Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2015

༸གོང་ས་མཆོག་གིས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་ཐུགས་ཕམ་དང་ཡང་སྲིད་མཆོག་སྤྲུལ་མྱུར་བྱོན་ཐུགས་སྨོན་མཛད་པ།

    བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༣ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་ཐུགས་ཕམ་དང་ཡང་སྲིད་མཆོག་སྤྲུལ་མྱུར་འབྱོན་ཐུགས་སྨོན་གསོལ་འདེབས་མཛད་ཡོད་པ་རེད། དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་ཉིན་ལྔ་པའི་བཀའ་ཆོས་མ་བསྩལ་བའི་སྔ་རོལ་ཏུ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་ཐུགས་ཕམ་དང་སྦྲགས། ཚང་མས་དམ་པ་ཁོང་གི་ཡང་སྲིད་མཆོག་སྤྲུལ་མྱུར་འབྱོན་པའི་ཐུགས་སྨོན་གནང་དགོས་པའི་བཀའ་བསྩལ་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་བསྩལ་དོན་ལ། རྡོ་རྗེ་བྲག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་གཤགས་ནས་ཉིན་མ་གསུམ་ཙམ་ཕྱིན་ཡོད་པ་རེད། དམ་པ་ཁོང་ནི་རྒྱལ་བ་ལྔ་པ་སྐབས་ནང་རྡོ་རྗེ་བྲག་རིག་འཛིན་པད་འཕྲིན་དང་རྣམ་གྲོལ་གླིང་གི་གཏེར་བདག་གླིང་པ་གནང་ནས་༸གོང་ས་ལྔ་པ་ཆེན་པོས་ཐོུང་མ་ཡིན་པའི་ལུང་ཟིན་གྱིས་གསང་བ་རྒྱ་ཆེན་གྱི་ཆོས་བདག་ཆགས་ཡོད་པ་རེད་ལ། གཏེར་བདག་གླིང་པ་དང་ཐོུང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། རྡོ་རྗེ་བྲག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནི་ཞེ་དྲག་ཡག་པོ་ཡིན། བར་སྐབས་སྔ་འགྱུར་རྙིང་མའི་དབུ་ཁྲིད་གནང་པ་རེད། བླ་མ་ཡག་པོ་ཞེ་དྲག་ཡིན། ད་ལྟ་ཁོང་མྱ་ངན་ལས་འདས་པ་རེད། ངོས་ལ་མྱུར་བྱོན་གྱི་གསོལ་འདེབས་བྲིས་རོགས་ཞེས་ཞུས་སོང་། ངོས་ནས་དགའ་ཞིང་སྤྲོ་ཞིང་ངང་བྲིས་ཡོད། ཚང་མས་ཡང་སྲིད་ཡག་པོ་གཅིག་ཡོང་བར་ཐུགས་སྨོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་ཕེབས་འདུག གཞན་ཡང་༸གོང་ས་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་མཆོག་ཁྲི་པའི་ལས་ཡུན་ལོ་བདུན་ཚང་ལ་ཉེ་བ་དང་། འདས་པའི་དུས་ཡུན་ནང་རིན་པོ་ཆེ་ཁོང་གིས་བླ་མ་ལས་སྣེ་དང་མཁན་པོ་གནང་སྐབས་ཀྱི་ཕྱག་ལས་གནང་ཕྱོགས་ལ་ལེགས་གསོའི་བསྔགས་བརྗོད་གནང་བ་དང་། ལྷག་པར་མགོན་པོ་༸གང་ཉིད་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེའི་དྲུང་ནས་བུདྷ་པཱ་ལི་ཏ་དང་། དབུ་མ་ཚིག་གསལ་སོགས་གཞུང་མང་དག་ཞིག་གསན་བཞེས་མཛད་ཚུལ་བཀའ་མཛད་པ་མ་ཟད། མ་འོངས་པར་བསྟན་འགྲོའི་དོན་དུ་ཐུགས་བཞེད་ལྷུན་འགྲུབ་ཡོང་བར་ཐུགས་སྨོན་མཚམས་སྦྱོར་གནང་གལ་ཆེ་བ་སོགས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་བཀའ་བསྩལ་དོན་ལ། ཁྲི་རིན་པོ་མཆོག་གི་སྐུ་མདུན་ནས་ངོས་ཀྱིས་ཆོས་འབྲེལ་མང་པོ་ཞུས་ཡོད་རེད། གཙོ་ཆེ་ཤོས་གྲས་སུ་བུདྷ་པཱ་ལི་ཏ་དང་། ཚིག་གསལ་སོགས་རྒྱ་འགྲེལ་མང་པོ་ཞིག་རིན་པོ་ཆེའི་དྲུང་ནས་ལུང་རྒྱུན་ཞུས་པ་རེད། ཞེ་དྲག་གི་དྲིན་ཆེན་པོ་ཡིན། དེ་ཙམ་མ་ཟད། རྒྱུད་པའི་ལས་ཡུན་གནང་པ་དང། བློ་གསལ་གླིང་གི་མཁན་པོ་གནང་པ་མཚོན་འཛེམས་སྲོན་མེད་པར་བསྟན་པའི་ཐུགས་འཁུར་ཞེ་དྲག་བཞེས་པ་དང། ད་ལྟ་དགའ་ལྡན་ཁྲི་ཐོག་ལས་ཡུན་ལོ་བདུན་ཚང་ལ་ཉེ་བ་སླེབས་ཀྱི་ཡོད་པ་རེད། ད་དུང་ཡང་རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་ནས་སྤྱིར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་བསྒྲུབ་ཐུབ་པར་ཚང་མས་ཐུགས་སྨོན་གནང་དགོས་རེད་ཅེས་བཀའ་བསྩལ་འདུག ཡང་སྒོས་སུ་དེ་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་མཆོག་གི་དགོངས་རྫོགས་དུས་དྲན་ཡིན་སྟབས། གསོལ་ཚོགས་འབུལ་གནང་རྒྱུ་དང་། ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་ཡང་སྲིད་བོད་དུ་ལུས་པས་རེ་བ་བྲལ་བ་དང་། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལ་རེ་བ་ཆེན་པོ་བརྒྱབ་ཀྱང་དེ་ལྟར་མ་བྱུང་བས། ད་ལྟ་བར་ཆད་ཀྱི་ཐོག་ཏུ་ཡོད་མུས་ཡིན་སྟབས་གླིང་མཆོག་སྤྲུལ་རིན་པོ་ཆེ་ད་ལྟ་རེ་བ་རྒྱག་ཡུལ་ཆགས་ཡོད་པ་དང་། ཁོང་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པར་ཚང་མས་ཐུགས་སྨོན་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་སློབ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་ཞུ་བར་ཕེབས་པ་རྣམས་ལ་ཡི་ཤུའི་འཁྲུངས་སྐར་ཉིན་ལ་དམིགས་བསལ་གྱི་འཚམས་འདྲི་མཛད་འདུག

༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཞི་བར་གཤེགས་པར་གཞུང་འབྲེལ་མཆོད་སྨོན་གནང་པ།

བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་ཟླ་བ་འདིའི་ཚེས་ ༢༣ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་མྱ་ངན་གུས་བཏུད་དང་སྦྲགས། གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༢༥ ཉིན་གུང་ཚོུད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ལས་བྱེད་གསོལ་ཐབ་ཀྱི་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་སྲི་ཞུ་ལས་བྱེད་ཡོངས་ནས་དམ་པ་དེ་ཉིད་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཞི་བར་གཤེགས་པའི་ཚུལ་བསྟན་པར་གདུང་སེམས་མཉམ་བསྐྱེད་ཀྱིས་མྱ་ངན་གུས་བཏུད་ཞུ་ཕྱིར། ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་པ་མ་ཟད། ཉིན་རྒྱབ་ཏུ་དབུས་ལས་ཁུངས་ཁག་ལས་མཚམས་འཇོག་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཞིང་གཤེགས་དམ་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཞི་བར་གཤེགས་པའི་ཡོད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་སྤྱི་དང་ཁྱད་པར་བཀའ་ཤག་ནས་ཧ་ཅང་གི་བློ་ཕམ་ཆེན་པོས་མྱ་ངན་གུས་བཏུད་ཞུས་པ་དང་སྦྲགས། གཞིས་བྱེས་གཉིས་སུ་ཡོད་པའི་དམ་པ་དེ་ཉིད་ཀྱི་ཞལ་སློབ་རྣམས་དང་བླ་བྲང་། སྐུ་འཁོར་ཉེ་འབྲེལ། དེ་བཞིན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་དང་འཕགས་ཡུལ་ཐུབ་བསྟན་རྡོ་རྗེ་བྲག་དགོན་པ་གཙོས་པའི་འབྲེལ་ཆགས་གཞིས་བྱེས་དགོན་ཁག་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་ཞུས་གནང་སོང་བ་དང། ༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་སྤྱི་དང་བྲེ་བྲག་ཏུ་སྔ་འགྱུར་རྙིང་མའི་བསྟན་པར་བཤད་སྒྲུབ་ལེགས་གསུམ་གྱི་སྒོ་ནས་མཛད་འཁུར་བླ་མེད་བསྐྱངས་པར་རང་ཅག་རྣམས་ནས་རྒྱུན་དུ་བཀྲིན་རྗེས་དྲན་ཞུ་རྒྱུ་དང། ༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་མཐའ་དག་ཡོངས་སུ་རྫོགས་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། དེ་མཚུངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁ་སང་ཡོངས་ཁྱབ་གསུང་འཕྲིན་ཞིག་འདོན་སྤེལ་གནང་བ་བརྒྱུད། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པ་དེ་ནི་བོད་བསྟན་སྲིད་སྤྱི་དང་སྒོས་སུ་སྔ་འགྱུར་རྙིང་མའི་བསྟན་པ་ལ་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའང་ཡིད་གདུང་དྲག་པོ་བྱུང་ཞེས་གསུངས་པ་དང་། དམ་པ་དེ་ཉིད་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་དོན་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན་སྟབས། ཞིང་གཤེགས་དམ་པ་དེ་ཉིད་ཀྱི་དགོན་པའི་མཁན་རིན་པོ་ཆེས་དབུས་ལས་ཀྱི་སྣེ་མོ་རྣམས་དང་། འདུས་མང་། སློབ་མ། སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིད་གདུང་དྲག་པོས་ཐུགས་གསོ་དང་སྦྲགས། དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་ཟབ་མོ་དག་ལེགས་པར་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་འཁྲུལ་བྲལ་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མྱུར་དུ་འབྱོན་པའི་གསོལ་སྨོན་ཤུགས་དྲག་པོར་ཞུ་རྒྱུ་བཅས་ཐུགས་གསོའི་གསུང་འཕྲིན་གནང་འདུག རྩ་བའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པའི་དགོན་བདག་དང། ༢༠༡༢ ནས་བཟུང་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་གནང་ཡོད་པ་རེད། ཟླ་ ༡༢ ཚེས་ ༢༣ ཉིན་གྱི་ཐོ་རེངས་ཚོུད་ ༢།༣༠ ཙམ་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རིན་པོ་ཆེ་མཆོག་དགུང་ལོ་ ༨༩ ཐོག་ལ་ཛ་དྲག་གི་སྙུང་གཞི་རིགས་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང། ད་ལྟའི་ཆར་སྐུ་ཐུགས་དམ་ལ་བཞུགས་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༥།༡༢།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བལ་ཡུལ་ནང་གི་དཀའ་ངལ་ཁག་ལ་ཚང་མས་རོགས་རམ་གནང་དགོས་གལ་ཡིན་པ་གསུངས་འདུག ༸གོང་ས་མཆོག་གིས་བོད་ནས་ཕེབས་མཁན་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ། ཨ་རིས་རྒྱ་ནག་གི་འཇིགས་སྐུལ་རིང་ལུགས་ཀྱི་ཁྲིམས་ལུགས་ལ་སྐྱོན་བརྗོད། བོད་རང་སྐྱོང་ལྗོངས་ནང་དུ་དམ་དྲག་གི་སྲིད་བྱུས་ལག་བསྟར། དམིགས་བསལ་ལེ་ཚན། ཟས་བཅུད་ཉེན་སྲུང་སྐོར། Thursday 24/12/2015 Dalai Lama prays for Nepal, speaks to newly arrived Tibetans US condemns China’s anti-terrorism law After ‘TAR’, China set to impose severe restrictions in other Tibetan areas Researchers find Pliocene-Era Hyena fossil on Tibetan plateau HEALTH FEATURE: Food safety by Dr. Rinzin Sangmo

༸གོང་ས་མཆོག་གིས་བལ་ཡུལ་ནང་འཕྲད་བཞིན་པའི་དཀའ་ངལ་ཐོག་བཀའ་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་ཉིན་ལྔ་པའི་བཀའ་ཆོས་མ་བསྩལ་བའི་སྔ་རོལ་ཏུ་བལ་ཡུལ་ནང་དཀའ་ངལ་འཕྲད་བཞིན་པར་རོགས་རམ་དང་ཐུགས་སྨོན་འཚམས་སྦྱོར་གནང་དགོས་པའི་བཀའ་སློབ་བསྩལ་འདུག དེ་ཡང་བལ་ཡུལ་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་གྱིི་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་གིས་འདི་ལོར་བལ་ཡུལ་དུ་ས་ཡོམ་དང་།ཆབ་སྲིད་ཀྱི་དཀའ་རྙོག་རྐྱེན་པས་མང་ཚོགས་ཚོར་འཕྲུལ་སྣུམ་དང་། རླངས་རྫས། སྨན་བཅོས་དང་བཟའ་བཅའ་སོགས་ཀྱི་ཐོག་ལ་དཀའ་ངལ་བསྟུད་མར་འཕྲད་བཞིན་པ་བརྟེན། མགོན་པོ་༸གང་ཉིད་མཆོག་ལ་བཀའ་ཆོས་སུ་བཅར་བའི་མང་ཚོགས་རྣམས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་སྨིན་སྩོལ་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་བསྩལ་དོན་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་དང་བལ་ཡུལ་ཐོུང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་རེད། ལྷ་སར་གཙུག་ལག་ཁང་བཞེངས་ཡག་དང་བལ་པའི་ལག་བཟོ་བ་ཡོང་ནས་བཞེངས་ཡོད་པ་རེད། ང་ཚོའི་རི་མོ་ལའང་བལ་བྲིས་ཞེས་བཤད་སྲོལ་ཡོད་པ་རེད། གང་ལྟར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད་ཅེས་བཀའ་བསྩལ་འདུག་པ་དང། ད་དུང་༸གོང་ས་མཆོག་ནས་གཙོ་བོ་སོ་སོའི་སྔོན་བསགས་ལས་རེད། འཛམ་བུ་གླིང་གི་ཁོར་ཡུག་གི་ཚ་དྲོད་ཆེ་རུ་ཕྱིན་ནས་གནམ་གཤིས་ཀྱི་འགྱུར་བ་སོགས་ལས་འབྱུང་བ་འཁྲུག་ཏེ་འཛམ་གླིང་ཐོག་ས་ཡོམ་དང་། ཆུ་ལོག་སོགས་བྱུང་བཞིན་པ་མ་ཟད། ལྷག་དོན་རྒྱ་གར་དང་བལ་ཡུལ་ཁུལ་དུ་དཀའ་ངལ་མང་པོ་ཞིག་འཕྲད་པར་མགོན་པོ་༸གང་ཉིད་ནས་ཀྱང་ཕན་གྲོགས་ཀྱི་ཞལ་འདེབས་གསོལ་ཕྲན་བུ་གསོལ་སྩལ་གནང་ཡོད་པ་དང། བལ་དུ་ཡོད་པའི་རིས་མེད་བོད་པའི་དགོན་སྡེ་ཁག་གིས་རོགས་རམ་ཤུགས་ཆེ་གནང་བར་ལེགས་གསོལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་ཡོད་པ་རེད། ལྷག་པར་དུ་འདིར་འཛོམས་པའི་མི་རྣམས་འདིར་ཚོང་དང་ལྟད་མོ་སོགས་ཀྱི་ཆེད་འདུ་འཛོམས་བྱུང་བ་ཞིག་མིན་པར། དམ་ཆོས་འཆད་ཉན་གྱི་སླད་དུ་ཡོང་བ་ཞིག་ཡིན་སྟབས། སྐྱེ་འགྲོ་སྤྱི་དང་ཡང་སྒོས་བལ་ཡུལ་དུ་དཀའ་རྙོག་འཕྲད་དང་འཕྲད་བཞིན་པར་ཕན་གྲོགས་གང་ཐུབ་གནང་རྒྱུ་དང། འདས་གསོན་རྣམས་ལ་ཐུགས་སྨོན་འཚམས་སྦྱོར་གནང་དགོས་གལ་ཡིན་པའི་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་བཀའ་བསྩལ་དོན་ལ། གང་ལྟར་མིའི་ནུས་པས་མ་འདང་ན་སྨོན་ལམ་བརྒྱབ་ཡག་མ་གཏོགས་གཞན་གང་ཡང་ཡོད་མ་རེད། དེ་རིང་འདིར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་བཅས་མི་འབོར་ཆེན་ཞིག་འདིར་འདུས་ཡོད་པ་རེད། ང་ཚོ་འདིར་འདུས་པ་དེ་ཚོང་དང་ལྟད་མོ་ཞེ་དྲག་ཡོད་པས་འདུས་པ་ཞིག་མ་རེད། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ཆགས་ཀྱི་ཡོད་རེད། དེ་འདྲའི་ཆོས་ཚུལ་དེ་ང་ཚོས་ཤེས་ཀྱི་ཡོད་རེད་ལ། འཆད་ཉན་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོ་ཚང་མས་སྤྱིར་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་དང་བྱེ་བྲག་ཏུ་འགྲོ་བ་མིའི་རིགས་དང། སྐབས་སུ་འབབ་པ་ཁྱིམ་མཚེས་ཀྱི་ཡུལ་ལུང་དུ་དཀའ་ངལ་ཞེ་དྲག་འཕྲད་པར་ཚང་མས་ཐུགས་སྨོན་བདེན་ཚིག་གང་ཡོང་ཡོང་གནང་རོགས་ཞེས་བཀའ་བསྩལ་འདུག

རྒྱ་གཞུང་གིས་རང་སྐྱོང་ལྗོངས་ཙམ་མིན་པར་བོད་ཀྱི་ས་ཁུལ་ཁག་ཏུ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་འཆར་འདུག་པ།

ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་དུ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་སྟབས། ཁུལ་དེར་བརྟན་ལྷིང་ཡོད་པའི་གདེངས་ཚོད་རྙེད་པ་དང་སྦྲགས། འཆར་ལོ་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས་དེང་སྐབས་བོད་རང་སྐྱོང་ལྗོངས་སུ་ལག་བསྟར་བྱེད་བཞིན་པའི་དམ་དྲག་གི་སྲིད་བྱུས་དེ་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་དུའང་གཅིག་མཚུངས་སུ་ལག་བསྟར་བྱེད་འཆར་ཡོད་པ་རེད་འདུག དེ་ཡང་ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱ་ནག་གཞུང་གིས་དབྱེས་བའི་བོད་རང་སྐྱོང་ཟེར་བའི་ནང་དུ། རྒྱལ་སྤྱིའི་གསར་འགོད་མི་སྣའི་རུ་ཁག་དང། ཨ་རི་གྲོས་ཚོགས་འཐུས་མིའི་རུ་ཁག དེ་བཞིན་འཇར་མ་ནི་སྐུ་ཚབ་རུ་ཁག་སོགས་བསྐྱོད་གཅུག་ཡོད་པའི་གནད་དོན་ལུང་འདྲེན་དང་སྦྲགས། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་རང་སྐྱོང་ལྗོངས་ནང་དུ་དམ་དྲག་གི་སྲིད་བྱུས་ལག་བསྟར་བརྒྱུད། བོད་ཀྱི་ས་ཁུལ་གཞན་ནས་བོད་མི་འཛུལ་ཞུགས་བྱེད་མ་བཅུག་པ་དང་། རང་སྐྱོང་ལྗོངས་ཀྱི་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་རྣམས་འཕྲོག་སྟེ་ཕྱི་ཕྱོགས་ལ་བསྐྱོད་མ་བཅུག་པའམ། འགའ་ཞིག་བསྐྱོད་བཅུག་པ་རྣམས་ཀྱང་རྒྱ་གར་ལ་འགྲོ་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད། ཕྱིར་ལོག་བྱེད་པའི་རྗེས་སུ་ལག་འཁྱེར་བསྐྱར་འདུ་བྱེད་པ་སོགས་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད་སྟབས། རྒྱ་ནག་གཞུང་ལ་ཁུལ་འདིའི་ནང་བརྟན་ལྷིང་ཡོད་པའི་གདེངས་ཚོད་སླེབས་ཡོད་སྐོར་འཁོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཉེ་སྔོན་རྒྱ་གཞུང་གིས་བོད་ཀྱི་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཐེངས་ ༥ དང་ ༦ ཐོག ཕྱི་ལོ་ ༢༠༡༦ ནས་བཟུང་རང་སྐྱོང་ལྗོངས་ཙམ་མ་ཡིན་པར། བོད་ཀྱི་ས་ཁུལ་གཞན་ཁག་ཏུའང་རང་སྐྱོང་ལྗོངས་ལྟར་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ཐག་གཅོད་ཟིན་ཡོད་པ་རེད་འདུག དེའི་ཁྲོད་ད་སྐབས་བལ་ཡུལ་ནས་ཁྲིན་རྡུར་ཕྱིར་ལོག་བྱེད་མཁན་བོད་མི་རྣམས་བལ་ཡུལ་གནམ་ཐང་ནས་ཞིབ་གཤར་བྱད་ཟིན་ཀྱང་། ལམ་བར་དུ་ལྷ་སའི་ཉེ་འགྲམ་གྱི་གོང་དཀར་གནམ་ཐང་དུ་བབས་བཅུག་ནས་སླར་ཞིབ་བཤེར་བྱེད་དགོས་ཀྱི་ཡོད་པ་རེད་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གཞན་ཁག་ཏུའང་འཆར་ལོ་ ༢༠༡༦ ནས་བཟུང་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱ་འཆར་ཡོད་པ་འཁོད་འདུག་ཀྱང་། འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཁུལ་དེ་དག་ནང་དུ་དམ་དྲག་བྱེད་མགོ་བཙུགས་ཟིན་ཡོད་པའི་རྣམ་པ་མངོན་རྒྱུ་འདུག དེའང་འདི་ག་རླུང་འཕྲིན་ཁང་ནས་ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་གནས་ཚུལ་སྤེལ་བའི་ནང་དུ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག བོད་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ཁག་གི་ནང་དུ་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཆེད་བཅའ་སྡོད་ལས་བྱེད་མི་སྣ་འདུ་སྐོང་བྱེད་བཞིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༡༣ ལོ་ནས་མགོ་བཙུགས་ཏེ་དགོན་སྡེ་ཁག་གི་ནང་དུ་གཏན་སྡོད་ལས་བྱེད་བཞག་མགོ་བཙུགས་པའི་ཁྲོད། འདི་ལོ་ནང་ལས་བྱེད་ ༧༨ གསར་བསྐོ་བྱེད་ཡོད་པ་འཁོད་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག ཕྱི་ལོ་ ༢༠༠༨ སྔོན་དུ་ལོ་རེར་ཆ་སྙོམ་བོད་མི་གྲངས་ ༢༥༠༠ བྲོས་བྱོལ་དུ་ཕེབས་ཐུབ་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གཞུང་གིས་དམ་དྲག་བྱས་པར་བརྟེན་ཕྱི་ལོ་ ༢༠༡༥ ལོར་མཚོན་ན་བོད་མི་ ༧༤ ལས་བྲོས་བྱོལ་ལ་ཕེབས་ཐུབ་མེད། འོན་ཀྱང་གྲངས་འབོར་ལ་ཁྱད་ཆེན་པོ་ཕྱིན་པ་དེས་ བོད་མི་རྣམས་ནས་རྒྱ་གཞུང་གིས་བོད་ནང་རྒྱུན་དུ་དམ་དྲག་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་བཞིན་པ་དངོས་གནས་ཡིན་པ་གསུངས་འདུག

༸གོང་ས་མཆོག་གིས་བོད་ནས་ཕེབས་པའི་བོད་མི་ ༢༧༠ ལྷག་ལ་བཀའ་སློབ་བསྩལ་བ།

  ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་ཉིན་བཞི་པའི་བཀའ་ཆོས་མ་བསྩལ་བའི་སྔ་རོལ་ཏུ་བོད་ནས་ཆེད་བཅར་ཞུས་པའི་བོད་རིགས་ཆོས་ཞུ་བ་  ༢༧༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་ཏེ་ང་ཚོའི་ངོས་ནས་གཞིས་ལུས་རྒྱ་ཆེ་མང་ཚོ་རྣམས་བོད་ཀྱི་བདག་པོ་ངོ་མར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་བསྩལ་འདུག དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་ང་ཚོའི་ངོས་ནས་ནམ་ཀུན་ཏུ་གཞིས་ལུས་རྒྱ་ཆེ་མང་ཚོ་རྣམས་བོད་ཀྱི་བདག་པོ་ངོ་མར་ངོས་འཛིན་གནང་གི་ཡོད་པ་བཀའ་བསྩལ་བ་དང་སྦྲགས། དེ་སྔ་བོད་དུ་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་རིག་གནས་གསར་བརྗེ་སྐབས་རྒྱ་གཞུང་གིས་བོད་དེ་ཆོས་དང་རིག་གཞུང་གང་གི་ཆ་ནས་ཀྱང་ཆེས་རྗེས་ལུས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང། ད་ལྟའི་ཆར་རྒྱ་ནག་ནང་རྒྱ་རིགས་ནང་པ་ས་ཡ་ ༤༠༠ ལྷག་ཡོད་པ་མ་ཟད། དེ་དག་གིས་བོད་ཀྱི་ནང་ཆོས་ལ་དོ་སྣང་ཧ་ཅང་བྱེད་བཞིན་ཡོད་པ་རེད་ཅེས་བཀའ་བསྩལ་འདུག ད་དུང་མགོན་པོ་མཆོག་གིས་བོད་མི་ཚོ་གཞན་ལ་བརྟེན་མི་དགོས་པར་བོད་ཀྱི་སྐད་ཡིག་རང་གི་ནང་དུ་ནང་ཆོས་ཀྱི་གནས་ལུགས་ཆ་ཚང་བ་ཞིག་ཡོད་སྟབས། བོད་མི་སྐྱ་སེར་ཚོས་ཁྱད་མེད་པར་དེའི་ཐོག་ལ་བསླབ་པ་སློབ་གཉེར་གནང་གལ་ཆེ་བའི་བཀའ་བསྩལ་འདུག ༸གང་ཉིད་མཆོག་གིས་བོད་ནས་ཕེབས་པའི་བོད་མི་ཚོར་ཤེས་ཡོན་ནི་གལ་འགངས་ཆེན་པོ་ཡིན་པ་དང། ལྷག་དོན་བོད་པ་རང་ཉིད་ཀྱི་རིག་གནས་ཐོག་བསླབ་པ་སློབ་གཉེར་བྱ་དགོས་སྐོར་བཀའ་ཕེབས་པ་དང་འབྲེལ། བོད་རྒྱ་གཉིས་ཀྱི་དབར་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་སྐབས་རེར་འཁྲུག་པ་དང་སྐབས་རེར་འཆམ་པ་སོགས་ཀྱི་རྒྱལ་རབས་འདྲ་མིན་བྱུང་ཡོད་སྟབས། བོད་མི་ཚོས་རྒྱ་རིགས་ཚོ་དང་ལྷན་དུ་འཆམ་མཐུན་དང་གྲོགས་པོ་འགྲིག་དགོས་པའི་བཀའ་བསྩལ་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ལོ་རྒྱུས་ཁྲོད་དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཀྱི་སྐབས་ལ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་རུང། ད་ཆ་བོད་རྒྱ་གཉིས་ཀའི་ཁེ་ཕན་ཆེད་རང་བཙན་རྩོད་ཀྱི་མེད་པ་དང། ང་ཚོས་དེ་ལྟར་གནང་ཐུབ་པ་ཡིན་ན། བོད་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། རྒྱ་ནག་ནང་ལ་འགྱུར་པ་འགྲོ་བཞིན་ཡོད་པ་དང་མ་འོངས་པར་འགྱུར་བ་འགྲོ་ངེས་ཡིན་པས་སྐྱིད་པོ་དང་ལྷོད་ལྷོད་ངང་བསྡོད་ཅེས་བཀའ་བསྩལ་འདུག  

རེས་གཟའ་ལྷག་པ། ༢༠༡༥།༡༢།༢༣

ཉན་པ།: Listen ཕབ་ལེན། Download ༸སྐྱབས་རྗེ་སྟག་ལུང་རྕེ་སྤྲུལ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ། བཀྲིས་དོན་གྲུབ་ལགས་ཀྱི་སྤུན་མཆེད་གསུམ་འཛིན་བཟུང་། བྱམས་པ་ཕུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད། ལམ་རིམ་ཆོས་འབྲེལ་ཉིན་བཞི་པ། ༸གོང་ས་མཆོག་གིས་རྒྱ་རིགས་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ། བོད་ནང་རང་ལུས་མེར་སྲེག་ཉུང་དུ་འགྲོ་ཡི་ཡོད་པ་གསུངས་འདུག ཕུ་ཊི་ཅང་གི་ཁྲིམས་བཅད་དེ་དྲང་བདེན་མིན་པ་བརྗོད་འདུག Wednesday 23/12/2015 Kyabje Taklung Tsetrul Rinpoche passes away Chinese police arrests family members of recent Dzoege protestor Former TAR Chief Jampa Phuntsok warns on ethnic discrimination in China Dalai Lama speaks to over 150 mainland Chinese devotees ITN condemns China for gross injustice against Pu Zhiqiang Tibet immolations slowly being replaced by solo protests: AFP

སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ།

  རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པའི་དགོན་བདག སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དེ་རིང་སྔ་དྲོ་དགུང་གྲངས་ ༨༩ ཐོག་དགོངས་པ་ཞིང་ལ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག  རྡོ་རྗེ་བྲག་དགོན་པའི་གྲྭ་ཡར་འཕེལ་ལགས་ནས་འདི་གར་འགྲེལ་བརྗོད་གནང་དོན་ལ། རིན་པོ་ཆེ་མཆོག་ལ་ཛ་དྲག་སྙུང་གཞི་རིགས་གང་ཡང་མེད་ཀྱང་། དེ་རིང་ཐོ་རེངས་ཚོུད་ ༢།༣༠ ཙམ་ལ་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་པ་དང། ད་ལྟའི་ཆར་སྐུ་ཐུགས་དམ་ལ་བཞུགས་ཡོད་པ་རེད་འདུག རིན་པོ་ཆེ་མཆོག་ལ་སྙུང་གཞི་རིགས་གང་ཡང་མེད་སྟབས། དེ་རིང་སྐད་འཕྲིན་དང་ངོ་དེབ་སོགས་བརྒྱུད་ལམ་སྣ་ཚོགས་ཐོག་དང་པོ་མང་ཚོགས་ནས་གནས་ཚུལ་འདི་དངོས་གནས་ཡིན་མིན་ཐེ་ཚོམ་དུ་གྱུར་འདུག འོན་ཀྱང་རིམ་པས་གནས་ཚུལ་དེ་དངོས་འབྲེལ་ཡིན་པ་ཤེས་རྟོགས་བྱུང་རྗེས་བློ་ཕམ་ཆེན་པོ་དང་བཅས། བརྒྱུད་ལམ་ཁག་ཏུ་མཆོད་མེ་དང་མ་ཎི་འཁོར་ལོའི་པར། དེ་བཞིན་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྐུ་པར་སོགས་བཏང་ནས་མྱ་ངན་གྱིས་རྗེས་དྲན་ཞུ་བཞིན་འདུག རྩ་བའི་རིན་པོ་ཆེ་མཆོག་ནི་བོད་དབུས་ལྷོ་ཁ་ས་ཁུལ་ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ། ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་རིན་པོ་ཆེ་མཆོག་ལ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པ་ངོས་འཛིན་གནང་པ་དང། དགུང་ལོ་ལྔ་ནས་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་འགོ་བཙུགས་ཡོད་པ་དེ་ཡང་། ཡོངས་འཛིན་ཀུན་བཟང་མཆོག་གི་སྐུ་མདུན་ནས་ཡི་གེ་འབྲི་ཀློག་སོགས་དང། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་མཆོག་གིས་དྲུང་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་རྗེས་རིམ་བཞིན། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་མ་ཟད། ཕྱི་ལོ་ ༡༩༨༡ ནས་སིམ་ལར་རྡོ་རྗེ་བྲག་དགོན་པ་གསར་བཙུགས་གནང་ཞིང། ༢༠༡༢ ནས་བཟུང་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་གནང་ཡོད་པ་རེད། གཞི་རྩའི་བཙན་བྱོལ་ནང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་མཚན་གནས་རིམ་པར་འབུལ་བཞེས་ཀྱི་ལམ་སྲོལ་ཆགས་པ་ནས་བཟུང༌། ཐོག་མར་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནས་རྙིང་མའི་དབུ་འཛིན་གནང་ཡོད་པ་དང། དེ་རྗེས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག དེའི་རྗེས་སུ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་མཆོག་གིས་ད་དབར་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་གནང་མཛད་དེ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་བསྟན་འགྲོ་སྤྱི་བྱེར་ཕན་ཐོགས་རླབས་ཆེན་གྲུབ་ཡོད་པ་རེད།།  

བོད་མི་ཞི་རྒོལ་བ་བཀྲིས་དོན་གྲུབ་ལགས་ཀྱི་སྤུན་མཆེད་ཁག་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

ཟླ་བ་འདིའི་གཟའ་འཁོར་སྔོན་མའི་ནང་བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐོག་ཏུ་ཡོངས་གྲགས་སུ་ཆེ་སྦེ་ཞུ་བ་བོད་མི་བཀྲིས་དོན་གྲུབ་ལགས་ཀྱིས་རྒྱབ་ལ་ཆོས་དར་སྤྲས་པ་དང། ལག་ཏུ་༸གོང་ས་མཆོག་གི་༸སྐུ་པར་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་པ་མ་ཟད། ཁོང་གི་ནང་མི་སྤུན་མཆེད་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་པ་རེད་འདུག གཞི་རྩའི་བཀྲིས་དོན་གྲུབ་ལགས་ཀྱིས་མཛོད་དགེ་རྫོང་ཐོག་ཏུ་ཞི་བའི་རྔམ་སྟོན་གནང་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་དང།  སླར་ཡང་ཟླ་བ་འདིའི་ཚེས་ ༢༠ ཉིན་རང་ལོ་ ༣༠ ཡིན་པའི་ཁོང་གི་ཨ་ཁུ་ཡེ་ཤེས་ལགས་དང། ཨ་ཞང་བློ་དཔོན་སྐྱབས། དེ་བཞིན་གཅུང་པོ་མགོན་པོ་སྐྱབས་བཅས་ནང་མི་གསུམ་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་འདྲི་བརྩད་ཆེད་འཛིན་བཟུང་གིས་ཉིན་འཁྱོངས་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ངེས་སྟོན་པ་ཚེ་རིང་མཚོ་མོ་ལགས་ཀྱིས་གསུངས་པར་རྒྱ་གཞུང་གིས་བཀྲིས་དོན་གྲུབ་ལགས་གཙོས་པའི་ཞི་བའི་ཐོག་རང་གི་བསམ་ཚུལ་སྤེལ་མཁན་ཚོར་འཛིན་བཟུང་བྱེད་བཞིན་པ་དེ་ནི་མཐའ་གཅིག་ཏུ་ཁྲིམས་འགལ་ཡིན་པ་དང་། རྒྱ་གཞུང་གིས་དེ་ལྟར་མུ་མཐུད་བྱེད་ཚེ། བོད་མི་ཞི་རྒོལ་བ་ཇེ་མང་དུ་འགྲོ་ངེས་ཡིན་པ་ལས་ཇེ་ཉུང་དུ་འགྲོ་རྒྱུ་དཀའ་བས་དེ་དོན་འགན་ཡོངས་རྫོགས་རྒྱ་ནག་རང་གིས་འཁྱེར་དགོས་པ་གསུངས་ཀྱི་འདུག རྩ་བའི་དེ་སྔོན་གནས་ཚུལ་འབྱོར་བའི་ནང་དུ་བོད་མཛོད་དགེ་རྫོང་ཐར་སྐོར་ཡུལ་ཚོའི་སྤོན་སྐྱ་སྡེ་བའི་རུ་ཆེན་གསུམ་པ་ནས་ཡིན་པའི་བཀྲིས་དོན་གྲུབ་ལགས་ཀྱིས་ཞི་བའི་ངོ་རྒོལ་དེ་ཟླ་བ་འདིའི་ཚེས་ ༡༩ ཉིན་ཡིན་པ་འཁོད་ཡོད་ཀྱང། ད་ལྟའི་ཆར་གནས་ཚུལ་ཐོན་ཁག་ལས་ཚེས་ ༡༧ ཡིན་པར་འགྲེལ་བརྗོད་གནང་བཞིན་འདུག་པ་དང། བཀྲིས་དོན་གྲུབ་ལགས་ཁོང་ད་ཆ་མཛོད་དགེ་རྫོང་གི་ཉེ་ཁྲིས་སུ་ཆགས་པའི་ཁྱུང་ཆུ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད་འདུག

Latest news