱའི་གསང་ཉུལ་བས་ཁོང་གི་གློག་འཕྲིན་ནང་སིམ་འཛུལ་གྱིས་གསང་བའི་གནས་ཚུལ་བསྡུ་རུབ་བྱས་པ་དང་། ཁོང་དང་ཁོང་འདྲ་བའི་དབྱིན་གཞུང་གི་གནད་ཡོད་མི་སྣ་མང་པོའི་གནས་ཚུལ། ས་གནས། དྲ་ཚིགས་སོགས་ཡོངས་སུ་རྫོགས་པར་གསང་ཉུལ་བས་སོ་ཉུལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་གསུངས་འདུག

དེའི་བར་ན་ཟླ་བ་འདིའི་ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་རྒྱ་ནག་མཉེན་ཆས་ tiktok ཐད་དཔྱད་གཏམ་ཞིག་སྤེལ་འདུག་པའི་ནང་། རྒྱ་ནག་གི་བདག་དབང་ཡོད་པའི་ TikTok མཉེན་ཆས་དེ་ནི་སྤྱིར་བཏང་གི་མཉེན་ཆས་ཤིག་མ་ཡིན་པར་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་འཚབ་ཆེན་པོ་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་རྒྱ་ནག་ནང་ tiktok མཉེན་ཆས་དེ་བཞིན་བཀག་སྡོམ་བྱས་སྐབས་ ByteDance འགོ་གཙོ་ Zhang Yiming པེ་ཅིན་དུ་ཆེད་བསྐྱོད་ཀྱིས་རྒྱ་ནག་གི་མོས་མཐུན་བཞིན་དུ་བྱ་རྒྱུའི་ཁས་ལེན་དང་སྦྲགས། ད་ཆར་མཚོན་ན་མཉེན་ཆས་དེའི་རྩོམ་སྒྲིག་པ་གཙོས་ལས་བྱེད་ཆ་ཚང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཤ་སྟག་ཡིན་འདུག་པས། རྒྱ་ནག་གི་ ByteDance དྲ་རྒྱའི་ཚོང་ལས་ཁང་སྟངས་འཛིན་བྱེད་བཞིན་མཉེན་ཆས་དེའི་བརྒྱུད་རྒྱལ་སྤྱིའི་མི་རྣམས་ཀྱི་བསམ་བློ་བཅོས་བསྒྱུར་དང་། མཉེན་ཆས་དེའི་འཁྲུལ་རྩིས་འགྲོ་ལུགས་དེའི་བརྒྱུད་ནས་གཞུང་དང་སྒེར་གྱི་གནས་ཚུལ་ཕོན་ཆེན་མཁོ་སྒྲུབ་དང་རྐུ་བཤུས་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་འདུག

རྩ་བའི་རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དྲ་རྒྱའི་གསང་འཛུལ་སོགས་དངོས་ཤུགས་བརྒྱུད་གསུམ་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་ཕོན་ཆེ་རྐུ་འཁྱེར་ལ་དམིགས་ནས་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་ཤུགས་ཆེ་བྱེད་བཞིན་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེར་འདོན་ཇི་ཙམ་བྱས་ཀྱང་རྒྱ་གཞུང་གིས་ནག་ཉེས་དེར་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།