Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2016

དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་པ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོུད་ ༩་༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་དབུ་བཞུགས་ཐོག་ ༢༠༡༥་་༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་སོང་བ་དང། ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མི་གཉིས་ལས་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ནས་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་འདུག དེ་ཡང་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་ཐོབ་གྲངས་ ༢༤༨༦༤ དང་ད་ལྟའི་སྲིད་སྐྱོང་ལས་ཐོག་མཆོག་ལ་འོས་གྲངས་ ༣༣༨༧༦ བཅས་ཐོབ་ཡོད་པ་རེད། ཐེངས་འདིའི་འོས་བསྡུའི་ལས་རིམ་ཁྲོད་འོས་འཕེན་པ་དེབ་སྐྱེལ་གནང་མཁན་དེ་སྔ་ལས་ ༧༥༠༠ ལྷག་འཕར་ཡོད་པ་ཁྱོན་བསྡོམས་དེབ་སྐྱེལ་གནང་མཁན་ ༩༠༣༧༧ བྱུང་འདུག་ཀྱང་། དེའི་ཁྲོད་སྲིད་སྐྱོང་གི་འོས་བསྡུར་འོས་འཕེན་པ་ ༥༩༣༥༣ དང་སྤྱི་འཐུས་ལ་འོས་འཕེན་མཁན་ ༥༨༦༡༥ མ་གཏོགས་བྱུང་མི་འདུག ད་དུང་ཐེངས་འདའི་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུའི་ཁྲོད་ཁྱོན་འོས་གྲངས་ ༡༢༠༤ རྩིས་མེད་སོང་འདུག སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དེའི་ཁྲོད་འདེམས་ཐོན་སྤྱི་འཐུས་ ༤༥ ཁོངས་སྤྱི་འཐུས་ཕྱེད་ཀ་ལྷག་གསར་པ་ཆགས་ཀྱི་འདུག་པ་དེ་ལྟར་ཡང། ཆོས་བརྒྱུད་སྤྱི་འཐུས་ཁྲོད། ས་སྐྱའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་གཉིས་པོ་གསར་པ་ཆགས་འདུག་པ་དང་། དེ་བཞིན་ཆོས་བརྒྱུད་གཞན་ཁག་སོ་སོའི་འདེམས་ཐོན་སྤྱི་འཐུས་རྣམ་པ་གསར་རྙིང་འདྲེས་མ་རེད་འདུག དེ་ཡང་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་རྙིང་མའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་འདུག ཀུན་དགའ་བསོད་སྟོབས་ལགས་དང་བསྟན་པ་ཡར་འཕེལ་ལགས་བཀའ་བརྒྱུད་སྤྱི་འཐུས་འདེམས་ཐོན། སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ལགས་ས་སྐྱའི་སྤྱི་འཐུས་སུ་འདེམས་ཐོན་དང། དགེ་ལུགས་སྤྱི་འཐུས་སུ་ཨ་ཀྲུག་ཚེ་བརྟན་ལགས་དང་གོ་བོ་བློ་བཟང་ཕན་བདེ་ལགས། གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་བ་ར་ཚེ་དབང་བཀྲིས་ལགས་བཅས་རེད་འདུག དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བའི་ཁོངས་ལས་བཅུ་པོ་རྣམས་ནི། ཨང་དང་པོ་ཤར་གླིང་བསྟན་འཛིན་ཟླ་སྒྲིན་ལགས་དང་ཨང་གཉིས་པར་དོན་གྲུབ་བཀྲིས་ལགས། གསུམ་པ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་བཞི་པ་སྒྲོལ་མ་ཚེ་རིང་ལགས། ལྔ་པ་པདྨ་འབྱུང་གནས་ལགས་དང་དྲུག་པ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། ཨང་བདུན་པར་བསམ་གཏན་ཆོས་སྒྲོན་ལགས་དང་བརྒྱད་པ་ཟླ་བ་ཕུན་སྐྱིད་ལགས། དགུ་པ་ཟླ་བ་ཚེ་རིང་ལགས་དང་བཅུ་པ་མི་འགྱུར་རྡོ་རྗེ་ལགས་བཅས་རེད་འདུག་པས་དེའི་ཁྲོད་གསར་དུ་འདེམས་ཐོན་བྱུང་བ་སྤྱི་འཐུས་ ༤ ཆགས་ཀྱི་འདུག མདོ་སྟོད་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བའི་ཁོངས་ལས་བཅུ་པོ་རྣམས་ནི། ཨང་དང་པོ་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་གཉིས་པ་དབྱངས་ཅན་སྒྲོལ་དཀར་ལགས། གསུམ་པ་གསེར་རྟ་ཚུལ་ཁྲིམས་ལགས་དང་ཨང་བཞི་པ་རྡོ་རྗེ་ཚེ་བརྟན་ལགས། ལྔ་པ་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་དྲུག་པ་དཀོན་མཆོག་ཡར་འཕེལ་ལགས། བདུན་པ་པདྨ་བདེ་ལེགས་དང་ཨང་བརྒྱད་པར་བློ་བཟང་གྲགས་པ་ལགས། དགུ་པ་ངག་དབང་ཐར་པ་ལགས་དང་བཅུ་པ་བློ་བཟང་ཡེ་ཤེས་ལགས་ཡིན་པ་དང་མདོ་སྟོད་ཆོལ་ཁའི་ཁོངས་གསར་དུ་འདེམས་ཐོན་བྱུང་བའི་སྤྱི་འཐུས་ ༥ ཆགས་ཀྱི་འདུག མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བའི་ཁོངས་ལས་བཅུ་པོ་རྣམས་ནི། ཨང་དང་པོ་ཐུབ་བསྟན་ལུང་རིགས་ལགས་དང་གཉིས་པ་བཀྲིས་དོན་གྲུབ་ལགས། གསུམ་པ་ཚེ་རིང་ལྷ་མོ་ལགས་དང་བཞི་པ་ཡེ་ཤེས་སྒྲོལ་མ་ལགས། ཨང་ལྔ་པ་རྒྱ་རིགས་ཐར་ལགས་དང་དྲུག་པ་བློ་བཟང་ཆོས་འབྱོར་ལགས། བདུན་པ་དོན་གྲུབ་བཀྲིས་ལགས་དང་བརྒྱད་པ་དབྲ་རྩ་བསོད་ནམས་ནོར་བུ་ལགས། ཨང་དགུ་པ་ཀརྨ་དགེ་ལེགས་ལགས་དང་བཅུ་པ་ཚེ་རིང་གཡུ་སྒྲོན་ལགས་བཅས་ཡིན་འདུག་པ་དང་དེ་དག་ལས་གསར་དུ་འདེམས་ཐོན་བྱུང་བ་ ༥ ཆགས་ཀྱི་འདུག རེད་འདུག ཡང་ཐེངས་འདིའི་བྱང་ཨ་རིའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་གཉིས་པོ་གསར་དུ་འདེམས་ཐོན་བྱུང་འདུག་པས་ཨང་དང་པོ་པདྨ་ཕྱག་མཛོད་ཚང་ལགས་གཉིས་པར་ཚེ་དབང་རིག་འཛིན་ལགས་རེད་འདུག ཡོ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་གཉིས་ལས་ཐུབ་བསྟན་དབང་ཆེན་ལགས་བསྐྱར་དུ་འདེམས་ཐོན་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་གསར་དུ་འདེམས་ཐོན་བྱུང་འདུག་པ་དང། ད་རེས་སྐབས་༡༦པའི་སྤྱི་འཐུས་ཁོངས་སུ་རྒྱ་བལ་འབྲུག་གསུམ་ཕུད་པའིི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཡེ་ཤི་ཡའི་ཁུལ་ནས་སྤྱི་འཐུས་གསར་པ་གཅིག་གི་འདེམས་ཐོན་བྱུང་བ་ནི་གདོང་འདུས་སྐྱིད་འཛོམས་ལགས་རེད་འདུག ད་རེས་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་སྤྱི་འཐུས་རྣམ་པ་ནམ་ཀུན་ལྟར་ཕྱི་ཟླ་༥ཚེས་༣༠ཉིན་དམ་འབུལ་ཞུ་གནང་གི་འདུག འོན་ཀྱང་སྲིད་སྐྱོང་མཆོག་གི་དམ་འབུལ་དུས་ཚེས་དེ་ད་ལྟ་གསལ་པོ་ཤེས་གཏོགས་ཐུབ་མ་སོང་། ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མི་གཉིས་ལས་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཐོབ་ནས་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཡོད་སྟབས། སྲིད་སྐྱོད་བློ་བཟང་སེང་གེ་མཆོག་གིས་དེ་རིང་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ཁོང་གིས་དེ་སྔ་ལྟར་མུ་མཐུད་སྐུ་ལས་སྐྱོན་རྒྱུའི་དམ་བཅའ་གཙང་མ་ཡོད་ཅེས་བཀའ་གནང་སོང་།

རེས་གཟའ་མིག་དམར། ༢༠༡༦།༠༤།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དེང་དུས་ཤེས་ཡོན་གྱི་ལག་འཁྱེར་མཐོ་པོ་ཡོད་རུང་སེམས་མ་འདུལ་ན་སྐྱིད་པ་ཡོང་ཡག་མེད་ཅེས་བཀའ་བསྩལ་བ། རྒྱ་གཞུང་གིས་རྩོམ་པ་པོ་འོད་ཟེར་དང་ཁོང་གི་བཟའ་ཟླ་བཟང་བཙོན་དུ་བཅུག་འདུག རྒྱལ་ཚོགས་སུ་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་བ། བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་གྲོས་བསྡུར་གྱི་ལས་རིམ་ཚོགས་འདུག རྒྱ་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་འབྲེལ་བའི་ཁྲིམས་སྒྲིག་ལ་སྐྱོན་བརྗོད་བྱས་བཞིན་པ། འཕྲོད་བསྟེན་བཀའ་བློན་མཆོག་ནས་ཚད་རིམ་འདར་ནད་ཀྱི་ནད་གཞི་རྩ་མེད་གཏོང་རྒྱུར་སྔོན་འགོག་དང་སྨན་བཅོས་གང་ལེགས་གནང་རྒྱུ་གལ་ཆེན་ཡིན་པ་གསུངས་འདུག དམིགས་བསལ་ལེ་ཚན། གཞས་པ་བསོད་ནམས་བཀྲིས་ལགས་ཀྱིས་བླངས་པའི་པཎ་ཆེན་དྲན་གླུ། Tuesday 26/04/2016 Dalai Lama graces graduation ceremony of Sarah, College of Higher Tibetan Studies China places Tibetan writer and husband under house arrest UN urged to work for immediate release of Panchen Lama TCHRD holds discussion on situation of Tibetan political prisoners China close to passing strict law on foreign NGOs Health Kalon talks on prevention on World Malaria Day MUSIC FEATURE: Longing for Panchen Lama by Sonam Tashi

༸གོང་ས་མཆོག་གིས་དེང་དུས་ཤེས་ཡོན་གྱི་ལག་ཁྱེར་མཐོ་པོ་ཡོད་རུང་སེམས་མ་འདུལ་ན་སྐྱིད་པ་ཡོང་རྒྱུ་ཡོད་མ་རེད་ཅེས་བཀའ་བསྩལ་བ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་རྡ་ས་རིགས་སློབ་མ་ལག་གི་རིས་མེད་དགེ་བཤེས་དང་སྐབས་དང་པོའི་གཙུག་ལག་རབབ་འབྱམས་པ། མཐོ་རིམ་རིག་གནས་རབ་འབྱམས་པ་བཅས་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་གཙོས། བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ལྷན་ཁང་ཁག་ཅིག་གི་དྲུང་ཆེ་རྣམ་པ། དེ་བཞིན་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་དང་སློབ་ཟུར། གཞན་ཡང་སློབ་གྲྭ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་རྣམ་པ་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ལྷན་འཛོམས་ཀྱིས་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་བསྩལ་གནང་དོན། ༸གང་ཉིད་མཆོག་གིས་ཐོག་མར་ ༡༩༥༩ ལོར་ལྷ་སར་རྒྱ་མིས་དྲག་གནོན་འོག་གནས་སྟངས་ཧ་ཅང་ཛ་དྲག་ཆགས་རྗེས། རིམ་པས་བོད་མི་རྣམས་བཙན་བྱོལ་དུ་བྲོས་བྱོལ་ལ་ཕེབས་སྟངས་སོགས་ཀྱི་ངོ་སྤྲོད་གནང་པ་དང་འབྲེལ། དེ་རྗེས་བཙན་བྱོལ་དུ་འབྱོར་ནས་སྲིད་བློན་ Nehru མཆོག་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་པའི་འོག་རྒྱ་གར་ནང་ཆེས་ཐོག་མར་ཤེས་ཡོན་གྱི་ཐད་ནས་ཤུགས་སྣོན་སྐྱོན་གནང་ཡོད་པ་དང།  ལོ་རྒྱུས་ཀྱི་ཐོག་ནས་མི་རབས་རྒན་པ་ཚོས་སྐུ་ལས་ཧ་ཅང་སྐྱོན་གནང་ཡོད་པ་བཀའ་ནན་གནང་པ་མ་ཟད།  ད་ལྟ་མི་རབས་གཞོན་པ་རྣམས་ནས་རྒན་པའི་བཀྲིན་རྗེས་སུ་དྲན་པའི་སྒོ་ནས་སྨོན་ལམ་བརྒྱབ་དགོས་ཡག་གལ་ཆེན་ཡིན་ཞིང། ལྷག་དོན་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམས་ལ་དེང་དུས་ཤེས་ཡོན་གྱི་ལག་ཁྱེར་མཐོ་བོ་ཡོད་རུང་དྲང་བདེན་དང་བསམ་པ་རྣམ་དག དེ་བཞིན་གཞན་ལ་བརྩེ་བའི་སེམས་པ་མེད་ན་སྐྱིད་པོ་ཡོང་ཡག་ཡོད་མ་རེད་ཅེས་ལམ་སྟོན་གནང་སོང་། ད་དུང་མགོན་པོ་མཆོག་གིས་བོད་མི་ཚོས་ལོ་སྟོང་ཕྲག་རིང་ནས་བདག་གཅེས་གནང་པའི་ཐོུང་མིན་པའི་རིག་གཞུང་དེས་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་ཐུབ་ཡག་ཡོད་པ་དངོས་ར་ཁྲོད་པའི་དུས་མཚམས་འདིར་ང་ཚོས་རེ་བ་ཙམ་མིན་པར་འབད་བརྩོན་གནང་རྒྱུ་དུས་ལ་སླེབས་ཡོད་ཅེས་སོགས་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། སློབ་མ་རྣམས་ནས་མུ་མཐུད་འབུམ་རམས་པ་དང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་གལ་ཡིན་པ་དང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་མཐུན་འགྱུར་གང་ཐུབ་སྦྱོར་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད། གཞན་ཡང་ཆོས་རིག་དང་ཤེས་རིག་བཀའ་བློན་རྣམ་གཉིས་མཆོག་གིས་རིས་མེད་དགེ་བཤེས་དང་སྐབས་དང་པོའི་གཙུག་ལག་རབ་འབྱམས་པ། དེ་བཞིན་སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་ཡོད་པ་རེད།  གཞི་རྩའི་རྡ་ས་རིགས་ལམ་སློབ་གཉེར་དེ་བཞིན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་དམ་པ་དེ་ཉིད་ཀྱིས་༡༩༧༣ལོར་གསར་འཛུགས་གནང་པ་ཞིག་དང་།  རིམ་པས་ ༡༩༩༨ ནས་ས་རཱ་བོད་ཀྱི་མཐོ་སློབ་གསར་བཙུགས་གནང་སྟེ། ད་ཆ་རིགས་སློབ་མ་ལག་གཉིས་སུ་ནང་དོན་རིག་པ་དང་བོད་ཀྱི་རིག་གནས་ཐོག་མཐོ་རིམ་རིག་གནས་རབ་འབྱམས། དང་གཙུག་ལག་རབ་འབྱམས། དེ་བཞིན་རིས་མེད་དགེ་བཤེས་སོགས་སློབ་གཉེར་བྱ་ཡུལ་གྱི་ཤེས་ཡོན་ལྟེ་གནས་གལ་ཆེ་ཞིག་ཆགས་ཡོད་པ་རེད།

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་བ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཚོད་ ༡༠།༣༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་ས་གཉིས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས་ཟུང་འབྲེལ་ཐོག་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༧ ཕེབས་པར་རིན་པོ་ཆེ་མཆོག་གསེར་ཞལ་འཚོ་བཞུགས་ཡིན་པར་ངོས་འཛིན་གྱིས་དགའ་གུས་དང་བཅས་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས། རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཐོངས་ཞེས་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་དབུས་བོད་ཀྱི་བུད་ཀྱི་བུད་མེད་ལྷན་ཚོགས་ནས་ལས་འགུལ་དེའི་ཐོག་བཅར་བའི་དྷ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་རྒན་གཞོན་གཙོས་པའི་རྒྱ་གར་གྱི་ཡུལ་མི། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་རིན་པོ་ཆེ་མཆོག་གི་གནས་སྟངས་ཇི་ཡོད་ངོ་སྤྲོད་གནང་པ་དང་སྦྲགས། རྒྱ་ནག་གཞུང་གི་དབང་འཛིན་པ་རྣམས་ནས་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་གི་་གདན་ས་བཀྲིས་ལྷུན་པོར་ཆོས་ཕྱོགས་ཀྱི་མཛད་འགན་རྣམས་བདག་བཞེས་གནང་ཆོག་པ་བཅས་ཀྱིས་དགོས་འདུན་དོན་ཚན་གཉིས་གསལ་བཏོན་གྱིས་རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་གཏང་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། གཞན་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་མུ་མཐུད་བཀག་ཉར་བྱས་བཞིན་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དོ་ཁུར་གང་ཡང་བྱེད་ཀྱི་མེད་པ་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་མུ་མཐུད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཆུགས་ཆེ་གནང་པ་དང་སྦྲགས། རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམ་པ། དེ་བཞིན་ནང་མི་བཅས་པ་ད་བར་གར་སོང་ཆ་མེད་དུ་གྱུར་བའི་ནག་ཉེས་དང་འགན་དབང་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་ཅེས་གསུངས་ཡོད། རྩ་བའི་༸ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྤྱི་ལོ་༡༩༩༥ ཕྱི་ཟླ་ལྔ་པའི་ཕྱི་ཚེས་༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་༸སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་པའི་ཉིན་གསུམ་གྱི་རྗེས་སུ། རྒྱ་ནག་གཞུང་གི་ཁོང་དང་ཁོང་གི་ནང་མི་བཅས་པ་བཙན་འཁྲིད་བྱས་ཏེ་ད་ལྟའི་ཆར་མི་ལོ་ཉི་ཤུ་རྩ་གཅིག་ལྷག་གི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ནོར་བུ་དོན་གྲུབ་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༦ ཉིན་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བདེ་ཐང་ངང་རྒྱུན་ལྡན་གྱི་འཚོ་བ་རོལ་མུས་ཡིན་པ་མ་ཟད། སློབ་སྦྱོང་སོགས་ཀྱང་གནང་གི་ཡོད་སྐོར་ཙམ་ལས། དོན་དངོས་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་གཙོས་པའི་ནང་མི་རྣམས་ཀྱི་ད་ལྟའི་གནས་སྟངས་དང་། ཁོང་རྣམས་ས་གནས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་སོགས་རྩ་བ་ནས་འགྲེལ་བརྗོད་བྱས་མེད་པ་རེད།

རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་གནང་འདུག

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་མཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཉིན་གྲངས་བཞིའི་རིང་གི་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་ཆེན་དེ་བཞིན་ཁ་སང་ཚེས་ ༢༤ ཉིན་མཇུག་སྒྲིག་གནང་པ་དང་ཆབས་ཅིག ཚོགས་ཆེན་དེའི་རྗེས་འབྲེལ་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་སོགས་དོན་ཚན་ལྔ་ཅན་གྱི་ངོས་འཛིན་གནང་འདུག་པ་མ་ཟད། རྒྱ་ནག་དང་རྒྱལ་སྤྱི། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་ལ་འབོད་སྐུལ་ཁག་ཅིག་ཞུས་འདུག ཚོགས་འདུའི་ཐུན་མོང་གི་ངོས་འཛིན་ནི། ༡) ལོ་རྒྱུས་ཀྱི་དངོས་དོན་གཞིར་བཟུང་བ་ཡིན་ན། བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ༢) མི་རིགས་རང་ཐག་རང་གཅོད་ནི་བོད་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན། ༣) བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མངོན་འགྱུར་བྱ་རྒྱུ་ནི་རྒྱ་ནག་གི་ཁྲིམས་སྲིད་སྤོ་སྒྱུར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ༤) རྒྱ་གཞུང་གིས་ ༢༠༡༥ ལོར་བོད་ལྗོངས་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་སྤེལ་བྱས་ཏེ། དབུ་མའི་ལམ་ལ་འགྲེལ་ལོག་དང་དགག་གཞག་བྱས་པ་དེར་ཚོགས་ཆེན་འདིའི་ཐོག་ནས་སུན་འབྱིན་བྱ་རྒྱུ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ༥) རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ནི་ཁོ་པའི་ནང་སྲིད་ཀྱི་གནད་དོན་ཁོ་ན་ཡིན་ཟེར་བ་དེར་ང་ཚོས་ངོ་རྒོལ་བྱ་རྒྱུ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་རིག་གཞུང་། སྐད་ཡིག སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོབ་ཐང་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་ཁུར་ཞིག་ཀྱང་ཆགས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ། ༡) མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ལྟ་སྐུལ་འོག རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལྷན་བོད་ཀྱི་གནད་དོན་ཐད་ཡོངས་བསྒྲགས་ཐོག་གྲོས་མོལ་བྱ་རྒྱུའི་སྐུལ་འདེབས་བྱ་རྒྱུ། ༢) བོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ནི་འགྲོ་བ་མི་ཡོད་དོ་ཅོག་གི་སྐྱེ་ཁམས་ཁོར་ཡུག་དང་། མ་འོངས་བདེ་རྩར་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་དོ་ཁུར་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ། ༣) རང་དབང་གི་རྟོག་ཞིབ་ཚོགས་པ་ཞིག་བཙུགས་ཏེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་དུ་འདས་གྲོངས་ཕྱིན་པའི་རྒྱུ་རྐྱེན་དང་། བོད་མི་ཆབ་སྲིད་བཙོན་པར་སྡུག་སྦྱོང་མནར་གཅོད་དང་། བཙོན་འཇུག་བཀག་ཉར་བྱ་ཡུལ་ཁག་ཏུ་འདས་གྲོངས་སུ་གྱུར་པའི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་དགོས། རྒྱ་ནག་གཞུང་ལ་འབོད་སྐུལ། ༤) བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ནི་བོད་ཀྱི་རིག་གཞུང་གི་གྲུབ་ཆ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་ཡ་ང་བག་ཚ་མེད་པའི་ཐེ་བྱུས་བྱེད་པ་ལ་ངོ་རྒོལ་བྱ་རྒྱུ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྐུ་དབང་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་ཁོ་ནར་ཡོད། ༥) རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་གཏོང་དགོས། ༦) དཔལ་འབྱོར་གསར་སྤེལ་གྱིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་གཏོང་མི་རུང་བ་དང་། སྲིད་བྱུས་ཐག་གཅོད་ཀྱི་བརྒྱུད་རིམ་ནང་བོད་མིའི་ཁེ་དབང་དང་འདོད་མོས་ལ་ངེས་པར་དུ་བསམ་ཞིབ་ནན་ཏན་བྱ་དགོས། ༧) བོད་ཀྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་བརྩི་བཀུར་དགོས་པ་ལས། ཡར་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འབྲོག་པ་རྣམས་སྐྱེ་ཁམས་ཀྱི་ཡུལ་གྱར་བ་གཏན་ནས་བཟོ་མི་རུང་། ༨) བོད་མི་རིགས་ཀྱི་སྐད་ཡིག་ལ་ངེས་པར་དུ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་ཀྱི་མང་ཚོགས་འདུ་གནས་ཁག་དང་གཞུང་དོན་བྱེད་སྒོ་ཡོངས་རྫོགས་ནང་བོད་ཀྱི་སྐད་ཡིག་དེ་གཞུང་འབྲེལ་སྐད་ཡིག་དང་པོར་འཇོག་དགོས། ༩) བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་ཀྱི་སློབ་དེབ་རྩོམ་སྒྲིག་བྱེད་སྐབས། མི་རིགས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ནང་དོན་ངེས་པར་དུ་མངོན་ཐུབ་པ་བྱ་དགོས། བོད་མིའི་སྒྲིག་འཛུགས་ལ་འབོད་སྐུལ། ༡༠) བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་བོད་ཡིག་དང་། ཨིན་ཡིག རྒྱ་ཡིག དེ་བཞིན་སྐད་ཡིག་གཞན་གྱི་ཐོག་འབྲི་རྩོམ་བྱས་པའི་དཔེ་དེབ་གྲངས་འབོར་གྲངས་བཤེར་གནང་བ་དང་དུས་མཚུངས་སུ། བོད་ཡིག་ཐོག་རྩོམ་འབྲི་ལ་སྐུལ་སློང་གནང་གལ། ༡༡) འཛམ་གླིང་བོད་བརྒྱུད་ནང་བསྟན་གྱི་ཚོགས་ཆེན་བསྐོང་ཚོགས་གནང་སྟེ། བོད་བརྒྱུད་ནང་བསྟན་ཆོས་ཚོགས་དབར་འབྲེལ་མཐུད་དང་། མཉམ་རུབ་ལ་ཤུགས་སྣོན་གནང་རྒྱུ། ༡༢) བོད་རྒྱའི་དབར་གྲོས་བསྡུར་གྱི་ཚོགས་འདུ་མུ་མཐུད་བསྐོང་ཚོགས་གནང་རྒྱུ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་འབོད་སྐུལ། ༡༣) འགྲོ་བ་མིའི་བཟང་སྤྱོད་ཀྱི་ལངས་ཕྱོགས་ཐོག་ནས་བོད་མིའི་རང་ལུས་མེར་སྲེག་གི་འཐབ་རྩོད་གནང་སྟངས་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ༡༤) དྲྭ་རྒྱའི་བརྒྱུད་ལམ་གང་ཐུབ་བེད་སྤྱོད་བྱས་ཏེ་བོད་ཀྱི་དངོས་ཡོད་གནས་སྟངས་དང་། རང་དབང་མང་གཙོའི་ལྟ་གྲུབ་ཁྱབ་སྤེལ་དང་། རྒྱ་ནག་མི་དམངས་ཀྱི་བསམ་བློ་བརྗེ་བསྒྱུར་དང་གོ་རྟོགས་སྤེལ་རྒྱུར་སྐུལ་འདེད་བྱ་རྒྱུ། ༡༥) རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་རིང་ལུགས་དང་། རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་པ་བཀག་འགོག་བྱ་རྒྱུ། ༡༦) རྒྱལ་སྤྱིའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་འབྲེལ་མཐུད་བྱ་ཡུལ་བཙུགས་ཏེ་ལས་འཆར་ཁག་ལག་བསྟར་ལ་མཐུན་འགྱུར་སྦྱར་རྒྱུ། ། རྩ་བའི་ཚོགས་ཆེན་དེ་ཟླ་འདིའི་ཕྱི་ཚེས་ ༢༢ ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༢༤ བཅས་ཉིན་གྲངས་བཞིའི་རིང་ལ་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ཕུའུ་ཅུན་ཧེ་ཡོའོ་གསོལ་མགྲོན་ཁང་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཐེ་བོད་རྒྱ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་གྱིས་གོ་སྒྲིག་འོག ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཡུ་རོབ། ནིའུ་ཛི་ལན་ཌི། ཨི་སི་རལ། སི་པན། རྒྱ་གར། ཧོང་ཀོང་། ཐེ་ཝན་སོགས་ཡུལ་གྲུ་འདྲ་མིན་ནས་རྒྱ་ནག་ཉམས་ཞིབ་དང་འབྲེལ་ཡོད་ཚོགས་བཅར་བ་བོད་རྒྱའི་མི་རིགས་བཅས་ཁྱོན་མི་གྲངས་ ༡༥༠ ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་རེད།

བཀའ་ཤག་ངོས་ནས་ཉམ་ཐག་དང་འཕྲོད་བསྟེན་རྟོག་ཞིབ་ཆེད་ཚོགས་ཆུང་གསར་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་ཉིན་རྒྱབ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྔོན་འགོག་དང་ཉམ་ཐག་ལྟ་སྐྱོང་ཆེད་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་གསུངས་སོང། དེ་ཡང། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ བོད་ཀྱི་སྨན་རྩིས་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ནས་ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་སྔོན་འགོག་དང་ཉམ་ཐག་ལྟ་སྐྱོང་ཐད་མཐུད་ཤོར་ཕྱིན་ཡོད་མ་ཟད། སྤྱི་ཚོགས་ནང། ཡ་རབས་སྤྱོད་བཟང་ཚད་གཞི་དམའ་རུ་འགྲོ་གྱི་འདུག་ཅེས་བཀའ་བསྩལ་ཡོད་པ་དང། དེ་བཞིན་ཉེ་སྔོན་སྐབས་བཅོ་ལྔའི་གྲོས་ཚོགས་མཐའ་མ་གྲུབ་པའི་རྗེས་སུ། གཞུང་འབྲེལ་སྤྱན་འདྲེན་སྐབས་སླར་གཞུང་འབྲེལ་སྲུང་མ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་དང་ལྷ་མོ་བཀྲིས་ཚེ་རིང་མ་གཉིས་ནས་འདི་ལོའི་འོས་བསྡུའི་སྐབས་སུ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱུང་བའི་རྐྱེན་གྱིས། ༸གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་མ་ཟད། ཁ་བ་ཅན་རྣམས་ཀྱི་བསོད་ནམས་དམན་པས་ནང་དུ་དམ་ཚིག་མི་ལྡན་ན་༸གང་ཉིད་ཀྱི་༸སྐུ་ཕྱྭར་འགན་ལེན་མི་བཟོད་པ་ཞིག་འདུག་སོགས་ཀྱི་བཀའ་ལུང་ལྕི་མོ་ཕེབས་པ་དང་འབྲེལ། ༸གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས་པ་སོགས་ཀྱི་བཀའ་ཕེབས་ཡོད་པ་བརྟེན། ཟླ་བ་འདིའི་ཚེས་ལྔའི་ཉིན་བཀའ་སྤྱི་གཉིས་ཐོུང་གིས་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་པ་རེད། སྐབས་དེར་འཛིན་སྐྱོང་བཀའ་ཤག་ངོས་ནས་༸གོང་མཆོག་ལ་དགོངས་སེལ་ཞུ་རྒྱུ་ཙམ་མ་ཟད། འདི་བཞིན་འཕྲོད་བསྟེན་སྔོན་འགོག་དང་ཉམ་ཐག་ལྟ་སྐྱོང་སླད་ལས་གཞི་ལག་བསྟར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་འདི་ནི་ཟླ་བ་འདིའི་ཚེས་ ༥ ཉིན་བསྐྱངས་པའི་གསར་འགོད་ལྷན་ཚོགས་ཀྱི་མཇུག་སྣོན་ཞིག་ཡིན་པ་གསུངས་པ་དང་སྦྲགས། དེ་སྔ་༸གོང་ས་མཆོག་དང་གཞུང་འབྲེལ་སྲུང་མའི་བཀའ་ལུང་ཕེབས་པ་ལྟར། ད་བར་འཛིན་སྐྱོང་བཀའ་ཤག་ལྷན་འཛོམས་དང་། བཀའ་སྤྱི་ལྷན་འཛོམས། དེ་བཞིན་འོས་བསྡུ་ལས་ཁང་བཅས་ཁག་སོ་སོར་ཚོགས་འདུ་དང་གྲོས་བསྡུར་རིམ་པ་གནང་པའི་བརྒྱུད་འཕྲོད་བསྟེན་སྔོན་འགོག་དང་ཉམ་ཐག་ལྟ་སྐྱོང་ཐོག་ཚོགས་ཆུང་གསར་འཛུགས་གནང་གི་སྐོར་ཡོད་ཡོངས་བསྒྲགས་གནང་སོང། ད་རེས་འཛིན་སྐྱོང་བཀའ་ཤག་གིས་ཆེད་འཛུགས་གནང་པའི་འཕྲོད་བསྟེན་སྔོན་འགོག་ཚོགས་ཆུང་གི་ཚོགས་གཙོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ལགས་དང། ཚོགས་གཙོའི་ལས་རོགས་སུ་འཕྲོད་བསྟེན་ལས་ཁུངས་དྲུང་ཆེ་ཟུར་པ་ཚེ་རིང་རྡོ་རྗེ་ལགས་དང། དེ་བཞིན་ཉམ་ཐག་རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོར་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་དང། དྲུང་ཟུར་བཀྲིས་ཕུན་ཚོགས་བཅས་བསྐོ་བཞགས་གནང་འདུག སྲིད་སྐྱོང་མཆོག་ནས་ཚོགས་ཆུང་དེ་དག་ནས་རིང་མིན་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་འགྱངས་མེད་ལས་དོན་འགོ་བཙུགས་གནང་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༦།༠༤།༢༥

ཉན་པ།: Listen ཕབ་ལེན། Download ཆོས་དཔོན་ཊུ་ཊུ་མཆོག་དང་ཡོ་རོབ་གྲོས་ཚོགས་འཐུས་མི་སོགས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གིས་འཁྲུངས་ལ་འཚམས་འདྲི། བོད་མི་ཚོས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་བསྲུ་བརྩི། བཀའ་ཤག་ནས་ཉམ་ཐག་དང་འཕྲོད་བསྟེན་རྟོག་ཞིབ་ཆེད་ཚོགས་ཆུང་གསར་འཛུགས། རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་གནང་འདུག འཛུགས་མདངས་ཅན་གྱི་བླ་མ་བློ་བཟང་ཞེས་པའི་གློག་བརྙན་ཞིག་ལ་Cardiff་གློག་བརྙན་དུས་སྟོན་ཐོག་རྩེད་ཕུད་གསུམ་པ་ཐོབ་པ། Monday 25/04/2016 Tibetans mark Panchen Lama’s 27th birthday with campaigns for his release CTA forms new committee on Health and BPL First International Conference of Sino-Tibetan Friendship Associations concludes Movie on Tibetan monk wins 3rd place at the Cardiff Independent Film Festival

རེས་གཟའ་ཉི་མ། ༢༠༡༦།༠༤།༢༤

ཉན་པ།: Listen ཕབ་ལེན། Download བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་དོ་ར། རྩིས་རམས་པ་བསྟན་འཛིན་སྙན་གྲགས་ལགས་དང་ལྷན་དུ། རླུང་རྟ་དར་ལྕོག་སྐོར་གླེང་མོལ་ཞུས་པ། Sunday 24/04/2016 Tibetan Art and Culture: Tibetan Prayer Flag Tradition

Latest news