གཟའ་འཁོར་སྔོན་མ་ཨ་རིའི་གྲོས་ཚོགས་འཐུས་མི་ Young Kim ལགས་ཀྱི་སྣེ་ཁྲིད་འོག་རྒྱ་ནག་གིས་ Africa ཨ་ཧྥེ་རི་ཁའི་གླིང་ཆེན་ནང་དུ་མ་འཛུགས་རྐྱེན་པས་ཁོར་ཡུག་དང་མང་ཚོགས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད་པའི་རྒྱུ་མཚན་དུ་བྱས་ནས་རྒྱ་ནག་གིས་་ཁུལ་དེའི་ནང་དུ་མ་འཛུགས་འཇོག་པར་བཀག་སྡོམ་གྱི་ཁྲིམས་འཆར་ཞིག་བཏོན་འདུག

དེ་ཡང་ཁ་སང་ཨ རིའི་གྲོས་ཚོགས་འཐུས་མི་ Young Kim ལགས་ནས་རང་གི་དྲ་གནས་ཐོག་ཉེ་ཆར་ཨ་རིའི་གྲོས་ཚོགས་སུ་ཁོང་ནས་གཞུང་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་སྐོར་བཀོད་འདུག་པ་དེའི་ནང་། ཁོང་དང་ཕྱག་སྦྲེལ་འཐུས་མི་ Collin Allred ལགས་གཉིས་ནས་རྒྱ་ནག་གིས་ཨ་ཧྥེ་རི་ཁའི་གླིང་ཆེན་ནང་དུ་མ་དངུལ་ཕོན་ཆེ་འཇོག་པས་མཇུག་འབྲས་སུ་ཁུལ་དེའི་ཁོར་ཡུག་ལ་དོ་ཕོག་ཆེན་པོ་གཏོང་གི་ཡོད་པ་མ་ཟད་མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཡང་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད་པ་དེར་ངོ་རྒོལ་མཚོན་བྱེད་དུ་ Stopping PRC Environmental Exploitation and Degradation Act འམ་ SPEED Act ཞེས་རྒྱ་ནག་གི་ཁོར་ཡུག་བཤུ་གཞོག་དང་ཉམས་རྒུད་འགོག་པའི་ཁྲིམས་འཆར་ཆེད་བཏོན་གྱིས་ངོ་སྤྲོད་གནང་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ Yong Kim ལགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་བརྒྱུད་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ཞི་ཅིན་ཕིང་གི་བུ་ལོན་གྱི་རྙིའི་ནང་བཙན་ཤེད་ཀྱིས་ལྷུང་དུ་འཇུག་གི་ཡོད་པ་དང་། དེ་བཞིན་སྐྱེ་ཁམས་དང་། ཁོར་ཡུག མང་ཚོགས་བདེ་ཐང་གི་ཉེན་ཁ་ལས་གཉོད་ཆུང་མི་འབོར་ལ་གནོད་སྐྱོན་གཏོང་གི་ཡོད་སྟབས། ཞི་ཅིན་ཕིང་ལ་འཛམ་གླིང་ཁྲོད་རང་གི་སྟོབས་ཤུགས་སྤེལ་བ་དང་དེའི་བརྒྱུད་རྒྱལ་སྤྱིའི་ཁོར་ཡུག་དང་ངལ་རྩོལ་གྱི་ཁྲིམས་ལུགས་ལ་རྩིས་མེད་རྡོག་རོལ་གཏོང་བའི་གོ་སྐབས་སྤྲོད་མི་རུང་ལ། ལྷག་དོན་ཨ་ཧྥེ་རི་ཁའི་སྤྱི་ཚོགས་ཀྱི་འཚོ་བ་ལ་ཉེན་ཁ་བཟོས་པ་བཅས་ལ་ཁ་གཏད་གཅོག་བྱེད་དུ་ཁོང་གིས་ད་རེས་ཁྲིམས་འཆར་དེ་ཆེད་འདོ་གནང་གི་ཡོད་པར་སྤོབས་པ་སྐྱེ་བཞིན་ཡོད་ཅེས་གསུངས་འདུག

དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ Collin Allred ལགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དང་འབྲེལ་བའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་མི་མང་ཚོའི་འཕྲོད་བསྟེན་དང་སྐྱེ་ཁམས་ལ་གནོད་སྐྱོན་ཆེ་བའི་བཤུ་གཞོག་གཏོང་དུ་འཇུག་མི་རུང་ཞེས་དང་། ཨ་རིའི་གྲོས་ཚོགས་ཚོགས་པ་གཉིས་ཀས་ཁོར་ཡུག་བཤུ་གཞོག་དང་ཉམས་རྒུད་འགོག་པའི་ཁྲིམས་འཆར་འདིས་ཨ་རིའི་ལྷོ་བྱང་གི་སྲིད་ཇུས་སྲ་བརྟན་དུ་གཏོང་བ་དང་། རྒྱ་ནག་ལ་ཉེས་ཆད་གཅོད་པའི་དབང་ཆ་སྟེར་བ། ཨ་ཧྥེ་རི་ཁའི་ནང་དུ་བྱུང་བའི་ཁོར་ཡུག་དང་། སྐྱེ་ཁམས། མི་མང་གི་འཕྲོད་བསྟེན་ལ་གནོད་སྐྱོན་ཆེ་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་ལ་འགན་འཁུར་དུ་འཇུག་རྒྱུ་ཡིན་པ་གསལ་འདོན་གནང་འདུག
The SPEED Act འམ་རྒྱ་ནག་གི་ཁོར་ཡུག་བཤུ་གཞོག་དང་ཉམས་རྒུད་འགོག་པའི་ཁྲིམས་འཆར་དེའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཚོགས་པ་ཁག་གིས་ཨ་ཧྥེ་རི་ཁའི་རང་བྱུང་གཏེར་ཁ་རྣམས་བསྔོག་འདོན་བྱེད་སྐབས་གནས་ཡུལ་རྒྱལ་ཁབ་དང་། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ། ངལ་རྩོལ་ཁྲིམས་ལུགས་བཅས་ཀྱི་སྒྲིག་གཞི་ཁག་ལ་བརྩི་སྲུང་མི་བྱེད་པའི་རྒྱ་ནག་དང་འབྲེལ་བའི་ཁེ་ལས་ཚོགས་པ་རྣམས་ཀྱི་བྱ་སྤྱོད་ལ་ཁ་གཏད་གཅོག་རྒྱུ་ནི་ཨ་རིའི་སྲིད་ཇུས་ཡིན་པ་གཏན་འབེབས་བྱེད་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཚོགས་པས་རྐྱེན་གྱིས་བྱུང་བའི་ཁོར་ཡུག་གནོད་སྐྱོན་ཐོག་ཨ་ཧྥེ་རི་ཁའི་ས་ཧ་རའི་ཉེ་འགྲམ་གྱི་རྒྱལ་ཁབ་ཁག་དང་མཉམ་ལས་ཇི་ལྟར་བྱེད་རྒྱུའི་ཐབས་ཇུས་ཞིབ་ཕྲ་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་ཐེབས་རྩ་ཁང་ནས་བཟོ་དགོས་པ། མ་ཟད་ཨ་ཧྥེ་རི་ཁའི་གླིང་ཆེན་དུ་ཁོར་ཡུག་དང་མང་ཚོགས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་བཟོ་མཁན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་ཁེ་ལས་ཚོགས་པ་རྣམས་ལ་ཉེས་ཆད་གཅོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་སོགས་འཁོད་འདུག

གཞི་རྩའི་རྒྱ་ནག་ནི་ཨ་ཧྥེ་རི་ཁའི་ཚོང་འབྲེལ་གྱི་མཐུན་གྲོགས་ཆེ་ཤོས་དང་། བུ་ལོན་གྱི་མཁོ་འདོན་བྱེད་མཁན་གཙོ་བོ། དེ་བཞིན་རྒྱུད་གཅིག་ལམ་གཅིག་གི་གྲོས་འཆར་བརྒྱུད་ཕྱི་རྒྱལ་གྱི་ཐད་ཀའི་མ་དངུལ་གཏོང་ཡུལ་གཙོ་བོ་བཅས་ཆགས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གི་བུ་ལོན་གྱི་རྙི་ནང་ཚུད་པའི་ཕྱི་འབྲེལ་སྲིད་ཇུས་དེ་ནམ་རྒྱུན་སྤྱི་གཉེར་ཁང་བརྒྱུད་ནས་ལག་བསྟར་བྱེད་བཞིན་པ་དེས་ས་གནས་སྤྱི་ཚོགས་དང་སྐྱེ་དངོས་སྣ་ཚོགས་རང་བཞིན་གྱི་ས་ཁུལ་གལ་ཆེན་ཁག་ལ་གཏོར་བརླག་དང་གནོད་སྐྱོན་གཏོང་སྲིད་པ་ཞིག་ཡིན་པ་རེད།




