Tibetan Royal Year of 2151 | Year of the Wood Dragon

2th Session of 16th TPiE

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་བཞུགས་སྤྱི་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ལྷན་བཞུགས་ཐོག་འདས་པའི་ཉིན་གྲངས་དགུ་རིང་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་ཚོགས་ཡོད་པ་ལྟར་དེ་རིང་ལས་རིམ་ཡོངས་སུ་མཇུག་སྒྲིལ་གནང་ཡོད་པརེད། དེ་རིང་ལས་ཉིན་མཐའ་མའི་སྐབས་ཉེ་སྔོན་ལས་ཉིན་གཉིས་པའི་སྐབས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁག་ཅིག་གིས་སྲིད་སྐྱོང་མཆོག་ལ་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་ཆབ་སྲིད། དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་དྲི་བ་མང་དག་ཕེབས་ཡོད་པར་བཀའ་ཤག་ནས་ལན་འདེབས་གསལ་བཤད་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་དང་འབྲེལ། ༸གང་ཉིད་མཆོག་ནི་ང་ཚོར་ཧ་ཅང་གི་བཀྲིན་ཆེན་པོ་ཆགས་ཡོད་པས་༸རྒྱལ་བའི་བཀྲིན་རྗེས་སུ་དྲན་པ་དང་སྦྲགས། འཛིན་སྐྱོང་གི་ངོས་ནས་༸གང་ཉིད་མཆོག་གི་༸སྐུ་ཕྱྭ་འི་གནད་དོན་དེ་ནི་གལ་ཆེ་ཤོས་སུ་ངོས་འཛིན་གནང་ཡོད་སྐོར་གསུངས་པ་དང་། ལྷག་པར་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཐོག་ལ་ད་བར་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་མཐུན་འགྱུར་སྔར་ལྷག་སྦྱར་དང་སྦྱོར་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་གནང་སོང་། ད་དུང་སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་དང་སྐུ་ཚབ་བསྐོ་གཞག་སྐོར། རྒྱ་ནག་ནང་གི་འགོ་ཁྲིད་འཕོ་འགྱུར་དང་རྒྱལ་སྤྱིའི་འགྱུར་འགྲོས། རྒྱ་གར་ནང་གི་བོད་མི་ཚོས་རྒྱ་གར་མི་སེར་ལག་དེབ་བཟོ་མིན་ཐད་བཀའ་ཤག་གི་བཞེངས་ཕྱོགས་སྐོར་ཡང་གསུངས་གནང་སོང་པ་མ་ཟད། ལྷག་པར་དུ་བཀའ་ཤག་ནས་བོད་དོན་ལས་འགུལ་སྤེལ་མཁན་ཚོར་མཐུན་འགྱུར་དང་རྒྱབ་སྐྱོར་ཞུ་ཕྱོགས་སྐོར་དྲི་བ་ཕེབས་པར་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་གི་ལམ་སྟོན་གཙོ་བོ་གསུམ་ཡོད་པ་དཔེ་མཚོན་དང་འབྲེལ་ནས་བཀའ་ནན་གནང་སོང། གཞན་ཡང་སྲིད་སྐྱོང་མཆོག་ནས་སྤྱི་འཐུས་འགའ་ཞིག་གིས་བཀའ་ཤག་ནས་བོད་ནས་ཕེབས་མཁན་གསར་འབྱོར་བ་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་གཟིགས་རྟོགས་གནང་གལ་ཡིན་པ་གསུངས་མཁན་རྣམས་ལ་གསལ་བཤད་གནང་སྐབས། འཛིན་སྐྱོང་ནས་གསར་འབྱོར་དང་རྙིང་འབྱོར་གྱི་དབྱེ་བ་མ་ཕྱེས་པར་བོད་མི་སུ་ལ་དཀའ་ངལ་འཕྲད་ཀྱང་གཅིག་མཚུངས་ཐོག་ནས་སེལ་ཐབས་གནང་གི་ཡོད་པ་ཞིབ་ཚགས་གསུངས་སོང་། ད་དུང་དེ་རིང་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་དབུ་འཛུགས་གནང་སྐབས་ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཐོག་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ཞེས་པ་ཞིག་བསྣམས་ཏེ། སྲིད་སྐྱོང་མཆོག་གིས་དེ་སྔ་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་ཕྱག་རོགས་བཀའ་བློན་རྣམ་པའི་མཚན་འདོན་གནང་སྐབས་བཀའ་བློན་གྱི་འོས་མི་རྣམ་པའི་དང་བླང་དཔྱ་དངུལ་ལག་དེབ་བཏོན་མེད་པའི་གནད་དོན་དང་འབྲེལ། གྲོས་ཚོགས་དབུ་སྐོར་བཏང་ཡོད་པ་གསུངས་པའི་ཐད་ལ་ལན་འདེབས་གནང་སྐབས། སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས་སྐབས་ཐོག་དེ་གར་ལས་རིམ་རྣམ་གཞག་བཏོན་པ་དང་སྦྲགས། སྲིད་སྐྱོང་མཆོག་ནས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་ལན་འདེབས་གནང་ཆོག་གི་མེད་ཅིང་། གལ་ཏེ་དེ་ལྟར་གནང་ཚེ་ཁོང་ལའང་བགྲོ་གླེང་གི་གོ་སྐབས་གཅིག་མཚུངས་དགོས་པའི་གནས་ཚུལ་བྱུང་མཐར། སྲིད་སྐྱོང་མཆོག་གིས་ཡིག་ཆ་དང་བཅས་གྲོས་ཚོགས་ནང་ཁོང་གིས་བཀའ་བློན་གྱི་འོས་མི་བཏོན་གནང་པ་དེ་དག་བཀའ་ཤག་གོང་མའི་འོས་ཆོས་ལྟར་བཏོན་པ་ལས་གྲོས་ཚོགས་ལ་དབུ་སྐོར་ཞུས་མེད་པ་འགྲེལ་བརྗོད་གནང་སོང། འོན་ཀྱང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ནས་དེའི་ཐོག་ལན་འདེབས་གནང་སྐབས་སྲིད་སྐྱོང་མཆོག་གིས་སྐབས་དེར་གྲོས་ཚོགས་སུ་བཀའ་བློན་གྱི་འོས་མིག་ཚང་མ་འོས་ཆོས་ཚང་བ་ཡིན་པར་འགྲེལ་བརྗོད་གནང་ཡང། བཀའ་བློན་དུ་མཚན་བཏོན་གནང་པའི་སྤྱི་ཟུར་ཞིག་རྗེས་སུ་བཀའ་བློན་ནས་ཕྱིར་འཐེན་གནང་དགོས་བྱུང་བ་དེ་གྲོས་ཚོགས་ལ་དབུ་སྐོར་བཏང་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་སྲིད་སྐྱོང་མཆོག་གིས་དེ་སྔའི་གྲོས་ཚོགས་སུ་སྐབས་དེའི་དབུས་གཙང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཀའ་བློན་དུ་མཚན་བཏོན་གནང་སྐབས་ཁོང་ལ་གྲོས་ཚོགས་ནང་མང་མོས་ཐོག་རྒྱབ་སྐྱོར་ཐོབ་ཡོད་པ་རེད། འོན་ཀྱང་རྗེས་སུ་གསར་འགྱུར་བརྒྱུད་ལམ་ཐོག་བཀའ་བློན་གྱི་འོས་མིག་དེ་ཉིད་བཅའ་ཁྲིམས་གཞིར་བཟུང་ལོ་ ༣༥ ཧྲིལ་པོ་ལོན་མེད་པ་མངོན་གསལ་བྱུང་རྗེས། དེའི་ཕྱི་ཉིན་ཁོང་བཀའ་བློན་གྱི་མཚན་གནས་ནས་ཕྱིར་འཐེན་གནང་ཡོད་པ་དང། ད་རེས་ཐེངས་འདིའི་གྲོས་ཚོགས་ཐོག་སླར་ཡང་ཁོང་བཀའ་བློན་དུ་མིང་འདོན་གནང་ཡང་མང་མོས་རྒྱབ་སྐྱོར་ཐོབ་མེད་པ་རེད། དེ་རིང་སྲིད་སྐྱོང་མཆོག་གིས་གསལ་བཤད་ཀྱི་མཐའ་མར་ད་རེས་གྲོས་ཚོགས་འདིའི་ནང་བེུད་ཀྱི་བཀའ་བློན་འོས་མི་གཅིག་ལ་བཀའ་འཁྲོལ་བྱུང་མེད་ནའང། སླང་ཡང་བེུད་གཅིག་བསྣམ་རྒྱུའི་རེ་བ་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་སོང་། བཀའ་ཤག་གི་གསལ་བཤད་གྲུབ་བསྟུན་དེ་རིང་གི་ལས་རིམ་མཐའ་མ་དེར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུངས་བཤད་གནང་སོང་བ་དང། སྐབས་དེར་ཚོགས་གཙོ་མཆོག་གིས་ད་རེས་གྲོས་ཚོགས་འཐུས་མི་རྣམ་པ་ཡོངས་ནས་ལས་བསྡོམས་ཁག་གཙོས་པའི་སྤྱི་ཡོངས་ལས་རིམ་ཐོག་ལ་བགྲོ་གླེང་ལྷུག་པོ་དང་མང་གཙོ་འགྲོ་སྟངས་ཚད་དང་ལྡན་པ་ཞིག་བྱུང་ཡོད་པ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་སོང་བ་དང་དུས་མཉམ། གྲོས་ཚོགས་ནང་སྐབས་རེ་སྤྱི་འཐུས་ནང་ཕུན་ཚིག་རྒྱག་འཕེན་རེ་དང་སྤྱོད་ལམ་བསྟན་ཕྱོགས་ཀྱི་ཆ་ནས་ཐུགས་འཚབ་བྱུང་ཡོད་སྟབས། མ་འོངས་པ་ན་འགན་འཁུར་ཡོད་པ་གནང་གལ་ཡིན་པ་ལམ་སྟོན་གནང་ཡོད་པ་རེད། གཞན་ཡང་ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ནང་ཤེས་རིག་སྐོར་དང་འབྲེལ་བོད་ཀྱི་སྐད་ཡིག་ཐོག་ལ་ཚོར་བ་ཆེན་པོས་བགྲོ་གླེང་ཤུགས་ཆེ་བྱུང་གནང་སྐོར་གསུངས་པ་དང་ཆབས་ཅིག མ་འོངས་པར་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་འགན་མི་རེ་ངོ་རེ་དང་ཁྱིམ་ཚང་། དེ་བཞིན་སྤྱི་ཚོགས་ཧྲིལ་པོ་ལ་ཡོད་པ་གསུངས་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་གྲོས་ཚོགས་དེ་བཞིན་ལས་བསྡོམས་གྲོས་ཚོགས་ཆགས་ཡོད་པ་ལྟར་གྲོས་ཚོགས་ཀྱི་ལས་ཉིན་དགུ་པོའི་དུས་ཚོུད་མང་ཆེ་བ་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་སོ་སོའི་ཕྱི་ལོ་ ༢༠༡༥་༡༦ ལོའི་ལོ་འཁོར་ལས་བསྡོམས་སྤྱིའི་ཐོག་ལ་བཏང་གནང་སོང་བ་དང་། གཞན་ཡང་ལས་རིམ་ཁྲོད་བོད་ནང་གི་ཛ་དྲག་གནང་སྟངས་སོགས་ཀྱི་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། བཀའ་ཤག་ནས་དམིགས་བསལ་ལས་བྱེད་བསྐོ་གཞག་སོགས་གཞུང་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་སོགས་ཀྱང་ཕེབས་ཡོད་པ་རེད།

བླ་སྨན་པའི་དམིགས་ཚད་གཟུང་པར་སྨན་ཁང་ཁག་ཏུ་སྨན་པ་བཞུགས་རོགས་བྱེད་ཀྱི་མི་འདུག་ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་ཁྲོད་ནས་ཕྱི་ལུགས་སྨན་གྱི་བླ་སྨན་པའི་དམིགས་ཚད་གཟུང་པར་སྨན་ཁང་ཁག་ཏུ་སྨན་པ་བཞུགས་རོགས་བྱེད་ཀྱི་མེད་སྟབས་དེར་དམིགས་ཚད་ཟིན་ས་མི་འདུག་ཅེས་གསུངས་སོང་། དེའང་ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པའི་ཕྱི་དྲོ་ཚོགས་ཐེངས་ཐོག་གྲོས་ཚོགས་སུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཡོད་པ་མ་ཟད། སྤྱི་འཐུས་རྒྱུན་ལས་ཀྱི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞི་དང། སྨྱོ་རྫས་ངན་གོམས་སྔོན་འགོག་ལས་འཆར། མཆིན་པའི་གཉན་ཚད་ཀྱི་བརྟག་དཔྱད་ལས་འཆར། འཕྲོད་བསྟེན་སྔོན་འགོག་སོགས་ཀྱི་ལས་འཆར་འདྲ་མིན་ཐོག་ལ་དོགས་འདྲི་ ༡༣ ཕེབས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་རྒྱུན་ལས་ཀྱི་ལས་བསྡོམས་སྙན་ཐོར་ཞིབ་འཇུག་གིས་དགོས་འབུལ་དོགས་དྲིས་ཁག་ ༡༣ དང་འབྲེལ་ཏེ་སྤྱི་འཐུས་འཐུས་ ༡༢ ནས་བགྲོ་གླེང་གི་ཆ་ཤས་བླངས་སོང་བ་དང།  གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྨན་པ་ཉུང་དྲག་པའི་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར་སྐུའི་ཕྱི་ལུགས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང། དེ་བཞིན་སྨན་རྩིས་ཁང་གི་སྐུའི་བོད་ལུགས་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ལོ་མང་རིང་རང་རེའི་སྤྱི་ཚོགས་ནང་བླ་སྨན་པའི་ཞབས་ཞུའི་མཛད་རྗེས་རླབས་པོ་ཆེ་བསྐྱངས་དང་སྐྱོང་བཞིན་ཡོད་པར་བསྔགས་བརྗོད་དང། བོད་པའི་སྨན་པ་གཞན་ཚོའི་དམིགས་དཔེ་ལྟ་ཡུལ་ཞིག་ཡིན་པ་སོགས་གསུངས་ཏེ་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་དགོས་པའི་དགོངས་ཚུལ་གནང་སོང་། སྤྱི་འཐུས་ལ་ལས་བོད་མིའི་སྤྱི་ཚོགས་ཁྲོད་ནས་ཕྱི་ལུགས་སྨན་གྱི་བླ་སྨན་པ་ཐོན་པར་དམིགས་ཚད་ཡོད་མེད་ཐད་བཀའ་འདྲི་ཞུས་པར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་ཁྲོད་ནས་ཕྱི་ལུགས་སྨན་གྱི་བླ་སྨན་པའི་དམིགས་ཚད་གཟུང་པར་སྨན་ཁང་ཁག་ཏུ་སྨན་པ་བཞུགས་རོགས་བྱེད་ཀྱི་མེད་སྟབས་དེར་དམིགས་ཚད་གཟུང་ས་མི་འདུག་ཅེས་གསུངས་སོང་། གཞན་ཡང་སྤྱི་འཐུས་ཁག་ཅིག་གིས་ཉེ་སྔོན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུས་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་མོ་ཊ་དང་བཅས་པ་འབོར་བརླག་ཤོར་བའི་གནད་དོན་དེ་དངོས་ཡིན་དང་ད་ལྟའི་ཆར་གནས་སྟངས་ཇི་ཆགས་ཀྱི་དོགས་འདྲི་གནང་མཁན་བྱུང་པ་རེད། ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་ས་གནས་ཁག་གི་འཕྲོད་བསྟེན་སྨན་ཁང་ཚད་ལྡན་ཡོང་སླད་དང། མཆིན་པའི་གཉེན་ཚད་དང། གཉེན་ནད་རེག་དུག་གི་ནད་པར་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་ཕྱོགས་དང། དེ་བཞིན་བོད་མིའི་སྤྱི་ཚོགས་དེ་ NO Tobacco འམ་དུག་ཐག་མེད་པའི་ཁོར་ཡུག་བསྐྲུན་རྒྱུ་སོགས་ཀྱི་ཐད་ལའང་གཞེན་སྐུལ་ཡང་གནང་ཡོད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ལ་གཞིགས་ཡིན་ན། ༢༠༡༥ ཟླ་ ༤ ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་སྨན་བཅོས་རོགས་རམ་བརྒྱ་ཆ་ ༧༠ སྤྲོད་རྒྱུ་བྱས་རྗེས་འདས་ལོར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་མཁན་ ༡༩༦༤༥ བྱུང་འདུག་པ་དང་།  དེ་བཞིན་ ༢༠༡༥ ༌༌ ༡༦ བར་གཉེན་ནད་རེག་དུག་ནད་པ་གྲངས་ ༣༨ ལ་མཐུན་འགྱུར་སྦྱོར་ཐུབ་པ་བྱུང་ཡོད་པ་མ་ཟད། ནད་གཞི་དེ་སྔོན་འགོག་དང་སྨན་བཅོས་ཆེད་ཧིན་སྒོར་ ༡༤༤༦༠༥༧ འགྲོ་སོང་བཏང་འདུག གཞན་ཡང་ད་ལྟའི་ཆར་ད་བར་འཕྲོད་བསྟེན་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་བོད་མིའི་སྤྱི་ཚོགས་ཁྲོད་སྨྱོས་རྫས་ངན་གོམས་ཡོད་པའི་གྲངས་ཚད་དེ་  ༢༤ ཆགས་ཀྱི་འདུག

རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་པ།

བོད་མིའི་སྒྲིག་འཛུགས་དང་བོད་མིའི་འཐབ་རྩོད་ཐོག་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བརྒྱད་པའི་ཐོག་ཟུང་ཉན་དུ་ཕེབས་སོང་བ་དང་། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་སྤྱི་འཐུས་གྲོས་ཚོགས་དེ་བཞིན་ཁྲིམས་སྒྲིག་གཞི་ལྟར་ཞི་འཇམ་པོའི་ཐོག་ནས་སྐྱོད་བཞིན་པར་བསྔགས་བརྗོད་དང་སྦྲགས། བཙན་བྱོལ་བོད་གཞུང་དང་གྲོས་ཚོགས་ཚགས་ཚུད་ངང་སྐྱོད་བཞིན་པར་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་གསུངས་གནང་སོང། སྐབས་དེར་ད་དུང་ཁོང་གིས་བཙན་བྱོལ་བོད་གཞུང་དང་གྲོས་ཚོགས་གཉིས་པོ་ཚགས་ཚུད་ལམ་ལྷོང་ལྡན་པའི་ངང་སྐྱོད་བཞིན་པ་དེ་ནི་དངོས་གནས་འཛམ་གླིང་རྒྱལ་ཁབ་གང་དུ་མེད་པ་ཐོུང་མ་ཡིན་པ་ཞིག་ཆགས་ཡོད་པ་རེད། དེ་ཡང་གཙོ་བོ་སྤྱི་ཁྱབ་འོས་བསྡུ་ལས་ཁང་དང་མང་ཚོགས་ཀྱི་འགན་འཁུར་ལ་བརྟེན་ནས་བྱུང་བ་ཡིན་སྟབས། དེ་རིང་གི་གོ་སྐབས་འདིའི་བརྒྱུད་ནས་བོད་མི་ཡོངས་ལ་འཚམས་འདྲི་ཡོད་བཅས་གསུངས་གནང་ཡོད་པ་རེད། རྩ་བའི་སྐུ་ཞབས་ཤན་ཏཱ་ཀུ་མཱར་མཆོག་དེ་རིང་ཉིན་རྒྱབ་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་སྐབས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་བཞུགས་སྤྱི་འཐུས་རྣམ་པ་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་སྐུ་བཞེངས་ཀྱིས་ཁོང་ལ་ཆེ་བསྟོད་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་སུ་རྒྱ་གར་དང་ཕྱི་རྒྱལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་ཁག་ཅིག་ཟུར་ཉན་དུ་ཕེབས་བཞིན་པའི་གལ་གནད་སྐོར་ལ་སྤྱི་འཐུས་གཉིས་ལ་བཅར་འདྲི་ཞུས་སྐབས་དེ་ནི་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་། གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་དུས་ཡུན་མང་ཆེ་བ་དེ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༥་༡༦ ལོའི་ལོ་འཁོར་ལས་བསྡོམས་ཐོག་ལ་བཏང་གནང་བ་དང་། དེ་ཡང་གྲོས་ཚོགས་འཐུས་མི་རྣམས་ནས་ལས་བསྡོམས་ཐོག་ལ་དོགས་འདྲི་དང་བགྲོ་གླེང་གནང་པའི་ཁྲོད་རྒྱ་རིགས་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་དང་། དབུ་མའི་ལམ་གྱི་གོ་རྟོགས་དང་དྲིལ་བསྒྲགས་ལས་འགུལ་སྐོར། དེ་བཞིན་དྲིལ་བསྒྲགས་ལས་ཁུངས་ཀྱི་བོད་རྒྱ་དབྱིན་གསུམ་གྱི་གསར་འགྱུར་འདོན་སྤེལ་སོགས་ཀྱི་ཐད་ལ་དོགས་འདྲི་ཁག་ཅིག་ཕེབས་ཡོད། སྐབས་དེའི་བགྲོ་གླེང་གནང་སྐབས་ཕྱི་འབྲེལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་སྐོར་དང་འབྲེལ་སྤྱི་འཐུས་གཅིག་གིས་སྐུ་ཚབ་དོན་གཅོད་བསྐོ་གཞག་གནང་རྒྱུའི་སྐུ་དབང་སུ་ལ་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ནས་སྐུ་ཚབ་དོན་གཅོད་བསྐོ་གཞག་གནང་རྒྱུའི་སྐུ་དབང་དེ་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གཉིས་མོས་མཐུན་ཡོད་པའི་ཐོག་ནས་གནང་གི་ཡོད་པ་གསུངས་གནང་སོང་།

བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ད་བར་གསང་བ་གཅིག་ཀྱང་ཕྱི་ལ་ཤོར་མེད་ཅེས་གསུངས་པ།

དེ་རིང་ཟླ་ ༩ ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐད་བགྲོ་གླེང་གནང་སྐབས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ད་བར་གསང་བ་གཅིག་ཀྱང་ཕྱི་ལ་ཤོར་མེད་པ་དང་། མ་འོངས་པར་ཡང་གསང་གནས་དེ་དག་ཕྱིར་མི་ཤོར་བ་ཁས་ལེན་ཞུ་རྒྱུ་ཡིན་ཅེས་གསུངས་སོང། དེའང་ཁ་སང་ནས་དེ་རིང་སྔ་དྲོའི་གྲོས་ཚོགས་བར་སྤྱི་འཐུས་རྣམ་པས་བདེ་སྲང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་ལ་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁག་ཅིག་གིས་སེམས་ཚོར་ཆེན་པོས་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་སྔར་ལྷག་ཐུགས་སྣང་བཞེས་དགོས་པ་དང། རྣམ་ཀུན་༸གང་ཉིད་མཆོག་གི་མཛད་འཆར་ཉུང་འཕྲིད་གནང་དགོས་པ། དེ་བཞིན་༸གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་བྱ་དགོས་པ།  མགོན་པོ་མཆོག་ས་གནས་ཁག་ཏུ་ཆིབས་སྒྱུ་བསྐྱངས་སྐབས་དང་བླངས་སྐུ་སྲུང་བ་བསྡུ་རུབ་གནང་ཚེ་དེ་དག་གི་རྒྱབ་ལྗོངས་ལ་ཞིབ་འཇུག་གཟབ་ནན་གནང་དགོས་པར་གཞེན་སྐུལ་ཕུལ་བ་དང་ཆབས་ཅིག བདེ་སྲུང་ལས་ཁུངས་ཀྱི་གསང་བའི་གནས་ཚུལ་ཉར་ཕྱོགས་ཐོག་དམ་ཟབ་གནང་དགོས་གལ་ཆེ་བར་གཞེན་སྐུལ་ཡང་བྱུང་སོང་།  སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་གསང་བའི་ལས་དོན་ཉར་ཚགས་གནང་ཕྱོགས་ཐད་བཀའ་ལན་གནང་པར་ད་བར་བདེ་སྲིད་ལས་ཁུངས་ཀྱི་ངོས་ནས་གསང་བ་གཅིག་ཀྱང་ཕྱི་ལ་ཤོར་མེད་ཅེས་གསུངས་ཡོད་པ་རེད། གྲོས་ཚོགས་སུ་སྤྱི་འཐུས་ལ་ལས་༸གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་བྱ་དགོས་གལ་གྱི་གནད་དོན་དང་འབྲེལ་ཏེ་ཉེ་བའི་ཆར་སྤྱི་ཚོགས་ཁྲོད་དྲ་རྒྱའི་མ་ལག་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་མི་སྣ་ཁག་ཅིག་གིས་སྤྱི་ཚོགས་བརྒྱུད་ལམ་ཐོག་མིང་འདྲ་མིན་སྤྱོད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཏོར་བཤིག་བཏང་པ་མ་ཟད། དེ་བཞིན་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱིས་ཐབས་བྱུས་འདྲ་མིན་བརྒྱུད་༸གོང་ས་མཆོག་ལ་མཚན་སྨད་ཞུ་བ་བཅས་ཀྱི་གནས་ཚུལ་ཡོང་གི་ཡོད་སྟབས། དེ་དག་ཐོག་མྱུལ་ཞིབ་གནང་ཕྱིར་བདེ་སྲུང་ལས་ཁུངས་ནས་དོགས་ཟོན་དང་དམིགས་བསལ་གྱི་ལས་ཁུངས་གསར་འཛུགས་གནང་དགོས་པར་འབོད་སྐུལ་ཞུས་སོང་།   ལྷག་པར་དུ་སྤྱི་འཐུས་ཁག་ཅིག་གིས་༸གོང་ས་མཆོག་ས་གནས་ཁག་ཏུ་ཆིསབ་སྒྱུར་མཛད་སྐབས་བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཚོས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱི་གོ་སྐབས་མང་ཙམ་བྱུང་ཐུབ་ཚེ་དེ་ནི་དགེ་མཚན་ཆེན་པོ་ཡོད་སྐོར་གྱི་དགོངས་ཚུལ་གསུང་མཁན་ཡང་བྱུང་ཡོད་པ་རེད། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་ལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཐུགས་སྣང་གཞེན་སྐུལ་ཕུལ་བ་ལས་དམིགས་བསལ་ལས་བསྡོམས་རང་གི་ཐོག་དོགས་འདྲི་གནང་མཁན་དེ་ཙམ་བྱུང་མེད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་གྲོས་ཚོགས་སུ་དགོས་འབུལ་ཞུས་པའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ལ་གཞིགས་ན། འདི་ལོའི་ནང་བོད་ནས་གསར་དུ་ཕེབས་མཁན་གྲངས་ ༡༢༨༢ བྱུང་འདུག་པ་དང། དེའི་ཁོངས་ནས་བལ་ཡུལ་དང་རྒྱ་གར་གཞུང་ཚབ་ནས་དམིགས་བསལ་འཛུལ་བཞུགས་ཆོག་པའི་ལག་འཁྱེར་ཞུ་མཁན་གྲངས་ ༩༨ བྱུང་ཡོད་འདུག དེ་བཞིན་གནས་མཇལ་རྗེས་ཕྱིར་བོད་དུ་ཕེབས་མཁན་གྲངས་ ༡༡༩༤ བྱུང་ཡོད་པ་རེད།  གཞན་ཡང་ལོ་འཁོར་མོ་འདིའི་ནང་བོད་ལ་གཉེན་འཕྲད་དུ་ཕེབས་མཁན་བོད་མི་སེར་སྐྱ་གྲངས་ ༢༨༢ བྱུང་ཡོད་པ་དང་། བོད་མི་ཕྱིར་སྐྱོད་ལག་འཁྱེར་ IC ཞུ་མཁན་མི་སྐྱ་ཕོ་མོ་ ༢༧༢༣ དང་གྲྭ་བཙུན་ ༣༤༠ བཅས་ཁྱོན་བསྡོམས་ ༣༠༦༣ བྱུང་ཡོད་འདུག་པ་མ་ཟད། ནང་མི་ཟླ་སྒྲིལ་ Travel Document ཡིག་ཆ་བཟོ་མཁན་གྲངས་ ༢༢ བྱུང་ཡོད་རེད་འདུག

བཀའ་ཤག་གིས་དམིགས་བསལ་ལས་བྱེད་བསྐོ་ཆོག་པའི་ཁྲིམས་འཆར་གཏན་འབེབས།

ཁ་སང་ཟླ་ ༩ ཚེས་ ༢༧ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བདུན་པའི་ཐོག་བཀའ་ཤག་གིས་དམིགས་བསལ་ལས་བྱེད་ ༡༨ ལས་མ་མང་བ་ཞིག་ཐད་བསྐོ་བྱེད་ཆོག་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བསྣམས་ཕེབས་པ་དེར་ངོ་ཡོད་སྤྱི་འཐུས་གྲངས་ ༣༡ གིས་རྒྱབ་སྐྱོར་གནང་སྟབས་དེ་མང་མོས་གཏན་འབེབས་གནང་སོང་། དེའང་བཀའ་ཤག་ནས་དམིགས་བསལ་ལས་བྱེད་ ༡༨ ལས་མ་མང་བ་ཞིག་ཐད་བསྐོ་བྱེད་ཆོག་པའི་ཁྲིམས་འཆར་ཐོག་ཁ་སང་བགྲོ་གླེང་ལྷུག་པོ་གནང་པ་མ་ཟད། ད་དུང་ཡང་སྤྱི་འཐུས་ཁག་ཅིག་གིས་དོགས་འདྲི་མང་དག་ཞིག་གནང་ཡོད་སྟབས། སྲིད་སྐྱོང་མཆོག་གིས་ཁྲིམས་འཆར་དེའི་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད། རྩ་བའི་བཀའ་ཤག་གི་ངོས་ནས་གྲོས་ཚོགས་ལས་ཉིན་བཞི་པའི་ཐོག་ལས་ཁུངས་སོ་སོའི་ལས་འཆར་ཁག་ཅིག་ལ་དགོས་གལ་ལ་གཞིགས་ཏེ་བཀའ་ཤག་ནས་དམིགས་བསལ་ལས་བྱེད་བསྐོ་གཞག་ཆོག་པའི་ཁྲིམས་འཆར་ཞིག་བསྣམས་ཡོད་པ་དང་། ཁྲིམས་འཆར་དེའི་བརྗོད་པ་དང་པོའི་ཐོག་བསྐྱོད་པར་སྤྱི་འཐུས་ལ་ལས་དེར་དགག་པ་དང་ཡང་ཁ་ཅིག་གིས་རྒྱབ་སྐྱོར་གནང་སྟབས་དེར་བགྲོ་གླེང་དང་དོགས་འདྲི་ལྷུག་པོ་བྱུང་ཡོད་པ་རེད། ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་ཐོག་ཁྲིམས་འཆར་དེའི་བརྗོད་པ་གཉིས་པའི་ཐོག་བསྐྱོད་སྐབས་སླར་ཡང་སྤྱི་འཐུས་ཁག་ཅིག་གིས་མུ་མཐུད་འགག་པ་གནང་ཏེ་ཁྲིམས་འཆར་དེ་དང་འབྲེལ་བའི་ཐོག་དོགས་འདྲི་ཁ་ཤས་ཕེབས་སོང་བ་མ་ཟད། བཀའ་ཤག་ནས་དམིགས་བསལ་ལས་བྱེད་ཐད་ཀར་བསྐོ་གཞག་གནང་པ་དེས་བཀའ་ཤག་ལ་སྐྱོན་བརྗོད་རིགས་ཡོང་ཉེན་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྐུ་དབང་ལ་དོ་ཕོག་འགྲོ་མིན། དེ་བཞིན་ད་དུང་དེས་སྤྱིར་སྲི་ཞུ་ལས་བྱེད་དང་ལས་བྱེད་གོ་གནས་ལ་དོ་ཕོག་འགྲོ་མིན་དང་། དམིགས་བསལ་དེ་དག་རང་གི་ངོ་ཤེས་པ་ཁག་བསྐོ་འཆར་ཡོད་དམ་ཞེས་སོགས་དྲི་བ་ཡང་ཡང་ཕེབས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་དམིགས་བསལ་ཐད་བསྐོ་རྣམས་རང་གི་ངོ་ཤེས་པ་བསྐོ་འཆར་མེད་པ་དང་དེས་སྤྱིར་སྲི་ཞུ་ལས་བྱེད་པ་དང་ལས་བྱེད་པའི་ས་མིག་ལ་དོ་ཕོག་ཡོང་ཉེན་མེེད་ཅེས་ཁ་གསལ་གསུངས་སོང་། ལས་བྱེད་ཐད་བསྐོ་དང་འབྲེལ་བའི་ཁྲིམས་འཆར་དེར་དོགས་འདྲི་མང་དག་ཞིག་ཕེབས་སྟབས་སྲིད་སྐྱོང་མཆོག་གིས་བཟོ་བཅོས་ཁྲིམས་འཆར་བསྣམས་ཕེབས་ཡོད་པར་བརྟེན། གྲོས་ཚོགས་སུ་ངོ་ཡོད་སྤྱི་འཐུས་གྲངས་ ༣༡ གིས་རྒྱབ་སྐྱོར་གནང་བར་བརྟེན་མང་མོས་ཐག་གཅོད་ཀྱིས་གཏན་འབེབས་བྱུང་ཡོད་པ་རེད། སྒྲིག་གཞི་བསྐྱར་བཅོས་ནང་གསལ། དམིགས་བསལ་དགོས་གལ་བྱུང་ཚེ་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་འཆར་འབུལ་ལྟར་བཀའ་ཤག་ནས་ལས་བྱེད་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༣ མམ་ལས་བྱེད་མི་གྲངས་ ༡༨ ལས་མ་མང་བ་ལོ་དུས་རྒྱས་བཅད་ཐོག་བཀའ་ཤག་སྐབས་སོ་སོའི་ལས་ཡུན་རིང་ལས་བྱེད་འདེམས་ལྷན་དང་གོ་བསྡུར་གྱིས་ཐད་བསྐོ་ཆོག་རྒྱུ། ལས་བྱེད་དེ་རིགས་བཀའ་ཤག་སྐབས་སོ་སོའི་ལས་ཡུན་འཁྱུར་རྗེས་ཟླ་གསུམ་ནང་ཚུན་ལས་མཚམས་འཇོག་དགོས། དེ་དག་གི་ལས་འགན་དང་གནས་རིམ། ཕོགས་ཐོབ། ཁེ་ཕན་གཞན་བཅས་བཀའ་ཤག་གིས་གཏན་འབེབས་བྱ་རྒྱུ་ཡིན་པ་འཁོད་འདུག      

ཆོས་དགེ་ཚོར་ལྟ་གྲུབ་དགེ་རྒན་ཞེས་གཅིག་འགྱུར་འབོད་རྒྱུ་གཏན་འབེབས་གནང་པ།

ཤེས་རིག་བཀའ་བློན་མཆོག་གིས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་མཁས་པ་ཁག་ལ་གྲོས་བསྡུར་སྦྱང་ཤེས་གནང་རྗེས། བོད་པའི་སློབ་གྲྭ་ཁག་གི་རིགས་ལམ་འཆད་འཁྲིད་པའམ་ཆོས་དགེ་ཚོར་ལྟ་གྲུབ་དགེ་རྒན་ཞེས་གཅིག་འགྱུར་འབོད་རྒྱུ་གཏན་འཁེལ་བྱུང་ཡོད་སྐོར་གསུངས་སོང། དེ་རིང་ཟླ་ ༩ ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པའི་ཐོག་སྤྱི་འཐུས་ཀཿ་བྲག་དོངས་གྲུབ་བསོད་ནམ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྔ་རྗེས་ཕེབས་པའི་ནང་། རིགས་ལམ་འཆད་འཁྲིད་པ་རྣམས་ལ་ལྟ་གྲུབ་སློབ་དཔོན་ཞེས་འབོད་ན་ལེགས་ཚུལ་གསུངས་པར་ཡོངས་ཁྱབ་ལག་ལེན་གནང་མ་ཐུབ་པའི་རྒྱུ་མཚན་ཇི་ཡིན་དང་བོད་ཁྱིམ་དང་ཤེས་རིག་ལས་ཁུངས་གཉིས་ཀྱི་ཐ་སྙད་བེད་སྤྱོད་ཐོག་ཁྱད་པར་ཡོད་པའི་སྐོར་ལ་སྐར་རྟགས་ཅན་གྱི་དྲི་བ་ཞིག་ཕུལ་ཡོད་པ་རེད། སྐབས་དེར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་རིག་ལས་ཁུངས་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་༸ གང་ཉིད་ཀྱི་༸སྐུའི་གསུང་བསྒྱུར་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་སློབ་དཔོན། ལྡི་ལི་བོད་ཁང་གི་འགན་འཛིན་སོགས་མཁས་དབང་མི་སྣ་བདུན་ལ་གོ་བསྡུར་གནང་དོན་ལྟར། ཆོས་དགེ་ཚོར་ལྟ་གྲུབ་དགེ་རྒན་ཞེས་འབོད་རྒྱུ་གཏན་འཁེལ་བྱུང་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་ཟིན་པ་དང། དེ་འབྲེལ་ཐ་སྙད་དེ་སློབ་གྲྭ་ཚང་མའི་ནང་གཅིག་འགྱུར་ཆགས་ཟིན་པ་ངོས་འཛིན་ཞུ་ཡི་ཡོད་བཅས་གསུངས་སོང། གཞི་རྩའི་ཤེས་རིག་བཀའ་བློན་མཆོག་གིས་གྲོས་ཚོགས་སུ་ཕུལ་བའི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ནང་གསལ་ལྟར། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་ལྟ་གྲུབ་དགེ་རྒན་ ༣༧ ཙམ་ཡོད་པ་རེད་འདུག

བོད་པའི་དགེ་རྒན་ཚོར་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཁག་བསྐོང་ཐུབ་པར་དགོངས་པ་ཆེ་བཞེས་གནང་སྐྱོང་ཡོང་བའི་སྐུལ་མ་གནང་པ།

དེ་རིང་ཟླ་ ༩ ཚེས་ ༢༧ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་མུ་མཐུད་བགྲོ་གླེང་གནང་པའི་ཁྲོད། སྤྱི་འཐུས་རྣམ་པས་ཤེས་རིག་བཀའ་བློན་མཆོག་ལ་བོད་པའི་དགེ་རྒན་ཚོར་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཁག་བསྐོང་ཐུབ་པར་ཤེས་རིག་ལས་ཁུངས་ནས་དགོངས་པ་ཆེ་བཞེས་གནང་དགོས་གལ་ཡིན་པའི་དགོངས་འཆར་ཕུལ་མཁན་མང་དག་ཞིག་བྱུང་སོང་། དེ་ཡང་ཁ་སང་དང་དེ་རིང་བཅས་སུ་སྤྱི་འཐུས་གྲོས་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐོར་དང་འབྲེལ། བོད་ཡིག་གི་གནས་ཚད་གོང་མཐོར་གཏོང་ཐབས་དང་གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་དེ་ཉིད་བཀའ་ཤག་གིས་གཏན་འབེབས་གནང་ཟིན་ཡོད་མེད་སྐོར། དེ་བཞིན་ཕྲུ་གུ་གསུམ་ཡན་གྱི་ཁྱིམ་ཚང་རྣམས་ལ་དམིགས་བསལ་ལྟ་སྐྱོང་གནང་ཕྱོགས་དང་མཐོ་སློབ་སློབ་ཡོན་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་གཙོས་པའི་གནད་དོན་འདྲ་མིན་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་བཅས་གནང་ཡོད་པ་རེད། ལྷག་པར་དུ་དེ་རིང་ལས་ཉིན་བདུན་པའི་སྐབས་སྤྱི་འཐུས་མང་ཆེ་བས་བོད་པའི་སློབ་གྲྭ་ཁག་ཏུ་དགེ་རྒན་ཚད་ལྡན་མེད་པ་དང་ཡང་ན་དགེ་རྒན་གདང་ངེས་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་དགེ་རྒན་ཚོའི་མཐུན་རྐྱེན་དང་སློབ་གྲྭའི་མཐུན་རྐྱེན་སོགས་ལ་ཐུག་གི་ཡོད་པ་ལུང་འདྲེན་གྱིས་དཀའ་ངལ་དེ་དག་སེལ་བར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་དགེ་རྒན་པའི་མགསོལ་ཕོག་གཙོས་ཁོང་རྣམ་པར་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་རྣམས་བསྐོང་ཐུབ་པར་དགོངས་པ་ཆེ་བཞེས་གནང་དགོས་གལ་དུ་གཟིགས་ཀྱི་ཡོད་པའི་དགོངས་ཚུལ་ཕུལ་མཁན་བྱུང་བར་བཀའ་བློན་མཆོག་གིས་གནད་དོན་དེར་དགོངས་པ་བཞེས་ངེས་ཡིན་པའི་བཀའ་ལན་གནང་སོང་། རྩ་བའི་ཁ་སང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐོར་དང་འབྲེལ། སྤྱི་འཐུས་རྣམ་པས་གཞན་ཡང་རྡ་ཤོད་དཔེ་སྟོན་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་བཅས་ཀྱི་མཐུན་རྐྱེན་ཞན་པོ་ཡོད་པ་ལུང་འདྲེན་གྱིས་དཔེ་སྟོན་སློབ་གྲྭ་དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་མེད་ཀྱི་དྲི་བ་ཞིག་བསྣམས་ཕེབས་སོང་བ་དང་། དེ་ལ་ཤེས་རིག་བཀའ་བློན་མཆོག་གིས་སྔོན་ཆད་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཉུང་དུ་ཕྱིན་སྟབས། དཔེ་སྟོན་སློབ་གྲྭ་དེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་གནས་སྤོ་བྱ་རྒྱུའི་འཆར་གཞི་སྒྲིག་ཡོད་ཀྱང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོས་དེར་མོས་མཐུན་གནང་མེད་པ་སོགས་ཀྱི་གནས་སྟངས་འདྲ་མིན་འོག་ནས་གནས་སྤོ་ཞུ་ཐུབ་མེད་པ་དང་། འོན་ཀྱང་དཔེ་སྟོན་སློབ་གྲྭ་དེ་ ༢༠༡༧ ལོ་ནས་འབྲིང་རིམ་སློབ་གྲྭར་བསྒྱུར་རྒྱུའི་འཆར་གཞི་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་སྐོར་བཀའ་ལན་གནང་སོང་། ཡང་སྐབས་དེར་སྤྱི་འཐུས་ཤིག་གིས་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་གོང་ཐོན་པའི་བོད་ཕྲུག་སློབ་མ་ཚོར་སོ་སོའི་འཚོ་བ་དངོས་ལ་ཕན་པའི་དམིགས་བསལ་ལག་ཤེས་སྦྱོར་བརྡར་རིགས་ཕུལ་རྒྱུ་གལ་ཆེར་གཟིགས་ནས་དེ་དག་གང་མང་གནང་སྐྱོང་ཡོང་བའི་དགོངས་ཚུལ་ཕུལ་གནང་སོང་། དེའི་ཁྲོད་སྤྱི་འཐུས་ཤིག་གིས་ཉེ་བའི་ཆར་ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་འོག་མཐོ་སློབ་ཁག་ཏུ་བསྐྱོད་མཁན་བོད་ཕྲུག་སློབ་མ་རྣམས་ཀྱི་རྒྱུད་ལ་ཡོད་པའི་སོ་སོའི་མི་རིགས་ཀྱི་གོམས་སྲོལ་བཟང་པོ་དེ་དང་བཟང་སྤྱོད་གཉིས་རིམ་བཞིན་ཉམས་རྒྱུད་འགྲོ་བཞིན་པར་བློ་འཚབ་དང་སྦྲགས། ཤེས་རིག་ལས་ཁུངས་ནས་མཐོ་རིམ་སློབ་མ་རྣམས་ཀྱི་ཕྱི་ནང་གི་ཀུན་སྤྱོད་ལེགས་བཅོས་གཏོང་རྒྱུ་ཐད་དམིགས་བསལ་ལས་འཆར་གང་བང་སྒྲིག་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་དེར་བཀའ་ལན་གནང་སོང་། དེ་བཞིན་བགྲོ་གླེང་དེའི་ཐོག་བྷུན་ཏར་དགེ་འོས་སློབ་ཁང་ནས་སློབ་མཐོར་སོན་པའི་སློབ་ཕྲུག་ ༡༢ ལ་རིང་མིན་ཤེས་རིག་ལས་ཁུངས་ནས་གནང་རྒྱུའི་ཕྱག་འཁྱེར་དེ་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཡོད་པ་ཞིག་ཆགས་ཀྱི་ཡོད་མེད་སྐོར་ལ་དྲི་བ་གནང་མཁན་ཡང་བྱུང་སྟབས། བཀའ་བློན་མཆོག་གིས་དེར་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཡོད་སྐོར་གསུངས་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁྱོངས་སུ་རང་སྐྱོང་སློབ་་གྲྭའི་སྡེ་ཚན་ལྔ་ཡོད་པ་ལས་ཁྱོན་བསྡོམས་སློབ་གྲྭ་ ༦༧ དང་དགེ་ལས་ ༢༠༧༢ དེ་བཞིན་སློབ་ཕྲུག་ ༡༩༥༢༦ བཅས་ཡོད་པརེད། དེ་མཚུངས་སུ་དེའི་ཁྱབ་ཁོངས་སུ་བྷུན་ཏར་དགེ་འོས་སློབ་ཁང་ནང་དགེ་ལས་ ༢༤ དང་སློབ་ཕྲུག་ ༥༨ བཅས་ཡོད་པ་རེད།

ངག་དབང་རབ་རྒྱས་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་འོས་འདེམས་གནང་པ།

དེ་རིང་ཟླ་ ༩ ཚེས་ ༢༦ ཉིན་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པའི་ལས་ཉིན་དྲུག་པ་འདིའི་ཐོག་ནས་ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ནང་དངོས་སུ་བཞུགས་ནས་ཞབས་ལོ་ ༣༤ སོང་བ་ད་ལྟའི་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་གནང་སོང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ལས། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་མཛད་ཁུར་དགོངས་པ་སྔ་སྣུར་ཞུས་ཡོད་སྟབས། དེ་རིང་གྲོས་ཚོགས་ནས་ཁྲིམས་ཞིབ་པ་གཅིག་གི་འོས་འདེམས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལིའུ་ ༦ དོན་ཚན་ ༦༣ ནང་གསེས་དང་པོའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག དེ་བཞིན་སྲིད་སྐྱོང་མཆོག་བཅས་ནས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྣམ་རྒྱལ་ཚེ་རིང་མཆོག་དང་བཀའ་ཟུར་ཀརྟི་རིན་པོ་མཆོག དེ་བཞིན་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བཅས་ལས་བསྡུས་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་དོན། ད་ལྟའི་དྲིལ་བསྒྲགས་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་གཉིས་ཁྲིམས་ཞིབ་པའི་འོས་མིག་ཏུ་མིང་འདོན་གནང་ཡོད་པ་རེད། དེ་རིང་གྲོས་ཚོགས་སུ་ངོ་ཡོད་སྤྱི་འཐུས་ ༤༣ རྣམས་ཀྱིས་འོས་ཤོག་འཕེན་པའི་ཁྲོད་ཤེས་རིག་དྲུང་ཆེ་ངག་སབང་རབ་རྒྱལ་ལགས་ལ་ར་འོས་གྲངས་ ༢༤ ཐོབ་ཡོད་པ་དང། ཕྱི་དྲིལ་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ལ་འོས་གྲངས་ ༡༨ ཐོབ་པར་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བདམས་ཐོན་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་ལགས་ལ་འཚམས་འདྲི་དང་བཅས་གསལ་བསྒྲགས་གནང་ཡོད་པ་རེད། རྩ་བའི་བདམས་ཐོན་ཁྲིམས་ཞིབ་པ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ནི་ད་ལྟ་ཤེས་རིག་དྲུང་ཆེ་ཡིན་པ་དང། ༡༩༨༢ལོར་སྲི་ཞུ་ལས་བྱེད་ནང་དངོས་སུ་བཞུགས་ནས་ད་བར་འདས་པའི་ལོ་ངོ་ ༣༤ དེའི་རིང་ཁོང་གིས་རུ་སོག་དང་ཨ་རིའི་སྐུ་ཚབ་དོན་གཅོད་གནང་པ་དང་། དེ་བཞིན་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཟུང་དྲུང་དང་དྲུང་འཕར། བདེ་སྲུང་བོད་གནས་ཉམས་ཞིབ་པ་སོགས་ལྷན་ཁང་ཁག་ཅིག་གི་འཛིན་སྐྱོང་སྡེ་ཚན་ནང་ཐུགས་འགན་འདྲི་མིན་བཞེས་འདུག Dr ངག་དབང་རབ་རྒྱས་ལགས་ནས་ཆབ་སྲིད་རིག་པ་དང་། རྒྱལ་སྤྱིའི་འབྲེལ་ལམ་དང་ཁྲིམས་ཐོག་གི་གཙུག་ལག་རབ་འབྱམས་པ་ཐོན་འདུག་པ་དང། ༡༩༨༧ལོར་རྒྱལ་སྤྱིའི་འབྲེལ་ལམ་ཐོག་འབུམ་རམས་པའི་ཕྱག་ཁྱེར་ཐོབ་འདུག གསར་དུ་བདམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་ལགས་ནས་འདི་ག་རླུང་འཕྲིན་གྱི་བཅར་འདྲི་དང་ལེན་དང་སྦྲགས། མང་ཚོགས་ཀྱི་འགོ་ཁྲིད་སྤྱི་འཐུས་རྣམ་པས་ཁོང་ལ་ཆེ་མཐོང་གནང་པར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཁོང་རྣམ་པའི་ཐུགས་རེ་ལྟར་འབད་བརྩོན་གང་ཐུབ་གནང་གི་ཡིན་པ་གསུངས་གནང་སོང་།    

Latest news