ཕྱི་ཟླ་ ༦ པའི་ཚེས་ ༡༥ དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྐྱེས་སྐར་གྱི་ཉིན་མོ་དང་བསྟུན། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ Rick Scott ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་གཙོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བཙན་དབང་ངལ་རྩོལ་དང་མི་རིགས་རྩ་གཏོར། དེ་བཞིན་ཨ་རིའི་རྒྱལ་སྲུང་ལ་ཉེན་ཁ་བཟོ་བ་བཅས་ཀྱི་བྱ་ངན་སྤེལ་བ་ཐེར་འདོན་གྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་པའི་གྲོས་ཆོད་ཆེད་འདོན་གནང་བར་གྲོས་ཚོགས་འཐུས་མི་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་འདུག

དེ་ཡང་ཁ་སང་གྲོས་ཚོགས་འཐུས་མི་ Rick Scott ལགས་ཀྱི་སྒེར་གྱི་དྲྭ་གནས་ཐོག་ཁོང་གིས་གྲོས་ཚོགས་ནང་དུ་ཞི་ཅིན་ཕིང་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་གཏན་འབེབས་དང་འབྲེལ་བའི་བརྙན་ཐུང་འདོན་སྤེལ་གནང་བའི་ནང་དུ། སྐུ་ཞབས་ Rick Scott ལགས་ཀྱིས་དབང་ཆ་སྒེར་གཅོད་པ་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Xi Jinping ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་དེ་ངོ་སྤྲོད་དང་འབྲེལ། ཞི་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པ་ནི་ཨ་རིར་ཧ་ཅང་སྡང་པ་དང་རྩ་མེད་བཟོས་རྒྱུའི་བློ་བཅངས་མཁན་ཞིག་ཡིན་པ་དང་། ཁོ་པ་མཉམ་ལས་དང་འགྲན་རྩོད་པ་ཞིག་ལས། རྫུན་དང་ཁྲམ་པ། བསླུ་བྲིད་དང་རྐུ་འཁྱེར་བྱེད་མཁན། དེ་བཞིན་བཙན་དབང་ངལ་རྩོལ་དང་མི་རིགས་རྩ་གཏོར་སོགས་འགྲོ་བ་མིའི་རིགས་ལ་རྒོལ་རྡུང་གི་གཞི་རྒྱ་ཆེ་བའི་ལས་དོན་སྤེལ་མཁན་ཡ་ང་སྙིང་རྗེ་མེད་པའི་དབང་ཆ་སྒེར་གཅོད་པ་ཞིག་ཡིན་ཞིང་། འཛམ་གླིང་ཁྲོད་ཨ་རིའི་འཚོ་བའི་རྣམ་པ་དང་ཞི་བདེ། ཡར་རྒྱས་ལ་ཁོ་ལས་ལྷག་པའི་ཉེན་ཁ་ཆེ་བ་མེད་པ་གསུངས་འདུག
དེའང་ཞི་ཅིན་ཕིང་གིས་དེ་སྔ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་བརྒྱུད་ནས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་སྐོར་རྫུན་གཏམ་སྤེལ་བའི་རྐྱེན་གྱིས་ཨ་རིའི་མི་སེར་ས་ཡ་བརྒལ་བ་རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། རྒྱ་ནག་གིས་ Fentanyl མྱོ་རྫས་ཚོང་འགྲེམ་མཚམས་འཇོག་མ་བྱས་པའི་རྐྱེན་གྱིས་ཨ་རིའི་མི་སེར་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་བའི་རྒྱུ་རྐྱེན་ཆགས་པ། མ་ཟད་རྒྱ་ནག་གི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཚོང་དོན་ཐོག་མགོ་སྐོར་བཏང་བའི་འོག་ཨ་རིའི་མི་སེར་ས་ཡ་མང་པོའི་ལས་ཀ་ཤོར་བ་དང་། རྒྱ་ནག་དམར་པོའི་གཞུང་གིས་དངུལ་ལོར་ཤུགས་རྐྱེན་རྐྱེན་པས་ཨ་རིའི་དཔལ་འབྱོར་གནས་སྟངས་ལྷིང་འཇགས་མེད་པ་བཟོ་མུས་ཡིན་པ་མ་ཟད། གོ་ལ་སྤྱིའི་ལྷིང་འཇགས་ལ་ཡང་དོ་ཕོག་གཏོང་བཞིན་ཡོད་པ། དེ་བཞིན་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་མང་པོའི་འཕྲུལ་ལས་གསང་བ་རྐུ་འཁྱེར་བྱས་པ་བཅས་ཐེར་འདོན་གནང་འདུག
ལྷག་པར་དུ་སྔ་ལོ་རྒྱ་ནག་གི་མཇུག་འབྲས་གསལ་པོ་ཤེས་བཞིན་པའི་ཐོག་ནས་ Zimbabwe ཡི་ཆུ་རྒྱུན་གཙོ་བོའི་ནང་དུ་དུག་རྫས་གཡུག་སྟེ་མི་མང་ས་ཡ་ ༥ ཙམ་འཚོ་རྟེན་བྱེད་སའི་ཆུ་རྒྱུན་སྦག་བཙོག་བཏང་བ་དང་། མི་ས་ཡ་ ༡༢ ཙམ་གྱི་འཚོ་བའི་འགྲོ་སྟངས་མེད་པ་བཟོས་པ་སོགས་མཚན་གཅིག་གི་ནང་དུ་རྒྱལ་ཁབ་དེ་རྩ་མེད་བཏང་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་ནག་གིས་ཨ་རི་ཙམ་མ་ཟད་རྒྱལ་ཁབ་གཞན་ནང་དུའང་མི་སྤྱོད་ལས་འདས་པའི་བྱ་ངན་སྤེལ་བཞིན་ཡོད་པ་ཐེར་འདོན་གནང་སྟེ། རྒྱ་ནག་ལྟ་བུའི་གྲོགས་པོ་ཡོད་ན་དགྲ་བོ་དགོས་ཡག་མེད་པ་གསུངས་འདུག
མ་ཟད་རྒྱ་ནག་དམར་པོའི་གཞུང་གིས་ཤིན་ཅང་ནང་དུ་ཡུ་གུར་བ་ས་ཡ་གཅིག་ལྷག་བཙན་དབང་ངལ་རྩོལ་ར་བའི་ནང་བཞག་པ་དང་། ཡུ་གུར་བུད་མེད་རྣམས་བཙན་དབང་ཐོག་ཧན་རྒྱ་རིགས་ལྷན་དུ་ལུས་འབྲེལ་བྱེད་དུ་བཅུག་པ་སོགས་མི་རིགས་རྩ་གཏོར་གྱི་བྱ་ངན་སྤེལ་བཞིན་པ་མ་ཟད། Falun Gong རྗེས་འབྲངས་པ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་ལུས་པོའི་དབང་པོ་ཚོང་འགྲེམ་བྱས་པ། ཕྱོགས་མཚུངས་བོད་ནང་དུ་ལོ་ན་རྒན་གྲས་ལ་ཁ་ལག་སྤྲད་པ་ཙམ་གྱིས་བོད་མི་ཞིག་གཅར་རྡུང་རྡེག་བཏང་སྟེ་དམར་བསད་བཏང་བ། ཧོང་ཀོང་ནང་དུ་དམངས་གཙོའི་ལས་འགུལ་ལ་དྲག་རྒོལ་དང་འདས་པའི་ལོ་ ༦ ནས་སྐུ་ཞབས་ Jimmy Lai ལགས་མུ་མཐུད་རྒྱ་གཞུང་གིས་བཙོན་འཇུག་འོག་གནས་ཡོད་པ་སོགས་རང་རྒྱལ་ཁབ་ཀྱི་མི་སེར་ཡིན་ཟེར་བ་རྣམས་ལ་ཡང་སྡུག་རྩུབ་བཏང་བར་ཐེ་ཚོམ་མེད་པ་ཐེར་འདོན་གནང་འདུག
མ་ཟད་རྒྱ་ནག་དམར་པོའི་གཞུང་གིས་མཉམ་ལས་དང་གུས་བརྩི་ལ་ཆེ་མཐོང་མ་སྤྲད་པར། Phillipines དང་ཐའེ་ཝན་གཙོས་པའི་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་དྲག་རྒོལ་བྱས་པ་དང་བྱང་ཀོ་རི་ཡ་དང་ཨི་རན། ཏ་ལི་སྦན་སོགས་འཇིགས་སྐུལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཅས། རྒྱ་ནག་གིས་རང་གཞན་དབྱེ་བ་མེད་པའི་ཐོག་ནས་འཛམ་གླིང་གི་འགྲོ་ལུགས་སྟངས་འཛིན་བྱེད་ཐབས་བྱེད་བཞིན་ཡོད་ཀྱང་། ང་ཚོའི་རྒྱ་ནག་ནང་དུ་ཨ་སྒོར་ཐེར་འབུམ་མང་པོའི་དངུལ་གྱི་མ་འཛུགས་བྱེད་བཞིན་ཡོད་པ་ཐེར་འདོན་དང་འབྲེལ། ང་ཚོས་དགྲ་བོ་དེ་ལྟ་བུར་ཁ་གཏད་གཅོག་པར་འཇིགས་སྣང་མེད་པའི་ཐོག་ནས་མི་རབས་རྗེས་མ་རྣམས་ལ་ལམ་སྟོན་བྱེད་དགོས་པ་དང་། ལྷག་པར་དུ་ང་ཚོའི་ཨ་རིའི་མི་སེར་དང་འཛམ་གླིང་སྤྱི་ལ་ཁྱབ་པའི་འོས་འགན་དོར་རྒྱུ་མེད་པ་གསུངས་འདུག
ཁོང་གིས་ཆེད་འདོན་གནང་བའི་གྲོས་ཆོད་དེར་གྲོས་ཚོགས་འཐུས་མིའི་ཁྲོད་ནས་དགག་བྱ་གཅིག་ཀྱང་བྱུང་མེད་པར་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་འདུག
རྩ་བའི་གྲོས་ཚོགས་འཐུས་མི་ Rick Scott ལགས་ཀྱིས་ད་ལན་ཙམ་མ་ཟད། འདི་ལོ་གཅིག་པོའི་ནང་དུ། Tibet Atrocities Determination Act ཞེས་བོད་དོན་ཁྲིམས་འཆར་གཙོས་པའི་རྒྱ་ནག་གི་གསང་ཉུལ་འཕྲུལ་ལས་གདོང་ལེན་གྱི་ཁྲིམས་འཆར་སོགས་བོད་དང་རྒྱ་ནག་ལ་ཁ་གཏད་ཀྱི་ཁྲིམས་འཆར་མང་དག་ཅིག་ལ་རྒྱབ་སྐྱོར་གནང་ཡོད་པ། དེ་བཞིན་སྔ་ལོ་རྒྱ་ནག་ལ་གདོང་ལེན་གྱི་ཁྲིམས་འཆར་ ༡༠ ཙམ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།




