ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་དང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ ཨོསྟྲེ་ལི་ཡཱ་གཞུང་ལ་དེ་འབྲེལ་བསྒྲགས་གཏམ་སྤེལ་དགོས་པའི་ཞུ་སྐུལ་གནང་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༡ ཉིན་ Australia Tibet Council (ATC) འམ་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་འཛིན་སྐྱོང་འགན་འཛིན་ Dr Zoe Bedford ལགས་དང་། ཚོགས་མི་བསོད་ནམས་རྒྱལ་མཚན་ལགས། དེ་བཞིན་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་ཆོས་དབྱངས་ལགས་བཅས་ནས་ཡུལ་དེ་གའི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་མཇལ་འཕྲད་ཀྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས། ཨོསྟྲེ་ལི་ཡཱ་གཞུང་ནས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་བརྒྱུད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ལ་རྒྱབ་སྐྱོར་དང་། གནད་དོན་དེར་རྒྱ་ནག་གཞུང་གི་ཐེ་བྱུས་ལ་འགག་པ་ཡོད་པའི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག
འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེའི་ཐོག་ཨོསྟྲེ་ལི་ཡཱ་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་ཆོས་དབྱངས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ད་རེས་ཞུ་སྐུལ་གྱི་ནང་དོན་གཙོ་བོ་དེ་༸རྒྱལ་བའི་ཡང་སྲིད་ཐད་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་ཨོསྟྲེ་ལི་ཡཱ་གཞུང་ནས་ལངས་ཕྱོགས་ཤུགས་ཆེ་པོའི་ཐོག་ནས་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་དང་ལྷན་དུ། ཡུལ་དེ་གའི་ཕྱི་སྲིད་བློན་ཆེན་ Penny Wong པེ་ནི་ཝོང་མཆོག་ནས་ཀྱང་དེ་འབྲེལ་གསུང་གནང་ཡོང་བའི་འབོད་སྐུལ་ཞུ་ཡོད་པ་གསུངས་སོང་། མ་ཟད་ཉེ་ཆར་མཇུག་སྒྲིལ་ཟིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ པའི་ཐོག་ཨོསྟྲེ་ལི་ཡའི་སྐུ་ཚབ་ནས་༸རྒྱལ་བའི་ཡང་སྲིད་ལ་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་ནན་བརྗོད་གནང་བ་དང་། ཟླ་བ་དེའི་ཚེས་ ༡༧ ཉིན་ཨོསྟྲེ་ལི་ཡཱ་དང་ནིའུ་ཛི་ལེནྜ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་བདེ་སྲུང་བློན་ཆེན་ཐུན་མོང་གིས་ད་ལྟ་བོད་ནང་གི་ཆོས་དང་རིག་གཞུང་། ཤེས་ཡོན། དེ་བཞིན་སྐད་ཡིག་བཅས་ཀྱི་ཐོབ་ཐང་དང་རང་དབང་ཉམས་རྒུད་དུ་འགྲོ་བཞིན་པར་སེམས་འཚབ་གྱི་རྣམ་པ་བསྟན་པའི་ཟུང་སྦྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་ཡོད་པ་འགྲེལ་བརྗོད་གནང་སོང་།
མ་ཟད་དེ་འབྲེལ་གཞུང་ངོས་ནས་གྲོས་ཆོད་གཏན་འབེབས་ཡོང་བ་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གྱི་བོད་མིར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
རྩ་བའི་ཟླ་བ་སྔོན་མའི་ཕྱི་ཟླ་ ༣ ཚེས་ ༡༠ སྟེ། བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༧ ཉིན་མོར། ཨོསྟྲེ་ལི་ཡའི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ཨོསྟྲེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་ཆེ་བསྟོད་དང་། རྒྱ་ནག་གིས་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ཕྱོགས་ཀྱི་བྱ་རིམ་ལ་ཡོངས་སུ་དབང་སྒྱུར་བྱས་པ་དང་བོད་ས་ཡོངས་སུ་སྲིད་བྱུས་འདྲ་མིན་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་ཀྱི་སྐད་ཡིག་དང་ཆོས་རིག་སོགས་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་འཁོད་པའི་གྲོས་ཆོད་དོན་ཚན་བཞི་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།
ཡང་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༣ ནས་ཕྱི་ཟླ་ ༣ ཚེས་ ༣༡ བར་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ པའི་ཐོག་ཨོ་གླིང་སྐུ་ཚབ་ནས་ཐེངས་གཉིས་ཙམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་གནང་ཡོད་པ་མ་ཟད། ཧྥིན་ལེནྜ་དང་ཨ་ཡར་ལེནྜ། འཇར་མ་ནི་སོགས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློ་འཚབ་ཀྱིས། རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོག་དགོས་པ་ནན་བརྗོད་གནང་འདུག
གཞི་རྩའི་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དང་སྤེལ་བཞིན་ཡོད་པ་དང་། ༸རྒྱལ་བའི་ཡང་སྲིད་གཙོས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་མཐའ་དག་རྒྱ་ནག་དམར་གཞུང་གི་ཁྲིམས་གཞི་ལྟར་འགྲོ་དགོས་ལུགས་དང་། གནད་དོན་དེར་ཕྱིའི་ཐེ་བྱུས་དང་གནོན་ཤུགས་རིགས་ངོས་འཛིན་པའི་ཐོག་གདོང་ལེན་ནན་པོ་བྱ་དགོས་པ་སོགས་བཤད་ཀྱི་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེར་གྲགས་པ་བོད་རིགས་རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་མཚོན་པས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་བཞིན་པ་རེད། དེའི་ཁྲོད་སྔ་ལོའི་ཕྱི་ཟླ་ ༡༢ ནང་བོད་གཞིས་ཀ་རྩེ་གྲོང་ཁྱེར་ནང་དུ་འཚོགས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ལྷན་ཚོགས་ཞིག་གི་ཐོག་རྒྱལ་མཚན་ནོར་བུས་བླ་སྤྲུལ་ཡང་སྲིད་རྣམས་རྒྱ་ནག་གཞུང་གིས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་ནས་འགྲོ་དགོས་པ་དང་། དེའང་ཕྱི་ཕྱོགས་ཀྱི་གང་ཟག་དང་ཚོགས་པ་སྒྲིག་འཛུགས་སུ་ཞིག་གི་ཤུགས་རྐྱེན་མེད་པ། དེ་བཞིན་བླ་སྤྲུལ་ངོས་འཛིན་གྱི་བརྒྱུད་རིམ་དེ་ཡང་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་དམར་ཤོག་ཚོགས་པར་བློ་གཏད་ཡོད་པའི་ཐོག་ནས་བྱ་དགོས་ལུགས་སོགས་བཤད་ཡོད།



