ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ལས་ཁུངས་ཁག་ཅིག་གི་རྒྱུན་གྲོན་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱ་རྒྱུའི་བཀའ་རྒྱ་བཏང་བར་བརྟེན་ཨ་རི་རླུང་འཕྲིན་ཁང་གི་ལས་བྱེད་ཡོངས་རྫོགས་འཛིན་སྐྱོང་གུང་སེང་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་སོགས་ཕྱི་ཟླ་ ༥ ཚེས་ ༩ ནས་ལས་མཚམས་བཞག་པའི་གནས་སྟངས་ཁྲོད། སྲིད་འཛིན་གྱི་བཀའ་རྒྱའི་འོག་ལས་དོན་བཀག་འགོག་བྱས་པའི་གསར་ཁང་དང་སྒྲིག་འཛུགས་མང་ཆེ་བའི་ངོས་ནས་སྲིད་འཛིན་ Trump ཀྱི་ཐག་གཅོད་ལ་ཁྲིམས་གཏུག་གནང་ཡོད་པ་ལྟར། ཁ་སང་ National Public Radio འམ་ཨ་རིའི་རྒྱལ་ཡོངས་མི་མང་རླུང་འཕྲིན་གཙོས་ Colorado མངའ་སྡེའི་མི་མང་རླུང་འཕྲིན་ཁང་གསུམ་གྱིས་ Trump སྲིད་གཞུང་གིས་གྲོས་ཚོགས་ནས་བཀའ་འཁྲོལ་གནང་བའི་མ་དངུལ་མཁོ་སྤྲོད་མ་བྱས་པར་བརྟེན་སྲིད་གཞུང་ལ་ཁྲིམས་གཏུག་གནང་འདུག

དེ་ཡང་ཨ་རིའི་སྲིད་འཛིན་ Donald Trump ཀྱིས་ཨ་རི་གཞུང་གི་འགྲོ་གྲོན་ཉུང་འཕྲི་བྱ་རྒྱུའི་སྲིད་བྱུས་ལག་བསྟར་ཁྲོད་ཉེ་ལམ་ཕྱི་ཟླ་ ༤ པའི་ཟླ་མཇུག་ལ་འཛིན་སྐྱོང་བཀའ་རྒྱ་ཞིག་གསལ་བསྒྲགས་གནང་པའི་ནང་། National Public Radio འམ་ཨ་རིའི་རྒྱལ་ཡོངས་མི་མང་རླུང་འཕྲིན་དང་ Public Broadcasting རླུང་འཕྲིན་ཁང་གཙོས་ Colorado མངའ་སྡེའི་མི་མང་རླུང་འཕྲིན་ཁང་སོགས་གསར་ཁང་ ༣ ཙམ་ཐོག་ལྟ་རྟོག་བྱེད་མཁན་སྒྲིག་འཛུགས་ལ་དེ་སྔ་གྲོས་ཚོགས་ནས་བཀའ་ཁྲོལ་གནང་བའི་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱ་རྒྱུའི་བཀའ་རྒྱ་བཏང་བར་བརྟེན། ཁ་སང་ཕྱི་ཚེས་ ༢༧ ཉིན་རླུང་འཕྲིན་ཁང་གསུམ་པོ་དེ་དག་གིས་ཨ་རིའི་སྲིད་འཛིན་གསར་པའི་ཐག་གཅོད་དེ་ནི་ཁྲིམས་འགལ་ཡིན་པ་མ་ཟད། གསར་འགྱུར་ལས་ཁང་དེ་དག་ཡོངས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་ཐོག་གཞུང་གི་རོགས་དངུལ་ལ་བརྟེན་ནས་ལས་དོན་གནང་གི་ཡོད་པས། ཨ་རིའི་སྲིད་གཞུང་གིས་གློ་བུར་དུ་མཚམས་འཇོག་བྱས་པའི་མ་དངུལ་སླར་གསོ་ཡོང་ཆེད་ཁྲིམས་གཏུག་བྱས་ཟིན་ཡོད་པ་གསུངས་འདུག
མ་ཟད། NPR ཞེས་ཨ་རིའི་རྒྱལ་ཡོངས་མི་མང་རླུང་འཕྲིན་ཁང་གི་འགན་འཛིན་སྐུ་ཞབས་ Katherine Maher ལགས་ཀྱིས་སྲིད་འཛིན་ Trump ཀྱིས་ཨ་རིའི་རྒྱལ་ཡོངས་མི་མང་རླུང་འཕྲིན་ཁང་མཚོན་པའི་གཞན་རླུང་འཕྲིན་ཁང་ ༣ ཙམ་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱས་པ་ནི་ཨ་རིའི་རྩ་ཁྲིམས་དགོངས་དོན་བཞིན། ཨ་རིའི་གྲོས་ཚོགས་ལ་རྒྱལ་ཁབ་ཀྱི་འགྲོ་གྲོན་ཐད་དབང་ཆ་ཆ་ཚང་ཡོད་ཅེས་པ་དེ་ལས་བརྒལ་ཡོད་པ་རེད་ཅེས་དང་། ལྷག་པར་སྲིད་འཛིན་ Trump ཀྱིས་རང་གི་འདོད་ཕྱོགས་མཐུན་མིན་ལ་གཞིགས་ནས་གསར་ཁང་ཁག་གཅིག་གི་རོགས་དངུལ་མཚམས་འཇོག་བྱས་པ་དེ་ནི་གསར་འགོད་རང་དབང་གཙོས་བསམ་བརྗོད་རང་དབང་སོགས་ཡུལ་དེའི་རྩ་ཆེན་རིན་ཐང་ལ་སྲིད་གཞུང་གིས་རྡོག་རོལ་གཏོང་བཞིན་པ་མཚོན་གྱི་ཡོད་སྟབས། ཁྲིམས་མཐུན་མིན་པའི་ཐོག་ནས་མ་དངུལ་མཚམས་འཇོག་བྱས་པ་དེར་རླུང་འཕྲིན་ཁང་ངོས་ནས་ཁྲིམས་ཐོག་ཞུ་གཏུག་བྱེད་ཀྱི་ཡིན་ཞེས་གསུངས་འདུག

ཕྱོགས་མཚུངས་སྲིད་འཛིན་བཀའ་རྒྱའི་འོག་ལས་དོན་བཀག་འགོག་བྱས་པའི་གསར་ཁང་དང་སྒྲིག་འཛུགས་མང་ཆེ་བའི་ངོས་ནས་སྲིད་འཛིན་ Trump ཀྱི་ཐག་གཅོད་ལ་ཁྲིམས་གཏུག་གནང་བཞིན་པ་ལྟར། ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྲིད་འཛིན་ Trump ཀྱིས་ཟླ་བ་སྔོན་མར་འཛིན་སྐྱོང་བཀའ་རྒྱ་གསར་པ་ཞིག་ལ་མིང་རྟགས་བཀོད་པའི་ནང་། སྲིད་གཞུང་གིས་ཡུལ་དེའི་ཉེན་རྟོག་ལས་ཁང་གཙོས་པའི་ཁྲིམས་སྲུང་དང་འབྲེལ་བའི་ཚན་པར་དབང་ཚད་རྒྱ་བསྐྱེད་ཤུགས་ཆེ་བཏང་པ་དེས་ཉེན་རྟོག་པ་ཚོས་དབང་ཆ་ལོག་སྤྱོད་བྱེད་སྲིད་པ་དང་མཉམ། མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཕོག་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པ་གསུངས་འདུག
མ་ཟད། སྲིད་འཛིན་ Trump ཀྱི་ཁྲིམས་སྲུང་སྐོར་གྱི་འཛིན་སྐྱོང་བཀའ་རྒྱ་དེས་ཡུལ་དེའི་ནང་གི་ཁྲིམས་སྲུང་ལས་དོན་གཉེར་མཁན་ཚོས་རང་འདོད་བཞིན་དབང་ཚད་ལོག་སྤྱོད་བྱ་རྒྱུའི་ཁོར་ཡུག་བསྐྲུན་གྱི་ཡོད་པ་ཙམ་མ་ཟད། ད་ལོ་ནི་དེ་སྔ་ Minneapolis ཉེན་རྟོག་པས་མི་རིགས་ནག་པོ་ George Floyd དམར་གསོད་བཏང་ནས་ལོ་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པས། དུས་སྐབས་འདིར་སྲིད་གཞུང་གིས་ཉེན་རྟོག་ལས་ཁང་གཙོས་པའི་ཁྲིམས་སྲུང་དང་འབྲེལ་བའི་ཚན་པར་དབང་ཚད་རྒྱ་བསྐྱེད་ཤུགས་ཆེ་བཏང་པ་དེས་མི་རིགས་ནག་པོ་དང་ཁུལ་དེར་གཞིས་སྤོས་གནང་མཁན་རྣམས་ལ་དྲག་ཤུགས་ཇེ་ཤུགས་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག

གཞི་རྩའི་སྲིད་འཛིན་ Trump ཀྱིས་འཛིན་སྐྱོང་བཀའ་རྒྱ་ཁག་གཅིག་གི་ཐོག་ཨ་རིའི་མི་མང་གཙོས་གསར་ཁང་དང་སྒྲིག་འཛུགས་དེ་བཞིན་ཚོགས་སྒེར་ཁག་ནས་སྐྱོན་བརྗོད་ཁྱབ་ཆེར་སྤེལ་བཞིན་ཡོད་པ་ཙམ་མ་ཟད། ཁག་གཅིག་གིས་འཛིན་སྐྱོང་བཀའ་རྒྱ་དེ་དག་ནི་སྲིད་འཛིན་གྱི་དབང་ཚད་ལས་བརྒལ་བ་དང་རྩ་ཁྲིམས་ཀྱི་ཐོབ་ཐང་དང་འགལ་ཡོད་སྐོར་གསུངས་ཏེ། སྲིད་འཛིན་གཙོས་གཞུང་འཛིན་ལ་ཁྲིམས་གཏུག་སྣ་ཚོགས་བྱུང་བཞིན་ཡོད་པ་རེད།




