Tibetan Royal Year of 2151 | Year of the Wood Dragon

ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།

Tibetan News Headlines

  • Prof. Samdhong Rinpoche leads Avalokiteshvara Guru Yoga transmission in Dharamsala
  • Arunachal Pradesh CM Pema Khandu calls on Dalai Lama, extends invitation to the State
  • China’s religious seminar stresses compliance with Communist Party policies for Tibetan reincarnation, including the Dalai Lama’s succession
  • Talking Tibet in Brazil : Tenzin Tsundue journey across Brazil to speak on Tibet, China and colonization

རེས་གཟའ་པ་སངས། ༢༠༢༤།༠༩།༠༦

  • སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་སྩལ་བ།
  • སྐུ་ཞབས་ Pema Khando མཆོག་ནས་༸གོང་ས་མཆོག་ཨ་རུ་ན་ཅལ་ནང་དུ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་བཞུས་འདུག
  • བོད་བརྒྱུད་ནང་བསྟན་གྱི་མི་སྣ་ཆེ་གྲས་ཁག་གཅིག་སྐོང་ཚོགས་ཐོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་ཁག་རྒྱ་ནག་དམར་གཞུང་གི་ཁྲིམས་གཞི་ལྟར་འགྲོ་དགོས་ལུགས་བཤད་འདུག
  • བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ Brazil ནང་དུ་བོད་དོན་གཏམ་བཤད་སྐོར་བསྐྱོད་དང་འབྲེལ་བའི་བཅར་འདྲི།

ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་དང་ལྷག་པར་ཨ་རི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་བོད་མར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་སྐོར་གྱི་སྤྱི་མོས་གྲོས་ཆོད་བཞག་ཐུབ་པར་རྟེན་འབྲེལ་གསུམ་འཛོམས་ཀྱི་མཛད་སྒོ་ཞིག་ཚོགས་འདུག

ཁ་ཉིན་ཕྱི་ཚེས་ ༢༠ ཉིན་ Ontario བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་ཚོགས་པའི་རྟེན་འབྲེལ་གསུམ་འཛོམས་ཀྱི་དགའ་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཁྲིམས་མཐུན་བློན་ཆེན་ James Maloney ལགས་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་དབུས་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས། དེ་བཞིན་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས་དང་ས་གནས་བོད་མི་བཅས་ཁྱོན་མང་ཚོགས་བརྒྱད་བརྒྱ་ལྷག་ལྷན་ཞུགས་གནང་ཡོད་པའི་སར་ Ontario བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གླང་དཀར་བསོད་ནམས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྟེ། ཨ་རི་དང་ཁེ་ན་ཌའི་སྲིད་གཞུང་གཉིས་ལ་ད་བར་བོད་མིར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུས་པ་དང་སླད་མར་མུ་མཐུད་རྒྱབ་སྐྱོར་གནང་བའི་ཡིད་ཆེས་ཡོད་ཅེས་གསུངས་འདུག

སྤྱིར་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་འདི་ཚེས་ ༡༢ ཉིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་གྱུར་བ་མ་ཟད། ཉེ་ཆར་ཟླ་བ་ ༦ ཚེས་ ༡༠ ཉིན་ཁེ་ན་ཌའི་གྲོས་ཚོགས་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་དང་། ལྷག་པར་རྒྱ་གཞུང་ནས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་དབང་མེད་ཅེས་འཁོད་པའི་གྲོས་ཆོད་སྤྱི་མོས་ཀྱི་གཏན་འབེབས་བྱུང་དོན་ལྟར།  ཁ་ཉིན་མཛད་སྒོ་ཐོག་ཕེབས་པའི་ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཁྲིམས་མཐུན་བློན་ཆེན་ James Maloney ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་དུ་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཤིག་ཡིན་པར་ངོས་འཛིན་བྱེད་པའི་གྲོས་ཆོད་དང་ཨ་རིའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་འདི་ནི་གཙོ་བོ་བོད་མི་རྣམས་ཀྱིས་ཐུན་མོང་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཡིན་པ་ལྟར་ཁོང་གཙོས་འབྲེལ་ཡོད་འཐུས་མི་ཚོས་གནང་དགོས་མིན་ཐད་དགོངས་བཞེས་གནང་བའི་ཐོག་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དེ་སྲིད་བྱུས་སུ་གཏན་ལ་ཕབ་པ་དང་། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་སྤྱོ་མོས་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུ་དང་ལྷག་པར་ཁེ་ན་ཌའི་གཞུང་ངོས་ནས་མུ་མཐུད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་དག་ལ་གདོང་ལེན་གྱིས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་པའི་གྲོས་ཆོད་གཏན་འབེབས་བྱུང་ཚེ་འབྱུང་འགྱུར་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཡུ་རོབ་རྒྱལ་ཁབ་དང་རྒྱལ་ཁབ་གཞན་རྣམས་ནས་ཀྱང་དེ་མཚུངས་ཁྲིམས་འཆར་གཏན་འབེབས་གནང་རྒྱུར་ཐུགས་ཕན་ཆེན་པོ་ཡོང་གཞི་ཡིན་པ་གསུངས་འདུག

གཞན་ཡང་ཨ་རི་དོན་གཅོད་རྣམ་རྒྱལ་མཆོག་ལགས་དང་བུ་ཆུང་ཚེ་རིང་ལགས། དེ་བཞིན་ཤེས་རབ་མཐར་ཕྱིན་ལགས་བཅས་གསུམ་གྱིས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་རྗེས་ལ་ཆེ་བསྟོད་ཞུས་པ་དང་སྦྲགས་བོད་མི་མང་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་ཐད་མུ་མཐུད་མཉམ་རུབ་ཀྱི་ནུས་པ་གང་ཡོད་འདོན་དགོས་པའི་ཞུ་སྐུལ་གནང་སོང་བ་མ་ཟད། ད་རེས་ Ontario བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་རྟེན་འབྲེལ་གསུམ་འཛོམས་ཀྱི་མཛད་སྒོ་དེ་བཞིན་ཚོགས་པའི་དུས་ཚོད་ཆ་ནས་གལ་ཆེན་པོ་ཡིན་པ་དང་ལྷག་དོན་བོད་མིའི་བདེན་མཐའ་སེལ་སླད་དེ་ལྟ་བུའི་ཁྲིམས་དང་གྲོས་ཆོད་གཉིས་བཞག་ཐུབ་པའི་གལ་གནད་དང་དེ་དག་གི་ཞིབ་ཕྲའི་ནང་དོན་རྣམས་རྟོགས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཏེ། ཁེ་ན་ཌའི་ནང་འདས་པའི་ལོ་ཤས་རིང་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་དུ་བོད་རྒྱ་ཞི་མོལ་དང་རང་ཐག་རང་གཅོད་ཀྱི་གྲོས་ཆོད་གཉིས་ལ་ཆབ་སྲིད་ཚོགས་པ་ཚང་མས་རྒྱབ་སྐྱོར་གནང་བར་གྲོས་འཆར་བསྣམས་ཕེབས་མཁན་གྱི་འཐུས་མི་དང་ས་གནས་བོད་མི་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

གཞན་ཡང་མཛད་སྒོའི་ཐོག་བོད་པའི་སློབ་ཕྲུག་དང་ཚོགས་སྐྱིད་ཁག་ནས་རིག་གཞུང་འཁྲབ་སྟོན་གནང་འདུག

རྩ་བའི་ཟླ་བ་འདིའི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཇོ་བྷཡི་ཌན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཨ་རིའི་ཁྲིམས་སུ་གྱུར་བ་དང་འབྲེལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དགའ་བསུ་ཤུགས་ཆེ་ཞུ་བཞིན་པའི་ཁྲོད། རྒྱ་གར་ནང་གི་བོད་མི་འདུ་སྡོད་གཞིས་ཆགས་ཁག་དང་ཁ་འཐོར་བོད་མི། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་མི་ཚོས་རྣམ་པ་འདྲ་མིན་སྒོ་ནས་ཨ་རིའི་གཞུང་དམངས་གཉིས་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་དགའ་སྟོན་གྱི་མཛད་སྒོ་ཚོགས་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།