Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2016

རེས་གཟའ་ཕུར་བུ། ༢༠༡༦།༠༩།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཞེས་པ་དེ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ཡོང་དགོས་པ་བཀའ་བསྩལ་བ། བཀའ་ཤག་ནས་རྐྱེན་ལ་མ་ལྟོས་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་གསུངས་འདུག སྨན་པ་མ་ཐོབ་པའི་དཀའ་ངལ་སེལ་སླད་སྒྲིག་འཛུགས་དང་སྤྱི་ཚོགས་གཉིས་ཀར་འགན་ཡོད། ལི་ཁ་ཅང་གིས་གཏམ་བཤད་ལ་བོད་མིས་ངོ་རྒོལ་སྐད་འབོད་གནང་བ། Thursday 22/09/2016 ‘Peace must arise through inner peace’: Dalai Lama Kashag will not tolerate any kind of effort to defame His Holiness: Sikyong Tibetan MPs question Health Kalon on lack of doctors in Tibetan settlements Tibetans protest Li Keqiang’s speech at UN

བཀའ་ཤག་ནས་རྐྱེན་ལ་མ་ལྟོས་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ།

དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ལས་ཉིན་གསུམ་པའི་ཐོག་བོད་ལ་༸གོང་ས་མཆོག་ལས་ལྷག་པ་བཀྲིན་ཅན་མེད་གསུངས་པ་དང་ཆབས་ཅིག  བཀའ་ཤག་ནས་རྐྱེན་ལ་མ་ལྟོས་པར་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། དེ་ཡང་བཀའ་ཤག་གི་གསལ་བཤད་ཅེས་པའི་ལས་རིམ་སྐབས་སྲིད་སྐྱོང་མཆོག་གིས་བོད་དང་རྒྱ་ནག་གནང་གི་འགོ་ཁྲིད་འཕོ་འགྱུར་གྱི་འགྱུར་བ་ཁག་ཅིག་སྐོར་དང་། རྒྱ་གར་གཞུང་དམངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་འགྱུར་འགྲོས་སོགས་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་སྐོར་ལ་གསུངས་ཡོད་པ་རེད། ཁྱད་པར་དུ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་འདིའི་ཐོག་ནས་ད་ལྟ་༸གོང་ས་མཆོག་ཡོ་རོབ་ནང་དུ་མཛད་འཕྲིན་སྐྱོང་བཞིན་པ་དེ་དག་ལ་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་དབུ་ཁྲིད་ཙམ་མ་ཟད། མང་ཚོགས་ཁྲི་ཚོ་མང་པོས་དད་གུས་དང་དགའ་མོས་ཤུགས་ཆེ་ཞུ་མུས་ཐོག་༸རྒྱལ་བའི་མཛད་འཕྲིན་སྔར་ལྷག་རྒྱས་བཞིན་པ་དེ་ནི་ང་ཚོ་དགའ་སྤོབས་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་སྐོར་གསུངས་སོང་བ་དང། དེ་མཚུངས་སྲིད་སྐྱོང་མཆོག་གིས་ཉེ་ཆར་མི་གཉིས་གསུམ་ཙམ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ཞིང་། བོད་ཟེར་ནའང་འདྲ། ནང་ཆོས་ཟེར་ནའང་འདྲ། རྩ་དོན་ཟེར་བ་དེ་དག་ད་བར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གནས་ཐུབ་པ་དེ་དག་ནི་༸གོང་ས་མཆོག་གིས་༸སྐུ་དྲིན་ཉག་གཅིག་གི་ཡིན་པས། བོད་ལ་༸གོང་ས་མཆོག་ལས་ལྷག་པ་བཀྲིན་ཅན་ཞིག་མེད་སྟབས་མགོན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་རྒྱུ་བཀའ་ཤག་གི་འགན་ཡོད་ལ་མུ་མཐུད་དེ་ལྟར་རྒྱུ་གནང་ཡིན་ཅེས་གསུངས་ཡོད། སྒོས་སུ་སྲིད་སྐྱོང་མཆོག་གིས་འགའ་ཞིག་གིས་མང་གཙོ་དང་གཏམ་བརྗོད་རང་དབང་སོགས་བརྗོད་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡོད་སྟབས། བཀའ་ཤག་གིས་རྐྱེན་ལ་མ་ལྟོས་པར་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་ལ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ངག་དེར་གདོང་ལེན་གང་གནང་དགོས་ཀྱང་གནང་ངེས་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་སྐབས་དེར་སྲིད་སྐྱོང་མཆོག་གིས་ཉེ་ཆར་གསར་དུ་བསྐོ་གཞག་བྱེད་པ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཝུ་ཡིང་ཇེ་སྐོར་ལས་བོད་དང་རྒྱ་ནག་ནང་གི་འགྱུར་བ་ཁག་ཅིག་སྐོར་ལ་གསུངས་སོང་བ་དང། ལྷག་པར་དུ་དེང་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་ཆབ་སྲིད་ཐོག་ལ་གང་ཙམ་འཁྲུག་པོ་ཞིག་གཟིགས་ཀྱི་ཡོད་པ་གསུངས་གནང་སོང་། གཞན་ཡང་བཀའ་ཤག་གི་གསལ་བཤད་ཀྱི་དེའི་ཐོག་ནས་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཚོགས་གྲུབ་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པའི་སྐོར་དང་། སྔ་ལོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་༸གོང་ས་མཆོག་མཇལ་འཕྲད་ལས་ཨ་རིའི་གཞུང་ནས་བོད་མིའི་ཐོག་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད་པའི་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལ་གསུངས་ཡོད་པ་རེད། དེ་རིང་བཀའ་ཤག་གི་གསལ་བཤད་སྒྲུབ་རྗེས་སྤྱི་འཐུས་རྣམ་པས་གསལ་བཤད་ཀྱི་དོན་གནད་སྤྱི་ལ་བསྔགས་བརྗོད་དང་། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་བོད་ལ་བཀྲིན་ཆེ་ཚུལ་སྐོར་ལ་ཞིབ་ཚགས་གསུངས་པ་དང་། ཁྱད་པར་དུ་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བཀའ་ཤག་གི་བཞེངས་ཕྱོགས་སྐོར་ལ་ཁ་གསལ་ནན་བརྗོད་གནང་པར་ལ་ལས་ཐུགས་རྗེ་ཆེ་ཞུ་ཡང་གསུང་མཁན་བྱུང་ཡོད་པ་རེད། བཀའ་ཤག་གི་གསལ་བཤད་དེའི་ཐོག་ལ་སྤྱི་འཐུས་ཁག་ཅིག་གིས་བོད་རྒྱ་འབྲེལ་མོལ་དང་སྐུ་ཚབ་གསར་པ་བསྐོ་དགོས་གལ་ཡིན་པ། དེ་བཞིན་སྒྲིག་འཛུགས་ནས་བོད་དོན་ལས་འགུལ་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་དྲི་བ་ཁག་ཅིག་ཕེབས་ཡོད་ནའང། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་ལ་བཀའ་ལན་གྱི་གོ་སྐབས་ལས་རིམ་རྗེས་མར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཞེས་པ་དེ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་ཐོག་ནས་བསྐྲུན་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཌིའི་ Wroclaw གྲོང་ཁྱེར་གྱི་ཞི་བདེ་ལྷ་ཁང་དུ་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་གྱི་དབུ་བཞུགས་མཛད་པ་དང་འབྲེལ། ཞི་བདེ་ཞེས་པ་དེ་ཆོས་གཅིག་པོའི་ཐོག་ནས་ཡོང་ཐབས་མེད་པ་དང་དེ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་བསྐྲུན་དགོས་གལ་ཡིན་པ་བཀའ་སྩལ་གནང་འདུག དེའང་ཁ་སང་ཟླ་ ༩ ཚེས་ ༢༡ སྟེ་རྒྱལ་སྤྱིའི་ཞི་བདེ་ཉིན་མོ་དང་བསྟུན་པོ་ལན་ཌིའི་ Swidnica གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་བདེའི་ལྷ་ཁང་ནང་དུ་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང། མཛད་སྒོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ Catholic དང་། Protestant བཅས་ཡི་ཤུའི་ཆོས་བརྒྱུད་ཆེན་པོ་གཉིས་དང་ཁ་ཆེ། དེ་བཞིན་ Jew དང་། ནང་པ་སོགས་ཆོས་ལུགས་འདྲ་མིན་གྱི་དབུ་བླ་དང་ Swidnica གྲོང་ཁྱེར་སྤྱི་ཁྱབ་དང་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༥༠༠ ཡས་མས་ཤིག་ལྷན་འཛོམས་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ངོས་རང་དེ་རིང་འདིར་ཞི་བདེ་སྲུང་བརྩི་ཞུ་རྒྱུའི་དུས་ཚིགས་ཁྱད་པར་ཅན་གྱི་ཐོག་བཅར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ།  འཛམ་གླིང་ཞི་བདེ་ཞེས་པ་དེ་སྨོན་ལམ་བཏབ་པ་ཁོ་ན་མིན་པར་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་བསྐྲུན་དགོས་པ་ལས། འཇིགས་སྣང་དང་ང་རྒྱལ་གྱི་ཚོར་བའི་ཐོག་ནས་བསྐྲུན་ཐབས་མེད་པ་དང། ལྷག་པར་དུ་འཛམ་གླིང་ཞེ་བདེ་ལྡན་པ་ཞིག་བསྐྲུན་མཁན་དེ་འགྲོ་བ་མི་རང་ཉིད་ཡིན་སྟབས། ཞི་བདེ་བསྐྱར་གསོ་བྱེད་མཁན་དེའང་འགྲོ་བ་མི་རང་ཉིད་ཡིན་དགོས་པ་དང།  ཞི་བདེ་བསྐྱར་གསོ་ཡོང་བར་ཐབས་ཤེས་གནང་ཟིན་རྗེས་སླར་དཀའ་ངལ་རིགས་མུ་མཐུད་འཕྲད་ངེས་ཡིན་པ་རེད།  དཀའ་ངལ་དེ་དག་འཚེ་བའི་ཐོག་ནས་མ་ཡིན་པར་ཐབས་ལམ་གཞན་གྱི་ཐོག་ནས་སེལ་དགོས་གལ་ཡིན་པར་བཀའ་སྩལ་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་ཁག་ཕན་ཚུལ་དབར་མཐུན་འབྲེལ་གནང་གལ་ཆེ་བ་དང་། གོ་ལ་འདིིའི་ཐོག་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་དབུ་བླ་རྣམ་པས་ཀྱང་ཞི་བདེ་བསྐྲུན་པར་ཐུགས་བཞེས་གནང་གལ་ཡིན་པ་བཀའ་སྩལ་བ་མ་ཟད་། ༸གང་ཉིད་མཆོག་གིས་ཞི་བདེ་གོང་འཕེལ་ཐོག་ཤུགས་སྣོན་སྐྱོན་དགོས་པའི་སྤྱི་བསྒྲགས་ཐོག་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་གནང་མཛད་འདུག ༸གོང་ས་མཆོག་གིས་ Swidnica གྲོང་ཁྱེར་ནང་གི་ཞི་བདེ་ལྷ་ཁང་དུ་མཛད་འཆར་ལེགས་པར་གྲུབ་རྗེས། ༸གོང་ས་མཆོག་ Wroclaw ཕྱོགས་སུ་ཕྱིར་ཕེབས་གནང་སྐབས་ཕེབས་ལམ་དུ་ Swidnica གྲོང་ཁྱེར་གྱི་ཡི་ཤུའི་ཆོས་དཔོན་ Bishop Ignacy Dec མཆོག་གིས་གདན་ཞུ་ལྟར་ཆོས་དཔོན་ཁོང་གི་ལྷ་ཁང་དུ་གནས་གཟིགས་ཕེབས་གནང་མཛད་འདུག དེ་རྗེས་ Wroclaw ནང་དུ་༸གང་ཉིད་མཆོག་གི་བཞུགས་གནས་མགྲོན་ཁང་དུ་ The Book of Joy ཞེས་༸གོང་ས་མཆོག་དང་༸གང་ཉིད་ཀྱི་མཛའ་གྲོགས་ Desmond Tutu མཆོག་གི་ལྷན་དུ་ལྗགས་རྩོམ་མཛད་པའི་ཕྱག་དེབ་དབུ་བྱེད་དང་འབྲེལ་ཨ་རི་དང་ཨིན་ཡུལ་གྱི་བརྒྱུད་ལམ་གཉིས་ཀྱི་བཅར་འདྲིའི་ལས་རིམ་ཞིག་ཐོག་དབུ་བཞུགས་མཛད་གནང་འདུག རྩ་བའི་དེ་རིང་ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་ཐོག་ Wroclaw གྲོང་ཁྱེར་སྤྱི་ཁྱབ་དང་ཁུལ་དེའི་གནད་ཡོད་མི་སྣ་ཁག་ཅིག་གིས་གནམ་ཐང་བར་ཕེབས་སྐྱེལ་ཞུས་ཐོག་༸གང་ཉིད་མཆོག་དང་སྐུ་འཁོར་ལྷན་རྒྱས་ Wroclaw ནས་མཁའ་ལམ་བརྒྱུད་རྒྱ་གར་ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་མཛད་འདུག

ས་གནས་ཁག་ཏུ་སྨན་པ་མེད་པའི་དཀའ་ངལ་སེལ་སླད་འཕྲོད་བསྟེན་ལས་ཁུངས་གཙོས་སྤྱི་ཚོགས་རང་ནས་དེར་ཐུགས་འགན་བཞེས་དགོས་པ་གསུངས་སོང་།

དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གྲོས་ཚོགས་ལས་ཉིན་གསུམ་པའི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་པའི་ཁྲོད། བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་སྨན་པ་དང་འཕྲོད་ལས་པ་མེད་པའི་དཀའ་ངལ་ཡོད་སྟབས་དཀའ་ངལ་དེ་སེལ་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ཙམ་མིན་པར་བོད་པའི་སྤྱི་ཚོགས་རང་གི་ངོས་ནས་ཐུགས་འགན་བཞེས་ཏེ་ཐབས་ལམ་ཚོལ་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་དེ་རིང་སྔ་དྲོ་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པ་འདིའི་ཐོག་སྤྱི་འཐུས་ཤིག་གིས་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྤེལ་བའི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཉིད་ཡིན་མིན་དང་། དེ་བཞིན་ནད་རིགས་སྔོན་འགོག་ཐད་ལས་འཆར་དང་ལས་རིམ་གང་ཡོད་མེད་བཅས་ཀྱི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་བཀའ་བློན་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའིསྤྱི་ཚོགས་ཁྲོད་སྤེལ་བའི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་གཅིག་པོ་མིན་པ་དང་། ནད་རིགས་སྔོན་འགོག་སླད་འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུའི་ལས་རིམ་དང་ཀྲི་བི་ནད་གཞིའི་སྔོན་འགོག་དང་སྨན་བཅོས། འཕྲོད་བསྟེན་སློབ་གསོ་དང་སྦྱོང་བརྡར། གཞན་ཡང་གཉན་ནད་རེག་དུག་སྔོན་འགོག་དང་ལྟ་སྐྱོང་སོགས་ཀྱི་ལས་འཆར་མང་པོ་ཞིག་གི་ཐོག་ལ་ལག་བསྟར་གང་ལེགས་ཞུས་དང་ཞུ་མུས་ཡིན་པ་གསུངས་སོང་། འཕྲོད་བསྟེན་གྱི་ནད་རིགས་སྔོན་འགོག་གི་ལས་འཆར་ལས་བོད་མིའི་གཞིས་ཁག་ཏུ་ཁྱིམ་ཚང་རེ་རེར་འཕྲོད་ལས་པ་ཆེད་བསྐྱོད་ཀྱིས་སློབ་གསོ་དང་བརྟག་དཔྱད་བཅས་གནང་གི་ཡོད་ཀྱང་། བོད་མིའི་གཞིས་སྒར་ཁག་མང་པོའི་ནང་ད་དུང་ཡང་འཕྲོད་ལས་པ་མེད་པའི་དཀའ་ངལ་དེ་མུར་ཡོད་སྐོར་བཀའ་འདྲི་ཞུས་པར། བཀའ་བློན་མཆོག་གིས་ས་གནས་ཁག་ཅིག་གི་ནང་ལ་ད་དུང་ཡང་འཕྲོད་ལས་པ་མེད་པའི་དཀའ་ངལ་གཏན་གཏན་འཕྲད་བཞིན་པར་ངོས་འཛིན་ཞུས་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ས་གནས་དེ་དག་ནང་འཕྲོད་བསྟེན་པ་གང་ཐུབ་ཅི་ཐུབ་ཀྱིས་ཆེད་གཏོང་བྱ་རྒྱུར་འབད་བརྩོན་གནང་དང་གནང་མུས་ཡིན་པ་མ་ཟད། ཉེ་བའི་ཆར་ས་གནས་ཐག་རིང་ཁག་ཏུ་ཆེད་དུ་དམིགས་ཏེ་འཕྲོད་ལས་པ་ཆེད་གཏོང་གིས་བོད་མིར་བརྟག་དཔྱད་གནང་པ་དང་། དེ་དག་གི་གྲངས་ཐོ་བསྡུ་ལེན་བྱས་པ་དང་ནད་རིགས་སྔོན་འགོག་ཡོང་ཐབས་ཀྱི་དམིགས་ཚད་ངེས་ཅན་ཞིག་འཛིན་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། ལྷག་པར་དུ་སྔ་དྲོའི་ཚོགས་ཐུན་དེའི་སྐབས་སྤྱི་འཐུས་འགའ་ཞིག་གིས་ཀྱང་ས་གནས་སྨན་ཁང་ཁག་ལ་ད་ཆ་སྨན་པ་མ་འདང་བའི་རྒྱུ་མཚན་གང་ཡིན་དང་དཀའ་ངལ་དེ་སེལ་ཐབས་སླད་འཆར་གཞི་གང་ཡོད་དམ་ཞེས་དང་། ཁོར་ཡུག་གཙང་བཟོ་གནང་ཐབས་ལ་འབད་པ་གང་གནང་ཡོད་མེད་བཅས་ཀྱི་ཐད་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་བོད་རིགས་སློབ་མ་ཉུང་ཤས་མ་གཏོགས་མང་དག་ཞིག་སྨན་པའི་ཡིག་རྒྱུགས་མ་འཕྲོད་པ་དང་། དེ་མིན་གསོལ་ཕོགས་དང་མཐུན་རྐྱེན་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ས་གནས་ཁག་གི་ནང་སྨན་པ་འདང་ངེས་ཤིག་ཡོང་ཐུབ་ཀྱི་མེད་སྐོར་གསུངས་སོང་བ་དང་། དཀའ་ངལ་ཡོད་པ་དང་དཀའ་ངལ་དེ་སེལ་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ཙམ་མིན་པར་བོད་པའི་སྤྱི་ཚོགས་རང་གི་ངོས་ནས་ཐུགས་འགན་བཞེས་ཏེ་ཐབས་ལམ་ཚོལ་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་རེད།

Li Keqiang རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་བྱེད་པར་ས་གནས་བོད་མིས་ངོ་རྒོལ།

རྒྱ་ནག་གི་སྲིད་བློན་ Li Keqiang ཡིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་བྱེད་པར་ཁུལ་དེར་བཞུགས་ས་གནས་བོད་མི་རྣམས་ནས་དེར་ངོས་ལེན་ནམ་ཡང་མེད་པའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད། ཁ་སང་ཟླ་ ༩ ཚེས་ ༢༡ ཉིན་རྒྱ་ནག་གི་སྲིད་བློན་ Li Keqiang ཨ་རིའི་གྲོང་ཁྱེར་ New York ནང་ལ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༡ ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གི་སླད་བསྐྱོད་པ་དང་བསྟུན། ཁུལ་དེར་ཆགས་པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ས་གནས་བོད་མི་བརྒྱ་སྐོར་ལྷག་གིས་སྲིད་བློན་ Li Keqiang ཨ་རིའི་ནང་ལ་ཡོང་བར་ཆ་རྐྱེན་ཚང་མེད་པ་དང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་མར་མཚམས་འཇོག་དགོས་པ། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་མ་ཟད། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བཀྲིན་བསྐྱང་བཅུག་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འདྲ་མིན་བསྣམས་ཏེ་སྲིད་བློན་ Li Keqiang ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་འདུག      འདི་ག་རླུང་འཕྲིན་ཁང་ལ་ལས་འགུལ་གོ་སྒྲིག་གནང་མཁན་ནིའུ་ཡོག་དང་ནིའི་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྐལ་ལྡན་ལགས་ཀྱིས་མི་མང་ལས་འགུལ་འདི་ནི་རྐང་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བཀྲིན་བསྐྱང་བཅུག་དགོས་པ་སོགས་ཀྱི་ཐད་ངོ་རྒོལ་ཤུགས་ཆེ་གནང་ཡོད་སྐོར་གསུངས་པ་དང་། ད་ལན་གྱི་ལས་འགུལ་དེ་ཡང་ཚགས་ཚུད་པོ་བྱུང་སོང་ཞེས་གསུངས་ཀྱི་འདུག དེ་མཚུངས་སུ་བོད་མི་རྣམས་ནས་རྒྱལ་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་གཞུང་གིས་བོད་ནང་ལ་ཆེས་སྡུག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་གཙོས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་གཟིགས་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག གཞི་རྩའི་ཟླ་ ༩ ཚེས་ ༡༣ ཉིན་ནས་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་ནང་དུ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༡ པ་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ནས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་སོགས་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་གནང་གི་ཡོད་པ་རེད། འོན་ཀྱང་ཁ་སང་ཚེས་ ༢༡ ཉིན་རྒྱ་ནག་གི་སྲོད་བློན་  Li Keqiang ཡིས་གཏམ་བཤད་ནང་རྒྱ་ནག་རྒྱ་གི་དཔལ་འབྱོར་གནས་བབ་དང་རྒྱལ་སྤྱིའི་ཚོང་ལས་སྲ་བརྟན་སྐོར་གླེང་པ་ལས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆབ་སྲིད་ཀྱི་དཀའ་ངལ་ཇི་ཡོད་བཅས་ཀྱི་ཐོག་ལ་གཏམ་ཟུར་ཙམ་ཡང་གླེང་མེད་པ་རེད།

སྤྱི་འཐུས་རྣམ་པས་སྲིད་སྐྱོང་མཆོག་ལ་འབྲེལ་མོལ་སྐོར་དཀའ་གནད་ཅན་གྱི་དྲི་བ་མང་དག་ཞུས་པ།

དེ་རིང་ཟླ་ ༩ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ནང་བོད་རྒྱ་འབྲེལ་མོལ་དང་༸གོང་ས་མཆོག་བོད་ལ་གདན་ཞུའི་སྐོར་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་བཀའ་ལན་གནང་སྐབས། བཀའ་ཤག་ནས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་འབད་བརྩོན་ཞུ་གལ་ཆེ་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་གསུངས་པ་དང་། བོད་རྒྱ་འབྲེལ་མོལ་ཡོང་སླད་འཆར་གཞི་ལྡན་པའི་ཐོག་ནས་སྔར་ལྷག་འབད་བཙོན་གནང་མུས་ཡིན་པ་གསུངས་གནང་སོང་། རྩ་བའི་དེ་རིང་སྔ་དྲོ་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པ་འདིའི་ཐོག་སྲིད་སྐྱོང་མཆོག་ལ་བོད་རྒྱ་ཞི་མོལ་གྱི་ལམ་ནས་དུས་ཡུན་རིང་པོ་མ་འགོར་བར་བོད་དོན་བདེན་མཐའ་གསལ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཡོད་དམ་ཞེས་དང་། དེ་བཞིན་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་འབད་བཙོན་གནང་རྒྱུ་ཡིན་སྐོར་གསུངས་པ་དེ། གནས་གཟིགས་ཙམ་ལ་གོ་བ་ཡིན་ནམ། བོད་དོན་བདེན་མཐའ་གསལ་ནས་བོད་ལ་གདན་འདྲེན་ཞུ་བ་ཞིག་ལ་གོ་བ་ཡིན། ད་ལྟའི་ཆར་གནད་དོན་དེ་ལ་རེ་བ་ཅུང་ཙམ་རེ་གཟིགས་ཀྱི་ཡོད་དམ་ཞེས་སྐར་རྟགས་ཅན་གྱི་དྲི་བ་གཉིས་ཕུལ་སོང་བ་མ་ཟད། དྲི་བ་དེ་དག་དང་དེ་བཞིན་སྲིད་སྐྱོང་མཆོག་གིས་བཀའ་ལན་ལས་འཕྲོད་ནས་སྤྱི་འཐུས་ཁག་ཅིག་གིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་དང་། འབྲེལ་མོལ་བསྐྱར་མཐུད་ཡོང་སླད་ད་བར་འཛིན་སྐྱོང་གིས་གང་གནང་ཡོད་མེད་དང་། མ་འོངས་པར་འབྲེལ་མོལ་ཡོང་བའི་རེ་བ་གསར་པ་གཟིགས་མིན་དང་རེ་བའི་འབྱུང་གཞི་ཇི་གཟིགས་སོགས་ཀྱི་ཐད་ལ་དཀའ་ཅན་གྱི་བཀའ་འདྲི་མང་དག་ཅིག་ཞུས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་རྒྱ་འབྲེལ་མོལ་ཡོང་མིན་གཙོ་བོ་རྒྱ་གཞུང་གི་འགོ་ཁྲིད་ཚོའི་ཆོད་སེམས་ལ་རག་ལུས་ཡོད་པ་གསུངས་པ་དང་སྦྲགས། བཀའ་ཤག་ནས་དེ་སྔ་བཞིན་དབུ་མའི་ལམ་གྱི་ཐོག་ནས་༸གོང་ས་མཆོག་གི་༸སྐུ་ཚབ་དང་རྒྱ་གཞུང་དབར་འབྲེལ་མོལ་དང་། དེ་རྗེས་ཞི་མོལ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་སུ་འབད་བརྩོན་སྔར་ལྷག་མེད་ནའང་སྔར་ལྟར་གནང་མུས་ཐོག་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུའི་རེ་བ་གཟིགས་གནང་གི་ཡོད་པ་དེ་ལྟར་ཡང་། བོད་མི་ལྟར་འཚེ་མེད་ཞི་བ་དང་འབྲེལ་མོལ་ཐོག་ནས་འཐབ་རྩོད་གནང་མཁན་གཞན་ཚོའི་རེ་བ་ཁག་གྲུབ་ཡོད་པ་གསུངས་ཡོད་པ་རེད། ད་དུང་འབྲེལ་མོལ་དང་འབྲེལ་ཏེ་སྤྱི་འཐུས་ཤིག་གིས་ཉིན་ཤས་སྔོན། དེ་སྔའི་༸གོང་ས་མཆོག་གིས་དམིགས་བསལ་༸སྐུ་ཚབ་སྐལ་བཟང་རྒྱལ་ཚོགས་ལགས་ནས་བཀའ་ཤག་ནས་འབྲེལ་མོལ་ཡོང་རྒྱུར་སྒུག་ནས་མ་བཞུགས་པར་འཆར་གཞི་ལྡན་པའི་ཐོག་ནས་ཕྱག་ལས་གནང་དགོས་གལ་ཡིན་སྐོར་གསུངས་ཡོད་པ་ལུང་འདྲེན་དང་སྦྲགས། ཁོང་གིས་གསུངས་པ་དེ་ལས་བཀའ་ཤག་གི་གྲ་སྒྲིག་དེ་ཙམ་ཡག་པོ་མེད་པར་ཐེ་ཚོམ་བྱུང་གི་ཡོད་པ་བཀའ་འདྲི་ཞུས་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་གིས་དམིགས་བསལ་སྐུ་ཚབ་རྣམ་པ་གཉིས་ ༢༠༡༢ ལོ་ནས་རྩ་དགོངས་ཞུས་རྗེས། ཉེ་བའི་ཆར་འཛིན་སྐྱོང་ནས་སྐུ་ཚབ་མེད་པའི་ཐོག་ནས་འབད་བརྩོན་གནང་པའི་གནས་ཚུལ་ཁག་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་མཁྱེན་གྱི་མེད་པ་ངོས་འཛིན་གནང་ཡོད་ཅེས་གསུངས་སོང་བ་མ་ཟད། ལྷག་པར་དུ་འཛིན་སྐྱོང་ནས་འབྲེལ་མོལ་ཡོང་སླད་འཆར་གཞི་དང་ལྡན་པའི་ཐོག་ནས་འབད་བཙོན་གནང་མུས་ཐོག་རྒྱབ་སྐྱོར་ཡང་ཐོབ་ཡོད་སྐོར་གསུངས་གནང་སོང། མུ་མཐུད་དྲི་བ་ཕེབས་པའི་ནང་སྲིད་སྐྱོང་མཆོག་གིས་འབྲེལ་མོལ་ཡོང་མིན་དེ་རྒྱ་གཞུང་གི་ཆོད་སེམས་ལ་རག་ལུས་ཡོད་པ་གསུངས་ན། བཀའ་ཤག་སྐབས་༡༣པའི་སྐབས་འབྲེལ་མོལ་བྱུང་བ་དང་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་༡༤པའི་སྐབས་ལ་འབྲེལ་མོལ་ཡོང་མ་ཐུབ་པར་འཕར་བབ་བྱུང་དགོས་པའི་རྒྱུ་མཚན་གཙོ་བོ་ཇི་ཡིན་བཀའ་འདྲི་ཞུས་སོང་བས། སྐབས་སྲིད་སྐྱོང་མཆོག་གིས་འབྲེལ་མོལ་དེ་བཀའ་ཤག་སྐབས་༡༣རང་ནས་ཆད་ཡོད་པ་བཀའ་ལན་གནང་ཡོད་པ་རེད། དེ་བཞིན་སྐབས་དེར་སྤྱི་འཐུས་འགས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཐད་སྲིད་སྐྱོང་མཆོག་ནས་ད་བར་ཐབས་ཤེས་འབད་བཙོན་ཇི་གནང་གསུང་དགོས་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་མགོན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ནི་བོད་མིའི་མངོན་འདོད་ལྟར་འཛིན་སྐྱོང་གིས་འབད་བརྩོན་ཞུ་གལ་ཆེ་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་གསུངས་ཡོད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་སྔ་དྲོའི་ཚོགས་ཐུན་སྐབས་གྲོས་ཚོགས་འཐུས་མི་རྣམ་པས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་སྐོར་དང་། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་དང་འབྲེལ་ཆབ་སྲིད་ཀྱི་གནད་དོན་གལ་ཆེའི་སྐོར་ལ་དཀའ་གནད་ཅན་གྱི་དྲི་བ་མང་དག་ཕེབས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་བཀའ་ཤག་ནས་བཀའ་ལན་གནང་ཐུབ་པ་དང་ཆོག་པ་ཁག་ཞུས་ཡོད་པ་ལས། འགྲོ་ལུགས་ཀྱི་ཆ་ནས་གནད་དོན་ཆ་ཚང་ཕྱི་གསལ་ནང་གསལ་གནང་ཚེ་ཕན་ལས་གནོད་ཆེ་ཉེན་ཡོད་པ་དཔེ་མཚོན་དང་སྦྲགས་འདི་ལྟར་གསུངས་ཡོད་པ་རེད། གཞི་རྩ་བའི་ཕྱོ་ལོ་༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་པ་དང་། དེ་ཡང་སྐབས་དེའི་༸གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཡོ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ནས་སྣེ་འཁྲིད་གནང་ཡོད། འོན་ཀྱང་འདས་པའི་ལོ་ལྔ་ལྷག་ནས་འབྲེལ་མོལ་དེ་ཆད་ནས་བསྐྱར་གསོ་མ་བྱུང་བར་ལྷག་ཡོད་པ་རེད།

༸གོང་ས་མཆོག་པོ་ལན་ཌི་ནང་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ།

དེ་རིང་ཟླ་ ༩ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་པོ་ལན་ཌིའི་ Wroclaw གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༥༠ སར་ཆགས་པའི་ Swidnica གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་བདེའི་ལྷ་ཁང་  Church of Peace ཞེས་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང། ཚན་རིག་བཅས་ཀྱི་ལྷན་ཚོགས་འཛམ་གླིང་གཅེས་ནོར་དུ་ངོས་འཛིན་ཡོད་པའི་ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་གྱིས་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཞི་བདེ་ཉིན་མོ་ International day of Peace དང་བསྟུན། Appeal for Peace ཞེས་ཡི་ཤུའི་བླ་ཆེན་ Pope Francis མཆོག་གིས་སྣེ་ཁྲིད་པའི་འཛམ་གླིང་གོ་ཁྲིད་རྣམས་ལ་རྩོད་རྙོག་མཚམས་འཇོག་དང་ཞི་བདེའི་གོང་འཕེལ་ཐོག་ཤུགས་སྣོན་སྐྱོན་དགོས་པའི་སྤྱི་བསྒྲགས་ཐོག་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་གནང་མཛད་འདུག ༸གོང་ས་མཆོག་གིས་ Swidnica གྲོང་ཁྱེར་ནང་དུ་ཆིབས་སྒྱུར་མ་མཛད་གོང་སྔ་ཐོག་ཚོུད་ ༨ སྟེང་ Wroclaw ནང་ཡོད་པའི་བོད་རིགས་ ༢༥ ཙམ་དང་སོག་པོའི་མི་རིགས་ ༢༠ སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་གནང་འདུག རྩ་བའི་༸གོང་ས་མཆོག་ནས་ཁ་སང་ཉིན་རྒྱབ་ཏུ་པོ་ལན་ཌིའི་ Wroclaw གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Rafal Dutkiewicz ལགས་དང་ལྷན་དུ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་ཉེ་འདབས་སུ་ཆགས་པའི་གྲོང་ཁྱེར་གྱི་འགྲེམས་སྟོན་ཁང་དུ། དེ་སྔ་དུས་རབས་ཉི་ཤུའི་མགོ་སྟོད་དུ་ཡུ་རོབ་གཅིག་སྒྲིལ་ཐོག་ཕྱག་ལས་གནང་མཁན་གཙོ་གྲས་དུས་དེའི་ཚེ་ Wroclaw གྲོང་ཁྱེར་གྱི་ཡི་ཤུའི་ཆོས་དཔོན་ Cardinal Boleslaw Kominek མཆོག་ལ་ཆེ་བསྟོད་ཞུ་ཕྱིར་གོ་སྒྲིག་ཞུས་པ་ Forgiveness and Reconciliation འམ་བཟོད་པ་དང་འཆམ་མཐུན་ཞེས་མིང་བྱང་འཁོད་པའི་འགྲེམས་སྟོན་གཟིགས་འབུལ་ཐོག་ཆིབས་སྒྱུར་དང་། དེར་བཅར་ཡོད་པའི་སློབ་ཕྲུག་ཁག་ཅིག་དང་མཇལ་འཕྲད་ཀྱིས་བཀའ་སློབ་བསྩལ་གནང་བའི་ཁྲོད། མགོན་པོ་མཆོག་གིས་དུས་རབས་ ༢༠ པའི་ནང་དུ་འཚེ་བ་དང་དྲག་སྤྱོད་ཀྱི་གནད་དོན་རྣམས་དྲན་སྐུལ་མཛད་པ་དང་སྦྲགས། གལ་སྲིད་དུས་རབས་ ༢༡ པ་དེ་ཞི་བདེ་ལྡན་པ་ཞིག་ཡོང་བ་འདོད་ཚེ། མ་འོངས་པར་དཀའ་ངལ་མཐའ་དག་སེལ་བར་དོན་དམ་གྱི་གྲོས་མོལ་དང་བཟོད་པ་དང་འཆམ་མཐུན་གྱི་ལམ་ནས་སེལ་དགོས་གལ་ཡིན་པ་བཀའ་སློབ་བཀྲིན་བསྩལ་འདུག་པ་མ་ཟད། ༸གང་ཉིད་མཆོག་གིས་ཡོ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་རྒྱལ་ཁབ་སྒེར་གྱི་ཁེ་ཕན་སླད་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསམ་བློ་ཤུགས་ཆེ་བ་བཏང་ནས་འཆམ་མཐུན་གྱི་འདུ་ཤེས་འཛིན་ཕྱོགས་ལ་སྔགས་བརྗོད་གནང་སྐོར་བསྐྱར་ནན་མཛད་འདུག མགོན་པོ་མཆོག་གིས་ཁུལ་དེའི་ Polityka བརྒྱུད་ལམ་གྱི་བཅར་འདྲི་ལས་རིམ་ཐོག་ལ་དབུ་བཞུགས་མཛད་འདུག་པ་དང། སྐབས་དེར་༸གང་ཉིད་མཆོག་བཙན་བྱོལ་དུ་ཇི་ཕེབས་ཚུལ་དང། ཕྱི་ལོ་ ༡༩༧༤ ནས་བཟུང་བོད་མིའི་ངོས་ནས་རང་བཙན་རྩོད་རྒྱུ་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་གནང་རྒྱུ་ཐུགས་ཐག་བཅད་གནང་ཡོད་པ་དང། སྲིད་བྱུས་དེར་རྒྱ་རིགས་མང་ཚོགས་ཁྲོད་ནས་ཤེས་ལྡན་མི་སྣ་མང་པོས་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་པ་བཅས་ཀྱི་སྐོར་ལ་བཀའ་བསྩལ་འདུག ༸གང་ཉིད་མཆོག་ལ་གནད་དོན་མང་དག་ཐོག་བཀའ་འདྲི་ཞུས་འདུག་ཀྱང་དེ་དག་ལས་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པ་རྣམས་དམར་བསད་བཏང་ཚེ། འཇིགས་སྐུལ་གྱི་དཀའ་ངལ་དེ་སེལ་ཐུབ་མིན་ཐད་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཁོ་ཚོ་དམར་བསད་བཏང་བ་ཡིན་ན། དཀའ་རྙོག་དེ་ལས་མང་བ་བཟོ་རྒྱུ་ཉག་ཅིག་ཡིན་སྟབས། དྲག་སྤྱོད་པར་མི་གཅིག་མཚུངས་ཡིན་པ་འདུ་ཤེས་འཛིན་པའི་ཐབས་ལམ་ཤིག་ཐོག་ནས་ངལ་བ་དེ་དག་སེལ་དགོས་གལ་ཡིན་པ་བཀའ་བསྩལ་འདུག དེ་བཞིན་ཁ་སང་ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་ Wroclaw གྲོང་ཁྱེར་གྱི་ History Center བསྟི་གནས་ཁང་དུ་མི་གྲངས་ ༢༥༠ ལྷག་འདུ་འཛོམས་ཡོད་པ་ལས་འཕལ་མོ་ཆེ་སློབ་ཕྲུག་ཡིན་སྟབས། དེ་དག་ལ་ད་སྐབས་འགྲོ་བ་མིའི་རིགས་ལ་དཀའ་ངལ་སྣ་མང་ཞིག་འཕྲད་བཞིན་ཡོད་པ་དང། དེའང་ང་ཚོས་ཕུགས་རྒྱང་རིང་པོའི་བསམ་བློ་གཏང་མ་ཐུབ་པ་དང། སྤྱི་ཡོངས་ཀྱི་དངོས་ཡོད་གནས་སྟངས་གང་མ་ཤེས་པས་གང་ཟག་སྒེར་གྱི་ཐོག་ལ་བསམ་བློ་ཤུགས་ཆེ་བཏང་བའི་དབང་གིས་བྱུང་བཞིན་ཡོད་པ་དང་། དེ་དག་སེལ་བར་མི་ཚང་མ་གཅིག་མཚུངས་ཡིན་པ་དྲན་གསོ་གནང་གལ་ཡིན་པ་སོགས་བཀའ་སློབ་གནང་འདུག སྐབས་དེར་སློབ་ཕྲུག་རྣམས་ནས་༸གོང་ས་མཆོག་ལ་ཕྱག་རྟགས་འབུལ་གཞེས་དང་༸སྐུ་པར་སོགས་སྒྲོན་པ་མ་ཟད། ༸གང་ཉིད་དང་ལྷན་དུ་དྲི་བ་དྲི་ལན་ཡང་གནང་འདུག འདི་གར་མཛད་འཆར་དང་འབྲེལ་ཡོད་གནས་ཚུལ་འབྱོར་བར་གཞིགས་ན། པོ་ལན་ཌི་ནང་གི་མཛད་འཆར་ཁྲོད་༸གོང་ས་མཆོག་གིས་༸སྐུའི་མཛའ་གྲོགས་ཡི་ཤུའི་ཆོས་དཔོན་ Desmond Tutu མཆོག་དང་ལྷན་དུ་ལྗགས་རྩོམ་གནང་པ་ Book of Joy འམ་དགའ་བའི་ཕྱག་དེབ་དབུ་བྱེད་དང་འབྲེལ་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་ལ་དབུ་བཞུགས་མཛད་ཀྱི་ཡོད་པ་རེད་འདུག མཛད་ཆར་ལྟར་ན། སང་ཉིན་ཚེས་ ༢༢ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་རྒྱ་གར་དུ་ཚུར་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

Latest news