ཨ་རིའི་གྲོས་ཚོགས་འཐུས་མི་གསུམ་ནས་ཡུལ་དེའི་ནང་རྒྱ་ནག་གཞུང་དང་འབྲེལ་བའི་ཁེ་ལས་ཚོགས་སྡེ་ཁག་གིས་གསང་ཉུལ་ལས་དོན་སྤེལ་རྒྱུར་ཁྲིམས་ཐོག་ནས་དཀའ་ལས་ཁག་ཏུ་གཏོང་ཆེད། Stop PRC Economic Espionage Act of 2026 འམ་རྒྱ་ནག་གི་ཚོང་དོན་གསང་ཉུལ་མཚམས་འཇོག་དགོས་ཞེས་པའི་ཁྲིམས་འཆར་ཞིག་ཆེད་འདོན་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༢༠ ཉིན་ US House Select Committee on China འམ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རང་གི་དྲྭ་གནས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཚོགས་ཆུང་དེའི་ཚོགས་གཙོ་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ John Moolenaar ལགས་དང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ John Cornyn ལགས་དང་། Tom Cotton ལགས་བཅས་གསུམ་གྱིས་མཉམ་རུབ་ཐོག་ཡུལ་དེའི་ནང་རྒྱ་ནག་གཞུང་གི་གསང་ཉུལ་ལས་དོན་ཇེ་ཤུགས་ཆེ་རུ་འགྲོ་བཞིན་པ་ལ་རྒོལ་ལན་ཚུལ་དུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་གསང་ཉུལ་མཚམས་འཇོག་དགོས་པའི་ཁྲིམས་འཆར་ཞིག་ཆེད་འདོན་གནང་ཡོད་སྐོར་དང་། ཁྲིམས་འཆར་འདིས་ད་ལྟའི་ཨ་རིའི་ཁྲིམས་ལ་བཅོས་བསྒྱུར་བྱས་ཏེ། ཡུལ་དེའི་ནང་རྒྱ་ནག་གཞུང་དང་འབྲེལ་བའི་ཁེ་ལས་ཚོགས་སྡེ་ཁག་གིས་ཚོང་དོན་གསང་ཉུལ་བྱེད་རྒྱུ་དཀའ་ལས་ཁག་ཏུ་གཏོང་གི་ཡོད་པ་མ་ཟད། ཨ་རིའི་ཁྲིམས་ཞིབ་ལས་ཁུངས་ལ་གནད་དོན་དེ་དག་ཐོག་ཁྲིམས་གཏུག་བྱེད་རྒྱུ་ལས་སླ་རུ་གཏོང་གི་ཡོད་སྐོར་གསུངས་འདུག
ཁྲིམས་འཆར་ཆེད་འདོན་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ John Moolenaar ལགས་ཀྱིས། ཁྲིམས་འཆར་འདིས་ཨ་རི་ནང་གསང་ཉུལ་དང་འབྲེལ་བའི་ཁྲིམས་ལུགས་གསར་བསྒྱུར་བྱ་རྒྱུ་དང་། གསང་ཉུལ་བ་ཚོགས་སྒེར་ཁག་ཨ་རིའི་ཁྲིམས་ཆད་ལས་ཐར་བར་བྱེད་པར་དཀའ་ལས་ཁག་ཏུ་གཏོང་རྒྱུ་རེད་ཅེས་འགྲེལ་བརྗོད་ཀྱིས། རྒྱ་ནག་ནང་ཁེ་ལས་ཚོགས་སྡེ་གང་ཡིན་རུང་སྒེར་བདག་གཅིག་ཀྱང་མེད་པ་ཚང་མ་སྲིད་གཞུང་གིས་ཚོད་འཛིན་བྱེད་པའི་ལག་ཆ་ཞིག་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་འོག་ཡུལ་དེའི་ཁེ་ལས་ཚོགས་སྡེ་དང་ལས་རིགས་ཚང་མས་རྒྱ་ནག་གི་དམག་དོན་དམིགས་ཡུལ་དང་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག
དེ་བཞིན་སྐུ་ཞབས་ John Cornyn ལགས་ཀྱིས། རྒྱ་ནག་ནང་དུ་ཁྲིམས་ལུགས་དང་འཐབ་ཇུས་ཀྱི་དབང་གིས་དམར་ཤོག་ཚོགས་པར་བརྟེན་དགོས་ཀྱི་ཡོད་དུས་སྒེར་བདག་ཁེ་ལས་ཞེས་པ་མེད་པ་དང་། ཁྲིམས་འཆར་དེ་ཡང་དངོས་ཡོད་གནས་ཚུལ་འདི་ལ་གཞིགས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཡོད་པའི་ཐོག་ཡུལ་དེའི་འཕྲུལ་རིག་གསར་པ་དང་། མིས་བཟོས་རིག་ནུས། རྒྱལ་སྲུང་ལས་དོན་བཅས་ཀྱི་ནང་འཇབ་རྒོལ་གྱིས་གནས་ཚུལ་རྐུ་འཁྱེར་དང་མགོ་སྐོར་གཏོང་བའི་བྱ་སྤྱོད་ལ་འགན་འཁུར་དུ་འཇུག་གི་ཡོད་པ། ལྷག་པར་དུ་ཨ་རིའི་སྲིད་གཞུང་ལ་དེ་དག་ཐོག་ཁུངས་སྐྱེལ་མི་དགོས་པར་ཉེས་ཆད་གཅོད་ཐུབ་པ་བཟོ་བའི་ཆེད་དུ་ཡིན་པ་གསུངས་འདུག
མ་ཟད་ཨ་རིའི་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Tom Cotton ལགས་ཀྱིས། རྒྱ་ནག་གུང་ཁྲན་ཏང་གིས་ཚོང་ལས་ཚང་མ་སྲིད་གཞུང་གི་ལག་ཆ་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཚོང་ལས་ཤིག་ལ་ཕན་ཆེད་དུ་ཚོང་དོན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་སུ་ཡིན་རུང་དེ་ནི་རྒྱ་ནག་སྲིད་གཞུང་གི་ཁེ་ཕན་ཆེད་དུ་བྱེད་ཀྱི་ཡོད་པ་གསལ་འདོན་དང་འབྲེལ། ཁྲིམས་འཆར་འདིས་དངོས་ཡོད་གནས་ཚུལ་འདི་ཁྲིམས་ཐོག་ནས་ངོས་འཛིན་བྱེད་པའི་ཐོག འབྱུང་འགྱུར་དུས་སུ་དོན་རྐྱེན་དེ་རིགས་ཀྱི་ཐད་ཁྲིམས་ཐོག་ནས་ཞིབ་འཇུག་སྐབས་ཨ་རིའི་ཁྲིམས་ཞིབ་ཁང་ལ་རྒྱ་ནག་གི་བཟོ་ཚོང་ཁང་ཞིག་རྒྱ་ནག་སྲིད་གཞུང་གིས་ཚོད་འཛིན་བྱེད་ཀྱི་ཡོད་པ་ར་སྤྲོད་བྱེད་དགོས་པའི་དགོས་མཁོ་དེ་མེད་པ་བཟོ་ཡི་ཡོད་ཅེས་གསུངས་འདུག

རྩ་བའི་ད་ལྟའི་ཨ་རིའི་ཁྲིམས་ལུགས་ནང་། ཚོང་དོན་དང་འབྲེལ་བའི་གསང་བའི་གནས་ཚུལ་རྐུ་འཁྱེར་གྱི་ཁྲིམས་གཏུག་ཉེས་འཛུགས་སྐབས་ཁྲིམས་རྩོད་པའི་ངོས་ནས་གང་ཟག་དེས་རྐུ་འཁྱེར་བྱས་པའི་གནས་ཚུལ་དེ་རྒྱལ་ཁབ་གཞན་གྱི་སྲིད་གཞུང་དང་། དཔོན་རིགས། གཞུང་གི་ཚོད་འཛིན་འོག་ཡོད་པའི་ཚོགས་སྡེ་བཅས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཡོད་པ་ཤེས་པའི་ཐོག་བྱེད་པའམ་ཡང་ན་འདོད་པའི་དབང་གིས་བྱས་པ་ཞིག་དགོས་ཀྱི་ཡོད་ཀྱང་། ཁྲིམས་འཆར་དེས། རྒྱ་ནག་གི་ཁྲིམས་ལུགས་ནང་ཁེ་ལས་ཚང་མས་སྲིད་གཞུང་ལ་རོགས་རམ་བྱེད་དགོས་ཀྱི་ཡོད་པར་ཁེ་ལས་ཡོད་ཚད་རྒྱ་གཞུང་གིས་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཀྱི་ཡོད་དུས། ཨ་རིའི་ངོས་ནས་ཀྱང་དངོས་ཡོད་གནས་ཚུལ་དེ་ཤེས་པའི་ཐོག་རྒྱ་ནག་གི་ཁེ་ལས་ཚང་མ་རྒྱ་ནག་གཞུང་གི་ཚོད་འཛིན་འོག་ཡོད་པ་ངོས་འཛིན་དགོས་ཅེས་བརྗོད་ཀྱི་ཡོད་པ་རེད།
མ་ཟད་རྒྱ་ནག་གི་ཚོང་དོན་གསང་ཉུལ་མཚམས་འཇོག་དགོས་པའི་ཁྲིམས་འཆར་དེས་ཉེས་འཛུགས་ཁེ་ལས་གང་ཞིག་རྒྱ་ནག་དང་། ཨུ་རུ་སུ། ཨི་རན། བྱང་ཀོ་རི་ཡ་བཅས་ཀྱི་ནང་རྟེན་གཞི་བྱས་ཡོད་པ་ཙམ་གྱིས། སྲིད་གཞུང་དེ་དག་གི་ཚོད་འཛིན་འོག་ཡོད་པའི་ཁེ་ལས་ཤིག་ཏུ་ངོས་འཛིན་ཆོག་གི་ཡོད་པར། དེར་དེ་སྔ་བཞིན་ར་སྤྲོད་བྱེད་དགོས་པའི་དགོས་མཁོ་དེ་མེད་པ་བཟོ་ཡི་ཡོད་པ་རེད།




