Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2016

༸སྐྱབས་རྗེ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ།

དེ་རིང་ཟླ་ ༥ ཚེས་ ༥ ཉིན་གུང་ཚོུད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག གངས་སྐྱིད་ལས་བྱེད་གསོལ་ཐབ་ཀྱི་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་སྲི་ཞུ་ལས་བྱེད་ཡོངས་ནས་ཟླ་བ་སྔ་མའི་ཚེས་ ༢༩ ཉིན་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ཐོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཞི་བར་གཤེགས་པའི་ཚུལ་བསྟན་པར་གདུང་སེམས་མཉམ་བསྐྱེད་ཀྱིས་མྱ་ངན་གུས་བཏུད་ཞུ་ཕྱིར། ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་པ་མ་ཟད། ཉིན་རྒྱབ་ཏུ་དབུས་ལས་ཁུངས་ཁག་ལས་མཚམས་འཇོག་ཡོད་པ་རེད། བཀའ་ཤག་གི་ཐུགས་གསོའི་གནས་འཕྲིན་ནང་འཁོད་དོན། འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་བར་ལམ་ཟླ་ཤས་གོང་ནས་སྐུ་ཁམས་བསྙུན་ཚུལ་བཞེས་ཏེ་དྭངས་སྐྱེད་ཆེར་མ་བྱུང་བ་དང་། ཉེ་སྔོན་༸སྐྱབས་མགོན་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་ངོ་ཕེབས་ཀྱིས་སྐུ་རིམ་དང་བརྟན་བཞུགས་ཟབ་འབུལ་ཞུས་པར་དགྱེས་ཚོར་ཆེན་པོ་མཛད་ཐོག་སྐུ་ཁམས་ཀྱང་ཅུང་ཟད་དྭངས་སྐྱེད་བཞེས་ཡོད་འདུག་རུང་། འདི་ལོའི་ཟླ་ ༤ ཚེས་ ༢༩ ཉིན་ཨ་རིའི་ནུབ་མཐའི་ཕྱི་དྲོ་ཚོད་ ༨།༡༥ ཙམ་ལ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་མིའི་སྒྲིག་འཛུགས་སྤྱི་དང་བཀའ་ཤག་གི་ཐོག་ནས་དེར་བཞུགས་འཁོན་གདུང་རྣམ་པ་དང་བདག་མོ་སྐུ་ཞབས་ཀྱིས་དབུས་སྐུ་འཁོར་དང་མཁན་ལས་ཡོངས་ལ་ཐུགས་གསོ་ཞུས་འདུག་པ་མ་ཟད། ལྷག་དོན་༸སྐྱབས་མགོན་གོང་མ་བདག་ཆེན་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་མཐའ་དག་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མྱུར་དུ་བྱོན་པའི་སྨོན་འདུན་དང་གསོལ་འདེབས་ཤུགས་དྲག་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། དེ་མཚུངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁ་སང་ཡོངས་ཁྱབ་གསུང་འཕྲིན་ཞིག་འདོན་སྤེལ་གནང་བ་བརྒྱུད། ༸སྐྱབས་རྗེ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པ་དེ་ནི་བོད་བསྟན་སྲིད་སྤྱི་དང་སྒོས་སུ་ས་སྐྱའི་བསྟན་པ་ལ་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའང་ཡིད་གདུང་དྲག་པོ་བྱུང་ཞེས་གསུངས་པ་དང་། དམ་པ་དེ་ཉིད་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་དོན་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན་སྟབས། ཞིང་གཤེགས་དམ་པ་དེ་ཉིད་ཀྱི་གདུང་སྲས་རྣམ་པ་དང་། བདག་མོ་སྐུ་ཞབས་མཆོག་གིས་དབུས་སྐུ་འཁོར་དང། མཁན་སྤྲུལ་ལས་སྣེ་སློབ་ཚོགས་བཅས་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིད་གདུང་དྲག་པོས་ཐུགས་གསོ་དང་སྦྲགས། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང། སླར་ཡང་དྲི་མེད་འཁོན་གདུང་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་ཐུགས་གསོའི་གསུང་འཕྲིན་གནང་འདུག རྩ་བའི་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་ཟླ་ ༤ ཚེས་ ༢༩ ཉིན་ཨ་རིའི་ནུབ་མཐའི་ཕྱི་དྲོ་ཚོད་ ༨།༡༥ ཙམ་ལ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད་ཡོད་པ་དང། ད་ལྟའི་ཆར་སྐུ་ཐུགས་དམ་ལ་བཞུགས་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༦།༠༥།༠༤

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་ནས་བོད་མིའི་འོས་བསྡུ་དེ་ནི་དགོད་བྲོ་ཟློས་གར་ཞིག་ཏུ་འགྲེལ་བརྗོད་བྱས་འདུག གསར་དུ་འདེམས་ཐོན་སྤྱི་འཐུས་རྣམས་ནས་ཚེས་༣༠ཉིན་དམ་འབུལ་ཞུ་རྒྱུ། རྒྱལ་སྤྱིའི་ཐོག་རྩོམ་པ་པོ་ཞོགས་ལྗང་ལགས་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་བ། ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་དགོངས་པ་རྫོགས་འདུག རྒྱལ་ཚོགས་ནས་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་གསར་པ་ཕྱིར་འཐེན་དགོས་པ་གསུངས་འདུག དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་ཧོན་སུར་གཏན་སློབ་ཏུ་སྩལ་བའི་བཀའ་སློབ། Wednesday 04/05/2016 China says exile Tibet Elections a big farce Newly elected TPiE members to take oath on 30th May Tibetans worldwide join campaign to free Shokjang H.H. Jigdal Dagchen Rinpoche passes away at 88 UN rights experts criticize Chinese law on foreign NGOs FEATURE: Dalai Lama’s speech at CST Hunsur

རྒྱ་གཞུང་གིས་བོད་མིའི་འོས་བསྡུ་དེ་ནི་དགོད་བྲོ་བའི་ཟློས་གར་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hong Lei ཡིས་བོད་མིའི་འོས་བསྡུ་ཆེན་མོ་དེ་ནི་དགོད་བྲོ་བའི་ཟློས་གར་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་ཡང་པེ་ཅིང་ནས་ཉིན་ལྟར་རྒྱ་ནག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་བསྐོང་ཚོགས་བྱེད་ཀྱི་ཡོད་པ་ལྟར། ཁ་སང་ཚེས་ ༣ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hong Lei ལ་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་ནང་དུ་འཚམས་གཟིགས་སུ་ཕེབས་པའི་སྐོར་དང་། དེ་བཞིན་བོད་ནས་རྙེད་སོན་བྱུང་བའི་ཨ་རིའི་རི་འཛེགས་པ་གཉིས་ཀྱི་ཕུང་པོ་སོགས་ཀྱི་སྐོར་ལ་དྲི་བ་བཏང་འདུག་པ་མ་ཟད། ལྷག་དོན་གསར་འགོད་པ་ཞིག་གིས་ཉེ་ཆར་བཙན་བྱོལ་བོད་གཞུང་གི་འོས་བསྡུའི་ལས་རིམ་ཐོག་མཐོང་ཚུལ་ཇི་ཡོད་དྲིས་འདུག   སྐབས་དེར་ Hong Lei ཡིས་བོད་མིའི་འོས་བསྡུའི་སྐོར་གྱི་དྲི་བའི་ལན་དུ་བཙན་བྱོལ་བོད་གཞུང་ཞེས་པ་དེ་ནི་ཁྲིམས་མཐུན་ཞིག་མིན་པ་མ་ཟད། དེ་ལ་འཛམ་གླིང་རྒྱལ་ཁབ་སུ་གཅིག་གིས་ངོས་འཛིན་མེད་སྐོར་བཤད་འདུག་པ་དང། ད་དུང་ཉེ་ཆར་གྱི་འོས་བསྡུ་དེ་ནི་དགོད་བྲོ་བའི་ཟློས་གར་ལྟ་བུ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉིན་ཤས་གོང་། བོད་མིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་མ་ཐག ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཐེངས་འདིའི་འོས་བསྡུའི་ལས་རིམ་ནང་བཙན་བྱོལ་བོད་མི་ཚོས་སྔར་ལས་ཐུགས་སྣང་དང་འགན་འཁུར་ཆེ་བ་བླངས་ཏེ། ༸གོང་ས་མཆོག་གིས་དགོངས་གཞི་ལྟར་མང་གཙོ་ཚགས་ཚུད་པ་དང་བརྟན་དུ་འགྲོ་གྱི་ཡོད་པ་མངོན་ཐུབ་རྒྱུ་ཙམ་མ་ཟད། དོན་གྱི་བདག་པོ་བོད་ནང་གི་བོད་རྣམས་ནས་ཀྱང་བོད་མིའི་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་དང་རེ་བ་གནང་ས་ཞིག་ཏུ་གྱུར་ཡོད་པ་གསུངས་ཡོད་པ་རེད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་འོས་བསྡུ་བརྒྱུད་རྒྱ་ནག་གཞུང་ལའང་ང་ཚོས་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་མང་གཙོ་ལག་བསྟར་གནང་གི་ཡོད་པ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་སྐོར་གསུངས་ཡོད་པ་རེད།  

དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ།

  ཟླ་བ་སྔ་མའི་ཚེས་ ༢༩ ཉིན་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་མཆོག་དགུང་གྲངས་ ༨༨ ཐོག་ཨ་རིའི་ནུབ་མཐའི་ཕྱི་དྲོ་ཚོད་ ༨།༡༥ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། དེ་ཡང་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་མཆོག་སྔོན་ནས་བསྙུན་ཚུལ་ཅུང་ཟད་བཞེས་པའི་སྐབས་སུ་སྐྱབས་རྗེ་རྫོང་གསར་མཁྱེན་རྩེ་རིན་པོ་ཆེད་ཕེབས་ཀྱིས་མཁའ་འགྲོ་མ་འཆི་མེད་འཕགས་མ་སྙིང་ཐིག་གི་སྒོ་ནས་མཁའ་འགྲོའི་བསུན་ཟློག་གི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པ་དང་། དེ་རྗེས་མཚན་མཆོག་གསུམ་ལྡན་དཔལ་ས་སྐྱ་༸གོང་མ་༸ཁྲི་འཛིན་རིན་པོ་ཆེ་མཆོག་ཆིབས་སྒྱུར་དང་འབྲེལ་བླ་མ་ཞི་ཁྲོའི་སྒོ་ནས་བརྟན་བཞུགས་ཟབ་རྒྱས་ཤིག་བསྟར་འབུལ་མཛད་སྟབས། འདི་ལོའི་ཟླ་ ༤ ཚེས་ ༢༩ ཉིན་ཨ་རིའི་ནུབ་མཐའི་ཕྱི་དྲོ་ཚོད་ ༨།༡༥ ཙམ་ལ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་འདུག  དེ་རྗེས་ཉིན་གྲངས་བཞིའི་རིང་ཕོ་བྲང་གཉིས་ཀྱིས་གསང་རྒྱ་མཛད་ཡོད་པ་དང་། ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་དུ་བཞུགས་བཞིན་ཡོད་པ་རེད། དེ་བཞིན་ས་སྐྱ་༸ཁྲི་འཛིན་༸གོང་མ་རིན་པོ་མཆོག་གིས་བསྩལ་གནང་བའི་གསུང་འཕྲིན་ནང་ " ད་ལྟ་ཐུགས་དམ་ངོ་མཚར་ཅན་མཇལ་བ་ཙམ་གྱིས་དད་གསུམ་དབང་མེད་དུ་འཕྲོ་བ་ཞིག་བཞུགས་བཞིན་པ་དང་། ངོས་རང་ད་ལྟ་ཡང་ཨ་རིར་ཡོད་བཞིན་པ་བཅས་མ་བསྒྲིགས་ལྷུན་འགྲུབ་དམ་ཚིག་གཙང་མའི་དགེ་མཚན་མངོན་དུ་གྱུར་པ་ཡིན། " བཅས་བཀའ་བསྩལ་གནང་འདུག ད་ལྟའི་ཆར་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གིས་དབུ་བཞུགས་གཙོས་གདུང་སྲས་རྣམ་པ་དང། མཁན་བླ་སྤྲུལ་འདུས་མང་བཅས་ཀྱིས་མདུན་མཆོད་འབུལ་བཞིན་པ་དང་། འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་ཐུགས་དམ་གྲོལ་མཚམས་སུ་སྐུ་གདུང་བཞུགས་འབུལ་གནང་འཆར་ཡོད་པ་རེད་འདུག གཞི་རྩའི་དཔལ་ས་སྐྱ་གོང་མ་༸སྐྱབས་མགོན་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག་ནི། སྤྱི་ལོ་༡༩༢༩ རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་གྱི་ལོའི་ཟླ་ ༡༢ ཚེས་ ༡༣ ཉིན་ཡབ་ས་སྐྱ་༸གོང་མ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་དང་ཡུམ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་ས་སྐྱ་ལྷ་ཁང་ཆེན་མོའི་མཁན་རབས་ ༤༣ པ་ཡོངས་འཛིན་སངས་རྒྱས་རིན་ཆེན་ལགས་ཀྱི་དྲུང་ནས་ཡོན་ཏན་ཀུན་གྱི་གཞི་མ་བོད་ཡིག་གི་སྦྱོར་ཀློག་སློབ་པའི་དབུ་བཙུགས་གནང་། དེ་ནས་ས་སྐྱ་པའི་མདོ་སྔགས་ཀྱི་ཆོས་སྤྱོད་ཉེར་མཁོ་དུ་མ་ཐུགས་འཛིན་མཛད། སློབ་དཔོན་ཤཱཀྱ་ལགས་ཀྱི་མདུན་ནས་དཀྱིལ་འཁོར་བྲིས་ཐིག་ཆོ་གའི་ཕྱག་ལེན། འདོན་རྟ་དབྱངས། རྔ་རོལ། ཕུར་པའི་རྩ་འཆམ་དང་གཏོར་བཟོ་སོགས་ལ་སྦྱངས་པ་གནང་། ས་གཞུང་དྲུང་ཡིག་བློ་བདེ་ཁང་གསར་དབང་འདུས་ཀྱི་དྲུང་ནས་བོད་ཡིག་བྲིས་རྒྱུན་སྦྱོང་ཤིང་དང་ཤོག་བུའི་སྟེང་སྔར་སྲོལ་བཞིན་སློབ་གཉེར་མཛད།   དགུང་ལོ་བཅུ་བདུན་བར་དུ་འབྱུང་འདུལ་དང་། ཀྱཻ་རྡོར། ཕུར་པ། མགོན་པོ། བླ་མ་ཞི་ཁྲོའི་ཚེ་སྒྲུབ། རིག་བྱེད་མ་སོགས་ཀྱི་བསྙེན་པ་ཚད་ལྡན་སྐྱོངས་གནང་མཛད་འདུག དེ་རྗེས་བོད་ལ་དུས་འགྱུར་བྱུང་སྐབས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་མ་ཟད། སྤྱི་ལོ་༡༩༦༠ ལོའི་ཟླ་ ༡༠ ཚེས་ ༡༢ ཉིན་ཨ་རིའི་ནུབ་རྒྱུད་ཀྱི་ཝ་ཞིང་ཁྲོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོས་གདན་ཞུ་ལྟར། སློབ་གཉེར་ཁང་དེར་བོད་ཀྱི་ཆོས་རིག་སློབ་ཁྲིད་སོགས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་པ་དང་། ཕྱི་ལོ་ ༡༩༧༤ ལོར་ཨ་རི་ནང་དུ་ས་སྐྱ་ཐེག་ཆེན་ཆོས་གླིང་ཞེས་པའི་ཆོས་ཚོགས་ཕྱགས་བཏབ་པ་ནས་བཟུང་རྒྱ་གར་ནུབ་ཕྱོགས་ཡུལ་གྲུ་ཁག་འདྲ་མིན་ནང་དུ་ཆེད་ཕེབས་ཀྱིས་དཔལ་ས་སྐྱ་ཆོས་ཚོགས་ཆེད་བཙུགས་དང་།  དེ་བཞིན་གདུལ་བྱ་དུ་མར་ཟབ་རྒྱས་ཆོས་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༦།༠༥།༠༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཕྱི་རྒྱལ་གཞོན་སྐྱེས་ཁག་ཅིག་ལ་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་ལྡན་པ་སྐྲུན་རྒྱུའི་རེ་བའི་གཞི་རྩ་ཡོད་པ་བཀའ་སྩལ་འདུག ༸གོང་ས་མཆོག་འདོད་རྒུ་གླིང་གཞིས་ཆགས་སུ་ཆིབས་བསྒྱུར་གནང་འཆར། རྔ་བ་རྫོང་ཐོག་ཏུ་ཞི་རྒོལ་གནང་མཁན་དེ་ཀིརྟི་དགོན་པ་ནས་རེད་འདུག རྒྱ་གཞུང་ནས་ཆོས་དད་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པ་མིང་བཏོན་བྱས་འདུག རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ནང་དུག་གི་ས་བོན་བཏབ་ཀྱི་ཡོད་པ་བརྗོད་འདུག ཁྲོམ་གཞུང་གཏམ་བརྗོད་བརྒྱུད་ཞོགས་ལྗང་ལགས་གློད་བཀྲོལ་དགོས་པའི་ལས་འགུལ། དམིགས་བསལ་ལེ་ཚན། གཞས་པ་ཤེར་བསྟན་ལགས་ཀྱི་གླུ་གཞས་འབྲོག་མོ་སྙིང་རྗེ་བོ་དང་ཟླ་སྒྲོན་ལགས་ཀྱི་གླུ་གཞས་དོན་གྲུབ་ཚེ་རིང་། Tuesday 03/05/2016 Dalai Lama interacts with USIP youth leaders: Dharamsala Ngaba lone protester identified as Kirti monk Lobsang Thupten Dalai Lama to visit South India in June US Religious Freedom Commission designates China as Country of Particular Concern China’s living Buddha Database, poisonous fruit of CPC’s Tibet religious policy: ICT report Tibet activists call for Shokjang’s release on World Press Freedom Day MUSIC FEATURE: ‘The Lovely Herds-Woman’ by Sherten and ‘Ngayi Dhondup Tsering la’ by Dadon

༸གོང་ས་མཆོག་གིས་རྒྱལ་ཁབ་༡༣ནས་ཕེབས་པའི་གཞོན་སྐྱེས་སྐོར་ཞིག་ལ་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་ལྡན་པ་སྐྲུན་ཐུབ་རྒྱུའི་རེ་བའི་གཞི་རྩ་ཡོད་པ་བཀའ་གནང་སོང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། རྒྱལ་ཁབ་ ༡༣ ནས་ཕེབས་པའི་ཞི་བདེའི་ལས་འཆར་འགན་ཁུར་བ་ ༢༨ དང་དམིགས་བསལ་མཇལ་མོལ་གནང་པ་དང་འབྲེལ།  སྐབས་དེར་གཞོན་སྐྱེས་ཚོ་ལ་ང་ཚོས་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་ལྡན་པ་སྐྲུན་ཐུབ་རྒྱུའི་རེ་བའི་གཞི་རྩ་ཡོད་པ་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད། དེ་རིང་ཟླ་ ༥ ཕྱི་ཚེས་ ༣ ཉིན་གྱི་སྔ་ཐོག་ཚོུད་ ༩ ཐོག་ཨ་རིའི་ཞི་བདེ་ལྟེ་གནས་ཁང་ United States Institute of Peace ཡིས་གོ་སྒྲིག་འོག བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དབུ་བཞུགས་ཀྱིས་གཙོས། དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་དཀའ་ངལ་འཕྲད་ཡུལ། Tunisia དང་ Iran དེ་བཞིན Iraq སོགས་དཀྱིལ་ཤར་ཡུལ་གྲུ་ཁག་ཅིག དེ་བཞིན་ Kenya དང་ Sudan Somalia སོགས་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་ཅིག་ཏུ་དོན་དངོས་ཞི་བདེའི་ལས་འཆར་འགན་ཁུར་གནང་མཁན་ཁ་ཆེ་གཙོས་པའི་ཆོས་ལུགས་འདྲ་མིན་གྱི་གཞོན་སྐྱེས་ ༢༨ ཆེད་ཕེབས་ཀྱིས་ལྷན་འཛོམས་ཐོག་ཚོགས་འདུའི་མཛད་རིམ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་ཚོགས་འདུའི་ཐོག་ཚོགས་བཅར་བ་མང་ཆེ་ཁ་ཆེ་རྒྱལ་ཁབ་དང་ཁེ་ཆེ་བ་ཆགས་ཀྱི་འདུག་པ་མ་ཟད། ༸གོང་ས་མཆོག་གིས་རྒྱ་གར་ཆོས་ལུགས་དབུ་ཁྲིད་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Dewan Syed Zainul Abdedin མཆོག་དང་མཁས་དབང་སློབ་དཔོན་ Dr. Syied Zafar Mahmood མཆོག་ཆེད་མངགས་གདན་ཞུ་གནང་འདུག མཛད་རིམ་གོ་སྒྲིག་གནང་མཁན་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་ལས་བྱེད་ལྕམ་ Susan O’ Neilལགས་ཀྱིས་གསུངས་པར། ད་རེས་ཁོང་རྣམ་པ་༸གོང་ས་མཆོག་དང་ལྷན་རྒྱས་མཇལ་མོལ་དང་བཀའ་སློབ་ཞུ་རྒྱུའི་མཛད་རིམ་བང་སྒྲིག་དགོས་དོན་གཙོ་བོ་ནི།  ༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་ཡིན་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ནི་ཞི་བདེ་དང་འཚེ་བ་མེད་པའི་ཐོག་ལ་མཁྱེན་ཡོན་དང་ཉམས་མྱོང་ཕུལ་དུ་བྱུང་བ་ཡོད་སྟབས། ཞི་བདེའི་ལས་འཆར་ཐོག་འགན་ཁུར་གནང་མཁན་ཚོགས་བཅར་བ་རྣམས་ལ་ཉམས་སྨྱོང་དང་སློབ་སྦྱོང་དོན་ཕན་ལྡན་པ་ཞིག་ཐོབ་ཆེད་དུ་དམིགས་ཡོད་པ་གསུངས་ཀྱི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུར་ཕེབས་པའི་ཁ་ཆེ་དང་ཡི་ཤུ། དེ་བཞིན་ནང་པ་སོགས་ཆོས་ལུགས་ཀྱི་རྒྱབ་ལྗོངས་འདྲ་མིན་ནས་ཕེབས་པའི་ཞི་བདེའི་ལས་འཆར་འགན་ཁུར་གནང་མཁན་གཞོན་སྐྱེས་རྣམས་ལ་བརྩེ་བའི་ཆོས་གྲོགས་ཕོ་མོ་ཞེས་འཚམས་འདྲི་བསྩལ་ཏེ། གཙོ་བོ་ཆོས་ལུགས་མཐུན་སྒྲིལ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་བསྐུན་ཐབས། དེ་བཞིན་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་གལ་ཆེ་ཆགས་ཡོད་པའི་ལམ་སྟོན་བཀའ་སློབ་བསྩལ་སོང་། ལྷག་པར་དུ་༸མགོན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་དང་ལྡན་པ་བསྐྲུན་ཐུབ་རྒྱུའི་རེ་བའི་གཞི་རྩ་ཞིག་ཡོད་པའི་སྐོར་ལ་བཀའ་སློབ་རྒྱས་པོ་བསྩལ་དོན།   ༸མགོན་པོ་མཆོག་གིས་རྒྱ་གར་ནང་དུ་ལོ་ངོ་སྟོང་ཕྲག་རིང་ནས་ཁ་ཆེ་དང་ཧིན་དྷུ། དེ་བཞིན་ཡི་ཤུ་དང་གཅེར་བུ་བ་སོགས་ཆོས་ལུགས་གཙོ་ཆེ་ཁག་ཕན་ཚུན་དབར་བསམ་ཤེས་དང་མཉམ་གནས་ཐུབ་ཡོད་པ་དེ་ནི་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་བུ་ཆགས་ཡོད་པ་དང་། དེ་དེ་བཞིན་དེང་གི་ཚན་རིག་པ་དང་མཁས་པ་ཚོས་ཞིབ་འཇུག་ལས་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཁུངས་སྐྱེལ་གནང་གི་ཡོད་སྟབས། ང་ཚོས་འབད་བརྩོན་བྱེད་པ་ཡིན་ན་བྱམས་བརྩེ་ལྡན་ཞིང་ཞི་བདེ་ཅན་གྱི་འཛམ་བུ་གླིང་ཞིག་བསྐྲུན་ཐུབ་རྒྱུའི་རེ་བའི་གཞི་རྩ་ཡོད་པ་བཀའ་གནང་སོང་།    ༸གོང་ས་མཆོག་གིས་མུ་མཐུད་བཀའ་སྩལ་གནང་པར་འཛམ་གླིང་མི་སྤྱིའི་མི་འབོར་ལས་མི་ཐེར་འབུམ་གཅིག་ཙམ་ཆོས་དད་མེད་མཁན་ཆགས་བསྡད་ཡོད་སྟབས། བྱམས་པ་དང་བརྩེ་བ་གཞི་རྩར་གྱུར་བའི་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་ཁག་སློབ་གྲྭའི་བསླབ་གཞི་ནང་བཞག་དགོས་གལ་ཡིན་པ་ཡང་བཀའ་གནང་སོང་། མཐའ་དོན་༸གོང་ས་མཆོག་གིས་ད་རེས་ཀྱིས་ཚོགས་འདུ་འདི་ལྟ་བུའི་ཐོག་ནས་རྒྱལ་ཁབ་དང་ཆོས་དད་འདྲ་མིན་གྱི་ཆོས་གྲོགས་ཕོ་མོ་དང་མཇལ་མོལ་བྱུང་བར་ཐུགས་འགྱེད་ཚོར་དང་བཅས། མ་འོངས་པ་ཡང་ཚོགས་འདུ་འདི་ལྟར་ཐུགས་རེ་གནང་གི་ཡོད་པ་བཀའ་སྩལ་གནང་པ་མ་ཟད། ཚོགས་བཅར་བ་རྣམས་ནས་ཀྱང་རང་རང་སོ་སོའི་ས་གནས་སུ་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་དང་ཁ་ཆེ་ནང་ཕུན་ཚུན་དབར་ཚོགས་འདུ་སོགས་བསྐོང་ཚོགས་གནང་སྟེ། གྲོས་མོལ་གྱི་ལམ་ནས་བསམ་བློ་བརྗེ་རེས་དང་དཀའ་ངལ་སེལ་ཐབས་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད། ཆེད་དུ་གདན་ཞུ་ཕུལ་བའི་རྒྱ་གར་ཆོས་ལུགས་དབུ་ཁྲིད་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Dewan Syed Zainul Abdedin མཆོག་གིས་སྐབས་དེར་༸གོང་ས་མཆོག་དབུ་བཞུགས་ཐོག་ལམ་སྟོན་འདི་ལྟར་ཞུ་རྒྱུ་བྱུང་བ་དང་ཚོགས་བཅར་རྣམས་དང་མཇལ་མོལ་གྱི་དུས་ཚོད་བྱུང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ཁོང་གིས་གསུངས་བཤད་གནང་པའི་ཁྲོད། དེང་གི་སྤྱི་ཚོགས་ནང་དཀའ་ངལ་གཙོ་བོ་གཅིག་ནི་གཞོན་སྐྱེས་ཚོར་ལམ་སྟོན་ཡག་པོ་གནང་ཐུབ་ཀྱི་མེད་པའི་རྐྱེན་གྱིས་དཀའ་ངལ་འདྲ་མིན་འཕྲད་ཀྱི་ཡོད་པ་དང་། དཀའ་ངལ་དེ་དག་སེལ་ཆེད་རྒན་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོས་སོ་སོའི་ཆོས་ལུགས་ཀྱི་གཞུང་ལས་བསྟན་པའི་བསླབ་སྡོམ་སྐོར་གཞོན་སྐྱེས་རྣམས་ལ་ངེས་པར་དུ་སློབ་སྦྱོང་སྤྲོད་དགོས་གལ་དུ་གཟིགས་ཀྱི་ཡོད་པ་སོགས་གསུངས་གནང་སོང་། འགི་ག་རླུང་འཕྲིན་ཁང་གིས་ཨ་ཕི་རི་ཀའི་ཀེན་ཡ་ནས་ཕེབས་པའི་ཁུལ་དེའི་ཞི་བདེ་ལས་འཆར་ཐོག་འགན་འཁུར་གནང་མཁན་ Didas ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་རངས་བཀའ་སློབ་ནང་ཆོས་ལུགས་ཚང་མས་བྱམས་པ་དང་སྙིང་རྗེ། དེ་བཞིན་བཟོད་བསྲན་སོགས་ཀྱི་བསླབ་བྱ་གཅིག་མཚུངས་བསྟན་གྱི་ཡོད་སྐོར་བཀའ་གནང་པ་དེ་བསླབ་བྱ་གཙོ་བོ་རེད་འདུག་བསམ་གྱི་འདུག ང་ཚོས་ཆོས་ཀྱི་བསླབ་བྱ་དེ་དག་བླངས་ནས་འཛིམ་གླིང་ཞི་བདེ་དང་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བཙོན་བྱེད་དགོས་པ་དྲན་གྱི་འདུག་ཅེས་གསུངས་སོང་། གཞི་རྩའི་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་གོ་སྒྲིག་གནང་པའི་ཚོགས་འདུ་འདི་དེ་རིང་དང་སང་ཉིན་བཅས་སུ་ཚོགས་ཀྱི་འདུག་པ་དང་། ཚོགས་འདུ་འདི་དང་བསྟུན་ཕྱི་རྒྱལ་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ནས་བོད་ཕྲུག་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་མཇལ་མོལ་གནང་སྟེ་ཕན་ཚུན་དབར་ཉམས་མྱོང་བརྗེ་རེས་ཡང་གནང་གི་འདུག

རྔ་བ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་གནང་མཁན་དེ་ཀིརྟི་དགོན་པ་ནས་ཡིན་འདུག

དེ་ཡང་ཁ་སང་ཟླ་ ༥ ཚེས་ ༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༣།༠༠ ཙམ་ལ་དགེ་འདུན་པ་ཞིག་གིས་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་གནང་མཁན་དེའི་མཚན་ནི་གྲྭ་བློ་བཟང་ཐུབ་བསྟན་དང་། རྔ་བ་ཀིརྟིའི་དགོན་པའི་གྲྭ་བ་ཡིན་པ་རེད་འདུག དེ་རིང་ཤེས་རྟོགས་བྱུང་བར་གཞིགས་ན། དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ནི་རྔ་བ་ཀིརྟིའི་དགོན་པའི་གྲྭ་བ་ཡིན་པ་དང་། ཁོང་ནི་རྔ་བ་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་འདུག གཞི་རྩའི་གྲྭ་བློ་བཟང་ཐུབ་བསྟན་ལགས་ནི། ཁ་སང་བོད་ནང་གི་ཉིན་རྒྱབ་ཚོུད་ ༣ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ནས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པར་བརྟེན། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་ཡོད་པ་ཤེས་པ་ཙམ་ལས།  ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་པ་དང། ཁོང་དགོན་པ་གང་ནས་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། རྩ་བའི་བོད་མདོ་སྨད་རྔ་བ་དེ་ནི་ད་བར་བོད་ཀྱི་ས་ཁུལ་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཤུགས་ཆེ་ཤོས་བྱུང་སའི་ས་ཚིགས་ཤིག་དང་། ཕྱི་སུ་བོད་མི་ཁྱེར་རྐྱང་གིས་ངོ་རྒོལ་སྐད་འབོད་ཀྱི་གནད་དོན་མང་ཤོས་ཐོན་སའི་ས་ཚིགས་གནད་ཆེ་ཞིག་ཆགས་སྟབས།  རྒྱ་གཞུང་གིས་ཁུལ་དེར་ཆེས་དམ་དྲག་བྱེད་བཞིན་པའི་ཁྲོད། དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ཀྱི་ལོ་ཚད་དང་སྐབས་དེར་ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད།  

རྒྱ་ནག་རྒྱལ་ཁབ་དེ་ཆོས་དད་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པར་མིང་བཏོན་བྱས་འདུག

  ཨ་མི་རི་ཀའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་འདས་ལོའི་ནང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཚོའི་ཐོག་མུ་མཐུད་ནས་དྲག་གནོན་སྲིད་བྱུས་ལག་བསྟར་གྱིས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་འཚབས་ཆེ་བཏང་ཡོད་པ་མ་ཟད། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་སྲུང་སྐྱོབ་བྱེད་མཁན་ཁག་འཛིན་བཟུང་བཀག་ཉར་དང་བཙོན་བཅུག དེ་བཞིན་སྡུག་སྦྱོང་མནར་གཅོད་བཏང་བ་བཅས་ཐེར་བཏོན་བྱས་ཏེ་རྒྱ་ནག་དེ་ཆོས་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་མིང་བཏོན་བྱས་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་སམ་ United States Commission on International Religious Freedom ཡིས་སྔ་ལོ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༢ ནས་འགོ་བཙུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ བར་ལོ་འཁོར་མོ་གཅིག་ནང་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་གི་ཆོས་དད་དབང་གི་གནས་སྟངས་ལ་ཞིབ་འཇུག་གྱིས་ལོ་འཁོར་སྙན་ཐོག་ཞིག་འདོན་སྤེལ་གནང་འདུག སྔ་ལོའི་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གམ་ International Religious Freedom Act འོག་འཛམ་གླིིང་ནང་ཆོས་དད་རང་དབང་ལ་རྡོལ་རོལ་འཚབས་ཆེ་བཏང་མཁན་དང་། དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བཅུ་མིང་འདོན་བྱས་འདུག་པའི་ཁོངས་སུ་རྒྱ་ནག་རྒྱལ་ཁབ་དེ་བཞིན་ཨང་གཉིས་པའི་ཁོངས་སུ་མིང་བཏོན་བྱས་འདུག ཨ་རི་གཞུང་ནས་ཆོས་དད་རང་དབང་ཐོག་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བཅུའི་མིང་གསལ་བཏོན་གྱིས་ཕྱོགས་བསྡོམས་སྙན་ཐོ་ལས། རྒྱ་ནག་གི་སྡེ་ཚན་ཁོངས་སུ། ཡུ་གུར་དང་བོད། རྒྱ་ནག་ནང་གི་ཡི་ཤུའི་རྣམ་དག་ཆོས་ལུགས་སོགས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་འགྲེལ་བརྗོད་གནང་འདུག་པ་དང་། དེའི་ནང་ནས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་གི་གནས་སྟངས་ལ་གཞིགས་ན། ༢༠༡༥ ལོར་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གི་བྱེད་སྒོ་ཁག་ལ་དམ་དྲག་དང། དྲག་གནོན། དེ་བཞིན་དགོན་སྡེ་ཁག་ཏུ་དགེ་འདུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་སློབ་གཉེར་ཐོག་ཐེ་བྱུས་དང་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་སྐོར་གསལ་བཏོན་བྱས་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་དགོན་སྡེ་ཁག་ལའང་སྔོག་གཤེར་དང་དམར་ཤོག་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཡོད་པ་བཅས་འགྲེལ་བརྗོད་གནང་པ་དང་འབྲེལ། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་བོད་ནང་གི་བོད་མི་ ༡༤༣ ནས་རང་ལུས་མེར་བསྲེགས་གནང་ཡོད་ཅེས་འགྲེལ་བརྗོད་ཤུགས་ཆེ་གནང་འདུག བོད་ནང་གི་བོད་མི་ཚོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་རྒྱ་ནག་གི་ཁ་བྲལ་དང་འཇིགས་སྐུལ་བའི་ཉེས་མིང་འོག་ལོ་ ༢༠ རིང་བཙོན་བཅུག་བྱས་པ་མ་ཟད། ལྷག་དོན་སྔ་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༧ ནང་བཙོན་ཁང་དུ་སྐུ་བཀྲོངས་ཡོད་པ་དང་། རྒྱ་གཞུང་གིས་དམ་པ་ཁོང་གི་འབྲེལ་ཡོད་ནང་མི་ཚོར་ཆོས་ཕྱོགས་དང་འབྲེལ་བའི་འདས་ཆོས་ཞུ་མ་བཅུག་པ་དང་། དེ་ལྟར་བྱ་རྒྱུའི་ཞུ་འབོད་གནང་མཁན་གྱི་འབྲེལ་ཡོད་གཅེན་མོ་དང་ཚ་བོ་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འཁོད་འདུག བོད་མི་ཚོའི་ཆོས་དད་རང་དབང་དང་འབྲེལ་བའི་སྙན་ཐོའི་ནང་འཁོད་དོན། སྔ་ལོའི་ནང་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་། རྒྱ་ནག་གཞུང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བ། དེ་བཞིན་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མོ་མཆོག་དགུང་གྲངས་ ༢༦ ཕེབས་པ་བཅས་གལ་འགངས་ཆེ་བའི་དུས་ཚིགས་གསུམ་འགྲེལ་བརྗོད་བྱས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་དགུང་གྲངས་ ༦ ནས་བཙན་ཁྲིད་ཀྱིས་ད་བར་ལོ་ ༢༠ ལྷག་གསང་བའི་ཐོག་བཀག་ཉར་བྱས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ཐད་ཐེ་བྱུས་བྱེད་པ་དང་འབྲེལ། བདག་དབང་འདི་བཞིན་རྒྱ་ནག་གཞུང་ལ་ཡོད་ཅེས་བཤད་པ་ལས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མངོན་གསལ་བྱས་འདུག རྒྱ་ནག་གཞུང་གིས་དེ་སྔ་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཁ་གཡར་ཏེ་བོད་མི་དང་ཡུ་གུར་གི་རང་དབང་འཐབ་རྩོད་ལ་གདོང་ལེན་ཆེད་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་ཁྲིམས་ཡིག་ཞེས་གཏན་འབེབས་ཀྱིས་ལག་བསྟར་བྱེད་འགོ་བཙུགས་པ་དེས་མང་ཚོགས་ནས་ཆོས་དད་རང་དབང་གི་རྩོད་ལེན་ཇི་འདྲ་གནང་རུང། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་བ། དེ་བཞིན་ཆོས་ཕྱོགས་ལྟ་གྲུབ་མཁྲེགས་པོ་འཛིན་བཅས་ལ་ངོས་འཛིན་གྱིས་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ ༣༠༠ ལྷག་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་ཡང་ཐེར་བཏོན་གནང་འདུག ལྷན་ཚོགས་དེས་ཨ་རི་གཞུང་ལ་འབོད་སྐུལ་གནང་དོན། ཨ་རི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་བཅས་ལ་རྒྱབ་སྐྱོར་དང་དེ་དག་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་ཤུགས་སྣོན་བསྐྱོན་དགོས་གལ་ཡིན་པའི་འབོད་སྐུལ་གནང་དགོས་པ་སོགས་འཁོད་འདུག

རྔ་བ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་འཛིན་བཟུང་བྱས་འདུག

བོད་མི་ཞིག་གིས་རྔ་བ་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་༸སྐུ་པར་བསྣམས་ནས་ཞི་བའི་རྔམ་སྟོན་གནང་འདུག  དེ་རིང་ཟླ་ ༥ ཚེས་ ༢ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༣།༠༠ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ཀྱིས་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་འདུག འདི་ག་རླུང་འཕྲིན་ཁང་དུ་སུད་སི་གནས་སྡོད་བ་ལྷ་སའི་བསོད་ནམས་ལགས་ཀྱིས་ས་གནས་ནས་འབྱོར་བའི་གནས་ཚུལ་ཁོ་སྤྲོད་གནང་དོན། དེ་རིང་བོད་ནང་གི་ཉིན་རྒྱབ་ཚོུད་ ༣ ཙམ་ལ་དགེ་འདུན་པ་ཐུབ་བསྟན་ལགས་ནས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྔ་བ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་བ་རྫོང་ཐོག་བར་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པར་བརྟེན། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་འདུག་ཅེས་གསུངས་སོང། ད་ལྟའི་ཆར་ཁོང་གིས་ཞི་བའི་རྔམ་སྟོན་གནང་བའི་འདྲ་པར་དང་རྙན་པར་ཁག་ཅིག་ཕྱི་གྱར་བྱུང་འདུག་ཀྱང་། ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་པ་དང། ཁོང་དགོན་པ་གང་ནས་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། རྩ་བའི་རྒྱ་གཞུང་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གནང་མཁན་དང་ཁོང་རྣམ་པའི་ནང་མི་ཉེ་འབྲེལ་དག་ལ་དངོས་ལྐོག་བརྒྱུད་གསུམ་གྱི་ཐོག་ནས་གྲོང་པ་དང་དགོན་སྡེ་སྤྱི་ཡོངས་ལ་ཉེས་ཆད་ཚབས་ཆེ་གཏང་རྒྱུ་མགོ་བཙུགས་པ་ནས་བཟུང། བོད་ནང་རང་ལུས་མེར་སྲེག་གི་གནད་དོན་ཉུང་རུ་ཕྱིན་ཡོད་ཀྱང། བོད་མི་ཁྱེར་ཀྱང་གིས་ངོ་རྒོལ་སྐད་འབོད་ཀྱི་གནད་དོན་དེ་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད་སྔ་ལོ་རྔ་བ་ནང་དུ་བོད་མི་ཁྱེར་ཀྱང་གིས་ལས་འགུལ་མང་དག་ཞིག་སྤེལ་ཡོད་པ་རེད།  

Latest news