Tibetan Royal Year of 2151 | Year of the Wood Dragon

2th Session of 16th TPiE

བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླང་དཔྱ་དངུལ་ལག་དེབ་ཐོག་བགྲོ་གླེང་ལྷུག་པོ་གནང་པ།

དེ་རིང་ཟླ་ ༩ ཚེས་ ༢༤ ཉིན་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་གཅིག་གི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་ཞུས་པ་དང་ཆབས་ཅིག སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླང་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གནད་དོན་ཐོག་གླེང་སློང་ཤུགས་ཆེ་གནང་པ་མ་ཟད། ཁག་ཅིག་གིས་དཔྱ་དངུལ་ལག་དེབ་མེད་པའི་བོད་མི་ཚོར་གུ་ཡངས་ལྡན་པའི་སྒོ་ནས་ལག་དེབ་དེ་གནང་སྐྱོང་ཡོང་བར་སྒྲིག་འཛུགས་ནས་དམིགས་བསལ་དགོངས་པ་ཆེ་བཞེས་གནང་དགོས་སྐོར་དགོངས་ཚུལ་ཕུལ་མཁན་མང་དག་ཞིག་བྱུང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་བོད་མི་སུ་འདྲ་ཞིག་ལ་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླང་དཔྱ་དངུལ་ལག་དེབ་ཕུལ་བར་ཐོག་མར་ས་གནས་རང་བདེན་ཚོགས་ཆུང་བརྒྱུད་དཔལ་འབྱོར་ལས་ཁུངས་སུ་སྙན་ཞུ་གནང་དགོས་པ་དང་། དེར་འབྲེལ་ཚན་པས་རྒྱབ་ལྗོངས་ཡིག་ཆ་དང་ཆ་རྐྱེན་སོགས་ལྡན་མིན་ཞིབ་འཇུག་གནང་མཐར་ཕུལ་སྲོལ་ཡོད་པ་མ་ཟད། ཁྱད་པར་དུ་དགུང་ལོ་ ༦༠ ཡན་གྱི་བོད་མི་ཚོར་དམིགས་བསལ་ཆག་ཡང་བཏང་པའི་ཐོག་ནས་ཆ་རྐྱེན་ཁག་ཅིག་ཚང་མིན་ལ་མ་ལྟོས་པར་ཕུལ་གྱི་ཡོད་པ་ལུང་འདྲེན་གྱིས་ས་གནས་སོ་སོའི་རང་བདེན་ཚོགས་ཆུང་དང་ས་གནས་འགོ་འཛིན་རྣམ་པས་དེར་དགོངས་བཞེས་གང་ཆེ་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་སོང་། ཡང་གྲོས་ཚོགས་ཀྱི་ལས་རིམ་དེའི་ཐོག་སྤྱི་འཐུས་ཤིག་གིས་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླང་དཔྱ་དངུལ་ལག་དེབ་འབུལ་ཕྱོགས་སྐོར་དང་འབྲེལ་གསུངས་པར་ལས་རིམ་དེ་དེང་དུས་འཛམ་གླིང་དང་མཐུན་པའི་དྲ་རྒྱ་བརྒྱུད་ནས་ཐད་གཏོང་གིས་ཕུལ་ཕྱོགས་ཐད་ལ་དཔལ་འབྱོར་ལས་ཁུངས་ནས་ཐབས་ལམ་གསར་པ་འཚོལ་ཞིབ་གནང་མིན་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་དཔལ་འབྱོར་ལས་ཁུངས་ནས་ད་ལྟའི་ཆར་ཨ་རི་ Portland དང་ཁེ་ན་ཊ་གཉིས་ནང་དྲ་རྒྱ་བརྒྱུད་དཔྱ་དངུལ་བསྡུས་ཐབས་ཚོད་ལྟ་ཞིག་གནང་མུས་ཡིན་པ་གསུངས་སོང་། དཔལ་འབྱོར་བཀའ་བློན་མཆོག་གིས་དཔྱ་དངུལ་ལག་དེབ་ནོར་བཅོས་བྱེད་ཕྱོགས་སྐོར་དང་འབྲེལ། དཔྱ་དངུལ་ལག་དེབ་དེ་ཚད་ལྡན་ཞིག་ཡོང་བར་ནོར་བཅོས་ཐེངས་གཉིས་ལས་གནང་ཆོག་གི་མེད་པ་བསྐྱར་ནན་གནང་སོང་། དེ་རྗེས་སྤྱི་འཐུས་ཤིག་གིས་བོད་མི་དང་གཉེན་སྒྲིག་ཟིན་པའི་ཕྱི་རྒྱལ་ཡུལ་མི་ཚོས་དཔྱ་དངུལ་ལག་དེབ་བསྐྱར་བཟོ་གནང་ཕྱོགས་སྐོར་བཀའ་འདྲི་ཞུས་པར་དེ་གྲོས་ཚོགས་ཀྱི་གཏན་ལ་ཕབ་པའི་བཅའ་ཁྲིམས་རིན་པོ་ཆེ་ནང་གསལ་ཆ་རྐྱེན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། དེ་གྲོས་ཚོགས་ནས་གཏན་འབེབས་མ་གནང་པར་དཀའ་ངལ་དེ་སེལ་ཐབས་མེད་སྐོར་གསུངས་སོང་། རྩ་བའི་དཔལ་འབྱོར་ལས་ཁུངས་ནས་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་གནང་འགོ་བཙུགས་པ་ནས་འདི་ལོའི་ཕྱི་ཟླ་༣ཚེས་༣༡གི་དུས་ཡུན་བར་ཁྱོན་དཔྱ་དངུལ་ལག་དེབ་༡༤༩༠༧༣བཟོས་འགྲེམས་ཞུས་ཡོད་པ་གསུངས་སོང་། གཞན་ཡང་བོད་མིའི་ཁྱད་ལས་དང་བླང་ཞབས་ཞུའི་འཕེལ་རིམ་དང་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་དོན་བཅས་ཀྱི་ཐད་ལ་དྲི་བ་འདྲ་མིན་ཁག་ཅིག་ཕུལ་ཡོད་པ་རེད།    

གྲོས་ཚོགས་ནང་བཀའ་ཤག་གི་དམིགས་བསལ་ལས་བྱེད་ཐད་བསྐོའི་ཐོག་བགྲོ་གླེང་ལྷུག་པོ་གནང་པ།

དེ་རིང་ཟླ་ ༩ ཚེས་ ༢༣ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དང་འབྲེལ་བའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་བསྣམས་ཕེབས་སོང་བ་དང་། ལྷག་པར་དུ་བཀའ་ཤག་ནས་དམིགས་བསལ་ལས་བྱེད་ཐད་བསྐོ་ཆོག་པའི་ཁྲིམས་འཆར་གྱི་བརྗོད་པ་དང་པོའི་སྐབས་གྲོས་ཚོགས་འཐུས་མི་རྣམ་པས་བགྲོ་གླེང་ལྷུག་པོ་གནང་སོང་། རྩ་བའི་དམིགས་བསལ་ལས་བྱེད་ཐད་བསྐོ་དང་འབྲེལ་བའི་ཁྲིམས་འཆར་ནང་། དམིགས་བསལ་དགོས་གལ་བྱུང་ཆེ་བཀའ་ཤག་ནས་ལས་བྱེད་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༣ མམ་ལས་བྱེད་མི་གྲངས་ ༡༨ ལས་མ་མང་བ་ལོ་དུས་རྒྱས་བཅད་ཐོག་བཀའ་ཤག་སྐབས་སོ་སོའི་ལས་ཡུན་རིང་དམིགས་བསལ་ཐད་བསྐོ་ཆོག་རྒྱུ་ཞེས་སོགས་འཁོད་པ་ལྟར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བར་ལམ་ཨུ་རུ་སུ་དང་དབྱིན་ཡུལ། དེ་བཞིན་བྷེལ་ཇམ་བཅས་ཀྱི་སྐུ་ཚབ་དོན་གཅོད་བསྐོ་ཕྱོགས་ཐད་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་བ་སོང་རྐྱེན་དཀའ་ངལ་འཕྲད་མུས་ཡིན་སྐོར་དང་། དེ་དེ་བཞིན་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་ཁང་འཛུགས་འཆར་ཡོད་པ་སོགས། ལས་ཁུངས་སོ་སོའི་ལས་འཆར་ཁག་ཅིག་གི་དགོས་མཁོ་ལ་གཞིགས་ཏེ་ཁྲིམས་འཆར་དེ་གལ་ཆེར་གཟིགས་ཡོད་པ་གསུངས་ཡོད་པ་རེད། འོན་ཀྱང་སྐབས་དེར་སྤྱི་འཐུས་ཁག་ཅིག་ནས་ཁྲིམས་འཆར་དེ་ལ་འགག་པ་དང་ཁག་ཅིག་གིས་རྒྱབ་སྐྱོར་གནང་མཁན་བྱུང་སོང་བ་མ་ཟད། བགྲོ་གླེང་དང་དྲི་བ་དྲི་ལན་སྐབས་དམིགས་བསལ་ལས་བྱེད་ཐད་བསྐོའི་ཆ་རྐྱེན་ཇི་ཡིན་དང་གནས་རིམ་གཏན་འབེབས། དེས་སྤྱིར་སྲི་ཞུ་ལས་བྱེད་པ་གཞན་གྱི་ས་མིག་ལ་དོ་ཕོག་འགྲོ་མིན་དང་། རང་དབང་ཅན་གྱི་སྡེ་ཚན་འདེམས་བསྐོ་ལྷན་ཁང་གི་རང་དབང་ལ་དོ་ཕོག་འགྲོ་མིན་སོགས་གླེང་སློང་རྒྱ་ཆེ་གནང་ཡོད་པ་རེད། འོན་ཀྱང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་ས་མིག་དང་དེ་བཞིན་དངོས་ཡོད་ལས་བྱེད་ཇི་ཡོད་སྐོར་ལ་གསུངས་པ་དང་ཆབས་ཅིག བཀའ་ཤག་གི་ཁྲིམས་འཆར་འདི་ཡིས་སྤྱིར་སྲི་ཞུ་བའི་ས་མིག་དང་ལས་བྱེད་ལ་དོ་ཕོག་འགྲོ་གི་མེད་པ་གསུངས་གནང་སོང་།   ད་དུང་སྤྱི་འཐུས་འགས་ལས་བྱེད་ཐད་བསྐོའི་ཁྲིམས་འཆར་དེ་ལྟ་བུས་རང་དབང་ཅན་གྱི་སྡེ་ཚན་འདེམས་བསྐོ་ལྷན་ཁང་སོགས་ཀྱི་རང་དབང་བརླག་ཉེན་ཡོད་སྐོར་གསུངས་ཡོད་པ་ལ་སྲིད་སྐྱོང་མཆོག་གིས་རང་དབང་དེ་འདྲ་བརླག་གི་མེད་སྐོར་སོགས་ཀྱི་བཀའ་ལན་གནང་ཡོད་པ་རེད། དེ་དེ་བཞིན་ཡང་སྤྱི་འཐུས་འགའ་ཞིག་གིས་ཁྲིམས་འཆར་འདི་ལྟ་བུས་མ་འོངས་པ་ན་བཀའ་ཤག་ལ་མིང་རྗེས་ངན་པ་ཡོང་ཉེན་གྱི་ཐུགས་དོགས་གཟིགས་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་གི་ལས་དོན་ལ་སྐྱོན་བརྗོད་གནང་མཁན་བྱུང་བཞིན་པ་ནི་རང་བཞིན་ཞིག་ཡིན་མོད། བཀའ་ཤག་ནས་གཙོ་བོ་སྒྲིག་འཛུགས་ཀྱི་དགོས་མཁོ་རང་ལ་གཟིགས་ཀྱི་ཡོད་པ་གསུངས་སོང་། དེ་རིང་འཛིན་སྐྱོང་གི་ཁྲིམས་འཆར་དེ་དང་འབྲེལ་སྲི་ཞུ་ལས་བྱེད་པའི་བདེ་དོན་སྐོར་ལ་གླེང་སློང་གང་ཙམ་བྱུང་ཡོད་སྟབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལས་བྱེད་རྣམས་པ་ནི་སྒྲིག་འཛུགས་ཀྱི་གཙོ་བོར་ངོས་འཛིན་ཐོག ད་ལྟ་ལས་ཐོག་པ་དང་དེ་བཞིན་བགྲེས་ཡོལ་ཕེབས་པ་ཀུན་ལ་ཕྱོགས་གང་སྤྱིའི་ཐད་ནས་མཐུན་རྐྱེན་སྔར་ལྷག་སྦྱར་དང་སྦྱོར་མུས་ཡིན་པ་གསུངས་ཡོད་པ་རེད། གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པ་འདིའི་ཐོག་བཀའ་ཤག་ནས་དམིགས་བསལ་ལས་བྱེད་ཐད་བསྐོ་ཆོག་པའི་ཁྲིམས་འཆར་གཏན་འབེབས་སོང་མེད་ནའང། བརྗོད་པ་དང་པོའི་སྐབས་གྲོས་ཚོགས་འཐུས་རྣམ་པས་དྲི་བ་དྲི་ལན་དང་བགྲོ་གླེང་ལྷུག་གནང་ཡོད་པ་རེད།

བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དོན་འཁྱོལ་ཡོང་བར་འབྲེལ་ཡོད་ཚང་མས་འགན་འཁུར་བཞེས་དགོས་གསུངས་པ།

བོད་མིའི་སྒྲིག་འཛུ་གས་ནང་སྲིད་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་བགྲོ་གླེང་དང་ལན་འདེབས་གསལ་བཤད་ནང་པའི་ཁྲོད། ནང་སྲིང་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ནང་འཁོད་པ་རྣམས་གསོལ་ཅོག་སྟེང་བཞག་པ་ཙམ་མིན་པར། དེ་དག་དོན་ཐོག་ཕྱག་བསྟར་ཡོང་སླད་ས་གནས་སོ་སོའི་འགན་འཛིན་དང་ལས་བྱེད་ཡོངས་ནས་འགན་བཞེས་ཐོག་ཞུ་གཏུགས་བྱ་དགོས་གལ་ཡིན་པ་གསུངས་སོང་། ཁ་སང་གྲོས་ཚོགས་ལས་ཉིན་གསུམ་པའི་ཐོག་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྐོར་དང་འབྲེལ། བོད་མིའི་གཞིས་ཆགས་ཁག་ཏུ་སྐྱེས་ལྡན་སོ་ནམ་གྱི་གྲུབ་འབྲས་ཇི་ཐོན་དང་གཞིས་ཆགས་གསར་བསྐྲུན་སྐོར། དེ་བཞིན་ས་གནས་ཁག་ཏུ་སྨན་པ་འཚོལ་ཐབས་ཇི་གནང་དང་ས་ཁང་བདག་གཉེར་དང་བེད་སྤྱོད་བྱེད་ཕྱོགས་བཅས་ཀྱི་ཐོག་སྒྲིག་འཛུགས་ནས་ལག་བསྟར་ཐུབ་མིན་གནད་དོན་སྐོར། གཞན་ཡང་ས་གནས་མཉམ་འབྲེལ་ཁག་སྲ་བརྟན་རྒྱུན་གནས་ཐུབ་ཐབས་ལ་ཕན་པའི་སྒྲིག་གཞི་དང་ལས་འཆར་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐོག་ལ་དྲི་བ་དྲི་ལན་དང་བགྲོ་གླེང་གནང་སོང་། སྐབས་དེར་གྲོས་ཚོགས་ནང་སྤྱི་འཐུས་ཤིག་གིས་དྲི་བའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་བཞིན་ས་གནས་ས་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་ལག་བསྟར་ཐུབ་ཀྱི་ཡོད་མེད་དང་ལག་བསྟར་གནང་པའི་སྐབས་དཀའ་ངལ་འཕྲད་དོན་གང་ཡིན་ཐད་ལ་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་ནང་སྲིད་ལས་ཁུངས་ནས་སྲིད་བྱུས་དེ་ལག་བསྟར་བྱ་རྒྱུའི་གནས་བབ་དང་ཁོར་ཡུག་བསྐྲུན་ཟིན་ཡོད་པ་ལུང་འདྲེན་གྱིས་ད་ཆ་སྲིད་བྱུས་དེའི་ནང་འཁོད་པ་རྣམས་གསོལ་ཅོག་སྟེང་བཞག་པ་ཙམ་མ་ཡིན་པར་དེ་དག་ལ་ས་གནས་སོ་སོའི་ནང་ཕྱག་བསྟར་ཡོང་སླད་ས་གནས་འགན་འཛིན་དང་ལས་བྱེད་ཡོངས་ནས་ཞུ་གཏུགས་བྱ་དགོས་གལ་ཡིན་པ་གསུངས་ཡོད།       བཀའ་བློན་མཆོག་གིས་སྲིད་བྱུས་དེ་བཞིན་རྒྱ་གར་གྱི་མངའ་སྡེ་བཞི་ནང་ལ་མ་གཏོགས་གཞན་མངའ་སྡེ་ཆེ་ཁག་ཚང་མའི་ནང་ལག་བསྟར་གནང་འགོ་བཙུགས་ཡོད་པ་དང་། ས་གནས་ཁག་ཏུ་སྲིད་བྱུས་དེ་ལག་བསྟར་གནང་སྐབས་དམིགས་བསལ་དཀའ་ངལ་རིགས་འཕྲད་ཚེ་དབུས་ནང་སྲིད་ལས་ཁུངས་ལ་ངེས་པར་འབྲེལ་བ་ཞུས་དགོས་ཀྱི་ཡོད་པ་དང་། དེར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཀྱང་ཕྱག་རོགས་གང་དགོས་ཞུ་ཆོག་ཞེས་གསུངས་ཡོད་པ་རེད། ད་དུང་བཀའ་བློན་མཆོག་གིས་ད་ལྟའི་ཆར་ནང་སྲིད་ལས་ཁུངས་ལ་བཞུགས་སྒར་རྡ་རམ་ས་ལ་ནས་ཀྱང་སྡོད་ཁང་གསར་རྒྱག་དགོས་པའི་སྙན་ཞུ་འབུལ་མཁན་མང་དག་ཞིག་འབྱོར་བཞིན་ཡོད་པ་དང་དེ་དག་ཐོག་ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་གནང་དང་གནང་མུས་ཡིན་པ་གསུངས་སོང་། དེ་བཞིན་ཆབ་སྲིད་བཙོན་ཟུར་གྱི་གནད་དོན་དང་འབྲེལ་མེག་གྷན་དགའ་ལྡན་ཆོས་གླིང་བཙུན་དགོན་ཉེ་འཁྲིས་སུ་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ཆེད་སྡོད་ཁང་གྲངས་ ༡༡ གསར་རྒྱག་ལེགས་གྲུབ་ཟིན་ཡོད་པ་དང་། དེར་ ཆབ་སྲིད་བཙོན་ཟུར་བ་རྣམས་ལ་བགོས་འགྲེམས་ཟིན་ཡོད་མེད་དང་ད་ཆ་དེའི་ནང་བཞུགས་མཁན་བཙོན་ཟུར་ག་ཚོད་ཡོད་མེད་སོགས་ཐོག་བཀའ་འདྲི་ཁག་ཅིག་ཞུས་པར་བཀའ་བློན་མཆོག་གིས་གསར་རྒྱག་ཟིན་པའི་སྡོད་ཁང་གྲངས་ ༡༡ དེ་དག་ལས་སྡོད་ཁང་གཉིས་མ་གཏོགས་གཞན་ཚང་མ་ཆབ་སྲིད་བཙོན་ཟུར་ཁྲོད་བགོས་འགྲེམས་ཟིན་ཡོད་པར་བཀའ་ལན་གནང་སོང་། རྩ་བའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ ༢༠༡༥ ནས་ ༢༠༡༦ བར་གྱི་ལོ་འཁོར་ལས་བསྡོམས་ནང་གསལ་གཞིགས་ན། གཞིས་ཆགས་གསར་བསྐྲུན་དང་གཞན་འཛུགས་བསྐྲུན་ཁོངས་ལེགས་གྲུབ་ཟིན་པའི་སྦིར་ཁུལ་དུ་བོད་ནས་གསར་ཕེབས་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་ལས་གཞིར་ཧིན་སྒོར་འབུམ་ ༧༦༨.༢༤ བཏང་ཡོད་པ་དང་དེ་བཞིན་བཞུགས་སྒར་དུ་ལེགས་གྲུབ་ཟིན་པའི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་སྡོད་ཁང་དང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་ཀྱི་རྣམས་ཀྱི་ཆེད་ལས་ཤག་གྲངས་༦ བཅས་གསར་རྒྱག་གི་ལས་གཞིར་ཧིན་སྒོར་འབུམ་ ༡༧༦ བཏང་ཡོད་པ་རེད།  བེད་སྐྱིད་གླིང་ཉེ་འཁྲིས་ཁ་འཐོར་ཁྱིམ་ཚང་ ༡༡༦ ལ་གཞིས་ཁང་གསར་སྐྲུན་བྱ་རྒྱུའི་སྔོན་འགྲོའི་ལས་རིམ་འགྲོ་མུས་ཡིན་པ་རེད།     ཡང་སྤྱི་འཐུས་གཅིག་གིས་བཀའ་ཤག་གི་དེ་སྔ་གསར་གཏོད་གནང་པའི་སྤུན་སྲིང་ལས་གཞི་དེའི་བརྒྱུད་ད་བར་གྲུབ་འབྲས་ཇི་ཐོན་སྐོར་ལ་བཀའ་འདྲི་ཞུས་པར་ནང་སྲིད་ལས་ཁུངས་ཀྱིས་ཐོག་མའི་རེ་བ་ལྟར་བསྒྲུབ་ཐུབ་མེད་ཀྱང་། ལས་གཞི་དེ་མུ་མཐུད་མཇུག་སྐྱོང་ཡོང་སླད་ཤུགས་སྣོན་སྐྱོན་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད། གཞན་ཡང་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཁོངས་ལས་དོན་གཞན་གྲུབ་དང་གྲུབ་མེད་པ་གཅིག་དེ་ཁེ་ན་ཊར་གཞིས་སྤོའི་ལས་གཞི་དེ་ཆགས་ཀྱི་ཡོད་པ་དང་། དེའི་འོག་མི་འགྲོ་ ༨༩༠ ལས་ད་བར་མི་གྲངས་ ༦༨༩ ཁེ་ན་ཊར་ཐོན་ཟིན་འདུག་པ་དང་། མི་གྲངས་ ༢༠༡ ཁོངས་ནས་མི་གྲངས་ ༨༢ རིང་མིན་བསྐྱོད་གཏན་འཁེལ་ཡོད་པ་རེད་འདུག རྩ་བའི་དེ་རིང་སྔ་དྲོ་ནས་གྲོང་ཚོགས་ནང་གཞུང་འབྲེལ་གྱི་སྒྲིག་གཞི་བསྐྱར་བཅོས་ཐོག་ལ་བགྲོ་གླེང་ཁག་ཅིག་ཕེབས་ཡོད་པ་རེད།  

བཀའ་ཤག་ནས་རྐྱེན་ལ་མ་ལྟོས་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ།

དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ལས་ཉིན་གསུམ་པའི་ཐོག་བོད་ལ་༸གོང་ས་མཆོག་ལས་ལྷག་པ་བཀྲིན་ཅན་མེད་གསུངས་པ་དང་ཆབས་ཅིག  བཀའ་ཤག་ནས་རྐྱེན་ལ་མ་ལྟོས་པར་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། དེ་ཡང་བཀའ་ཤག་གི་གསལ་བཤད་ཅེས་པའི་ལས་རིམ་སྐབས་སྲིད་སྐྱོང་མཆོག་གིས་བོད་དང་རྒྱ་ནག་གནང་གི་འགོ་ཁྲིད་འཕོ་འགྱུར་གྱི་འགྱུར་བ་ཁག་ཅིག་སྐོར་དང་། རྒྱ་གར་གཞུང་དམངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་འགྱུར་འགྲོས་སོགས་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་སྐོར་ལ་གསུངས་ཡོད་པ་རེད། ཁྱད་པར་དུ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་འདིའི་ཐོག་ནས་ད་ལྟ་༸གོང་ས་མཆོག་ཡོ་རོབ་ནང་དུ་མཛད་འཕྲིན་སྐྱོང་བཞིན་པ་དེ་དག་ལ་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་དབུ་ཁྲིད་ཙམ་མ་ཟད། མང་ཚོགས་ཁྲི་ཚོ་མང་པོས་དད་གུས་དང་དགའ་མོས་ཤུགས་ཆེ་ཞུ་མུས་ཐོག་༸རྒྱལ་བའི་མཛད་འཕྲིན་སྔར་ལྷག་རྒྱས་བཞིན་པ་དེ་ནི་ང་ཚོ་དགའ་སྤོབས་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་སྐོར་གསུངས་སོང་བ་དང། དེ་མཚུངས་སྲིད་སྐྱོང་མཆོག་གིས་ཉེ་ཆར་མི་གཉིས་གསུམ་ཙམ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ཞིང་། བོད་ཟེར་ནའང་འདྲ། ནང་ཆོས་ཟེར་ནའང་འདྲ། རྩ་དོན་ཟེར་བ་དེ་དག་ད་བར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གནས་ཐུབ་པ་དེ་དག་ནི་༸གོང་ས་མཆོག་གིས་༸སྐུ་དྲིན་ཉག་གཅིག་གི་ཡིན་པས། བོད་ལ་༸གོང་ས་མཆོག་ལས་ལྷག་པ་བཀྲིན་ཅན་ཞིག་མེད་སྟབས་མགོན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་རྒྱུ་བཀའ་ཤག་གི་འགན་ཡོད་ལ་མུ་མཐུད་དེ་ལྟར་རྒྱུ་གནང་ཡིན་ཅེས་གསུངས་ཡོད། སྒོས་སུ་སྲིད་སྐྱོང་མཆོག་གིས་འགའ་ཞིག་གིས་མང་གཙོ་དང་གཏམ་བརྗོད་རང་དབང་སོགས་བརྗོད་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡོད་སྟབས། བཀའ་ཤག་གིས་རྐྱེན་ལ་མ་ལྟོས་པར་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་ལ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ངག་དེར་གདོང་ལེན་གང་གནང་དགོས་ཀྱང་གནང་ངེས་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་སྐབས་དེར་སྲིད་སྐྱོང་མཆོག་གིས་ཉེ་ཆར་གསར་དུ་བསྐོ་གཞག་བྱེད་པ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཝུ་ཡིང་ཇེ་སྐོར་ལས་བོད་དང་རྒྱ་ནག་ནང་གི་འགྱུར་བ་ཁག་ཅིག་སྐོར་ལ་གསུངས་སོང་བ་དང། ལྷག་པར་དུ་དེང་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་ཆབ་སྲིད་ཐོག་ལ་གང་ཙམ་འཁྲུག་པོ་ཞིག་གཟིགས་ཀྱི་ཡོད་པ་གསུངས་གནང་སོང་། གཞན་ཡང་བཀའ་ཤག་གི་གསལ་བཤད་ཀྱི་དེའི་ཐོག་ནས་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཚོགས་གྲུབ་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པའི་སྐོར་དང་། སྔ་ལོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་༸གོང་ས་མཆོག་མཇལ་འཕྲད་ལས་ཨ་རིའི་གཞུང་ནས་བོད་མིའི་ཐོག་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད་པའི་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལ་གསུངས་ཡོད་པ་རེད། དེ་རིང་བཀའ་ཤག་གི་གསལ་བཤད་སྒྲུབ་རྗེས་སྤྱི་འཐུས་རྣམ་པས་གསལ་བཤད་ཀྱི་དོན་གནད་སྤྱི་ལ་བསྔགས་བརྗོད་དང་། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་བོད་ལ་བཀྲིན་ཆེ་ཚུལ་སྐོར་ལ་ཞིབ་ཚགས་གསུངས་པ་དང་། ཁྱད་པར་དུ་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བཀའ་ཤག་གི་བཞེངས་ཕྱོགས་སྐོར་ལ་ཁ་གསལ་ནན་བརྗོད་གནང་པར་ལ་ལས་ཐུགས་རྗེ་ཆེ་ཞུ་ཡང་གསུང་མཁན་བྱུང་ཡོད་པ་རེད། བཀའ་ཤག་གི་གསལ་བཤད་དེའི་ཐོག་ལ་སྤྱི་འཐུས་ཁག་ཅིག་གིས་བོད་རྒྱ་འབྲེལ་མོལ་དང་སྐུ་ཚབ་གསར་པ་བསྐོ་དགོས་གལ་ཡིན་པ། དེ་བཞིན་སྒྲིག་འཛུགས་ནས་བོད་དོན་ལས་འགུལ་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་དྲི་བ་ཁག་ཅིག་ཕེབས་ཡོད་ནའང། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་ལ་བཀའ་ལན་གྱི་གོ་སྐབས་ལས་རིམ་རྗེས་མར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ས་གནས་ཁག་ཏུ་སྨན་པ་མེད་པའི་དཀའ་ངལ་སེལ་སླད་འཕྲོད་བསྟེན་ལས་ཁུངས་གཙོས་སྤྱི་ཚོགས་རང་ནས་དེར་ཐུགས་འགན་བཞེས་དགོས་པ་གསུངས་སོང་།

དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གྲོས་ཚོགས་ལས་ཉིན་གསུམ་པའི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་པའི་ཁྲོད། བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་སྨན་པ་དང་འཕྲོད་ལས་པ་མེད་པའི་དཀའ་ངལ་ཡོད་སྟབས་དཀའ་ངལ་དེ་སེལ་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ཙམ་མིན་པར་བོད་པའི་སྤྱི་ཚོགས་རང་གི་ངོས་ནས་ཐུགས་འགན་བཞེས་ཏེ་ཐབས་ལམ་ཚོལ་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་དེ་རིང་སྔ་དྲོ་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པ་འདིའི་ཐོག་སྤྱི་འཐུས་ཤིག་གིས་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྤེལ་བའི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཉིད་ཡིན་མིན་དང་། དེ་བཞིན་ནད་རིགས་སྔོན་འགོག་ཐད་ལས་འཆར་དང་ལས་རིམ་གང་ཡོད་མེད་བཅས་ཀྱི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་བཀའ་བློན་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའིསྤྱི་ཚོགས་ཁྲོད་སྤེལ་བའི་འཕྲོད་བསྟེན་ལས་གཞི་ཆེ་ཤོས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་གཅིག་པོ་མིན་པ་དང་། ནད་རིགས་སྔོན་འགོག་སླད་འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུའི་ལས་རིམ་དང་ཀྲི་བི་ནད་གཞིའི་སྔོན་འགོག་དང་སྨན་བཅོས། འཕྲོད་བསྟེན་སློབ་གསོ་དང་སྦྱོང་བརྡར། གཞན་ཡང་གཉན་ནད་རེག་དུག་སྔོན་འགོག་དང་ལྟ་སྐྱོང་སོགས་ཀྱི་ལས་འཆར་མང་པོ་ཞིག་གི་ཐོག་ལ་ལག་བསྟར་གང་ལེགས་ཞུས་དང་ཞུ་མུས་ཡིན་པ་གསུངས་སོང་། འཕྲོད་བསྟེན་གྱི་ནད་རིགས་སྔོན་འགོག་གི་ལས་འཆར་ལས་བོད་མིའི་གཞིས་ཁག་ཏུ་ཁྱིམ་ཚང་རེ་རེར་འཕྲོད་ལས་པ་ཆེད་བསྐྱོད་ཀྱིས་སློབ་གསོ་དང་བརྟག་དཔྱད་བཅས་གནང་གི་ཡོད་ཀྱང་། བོད་མིའི་གཞིས་སྒར་ཁག་མང་པོའི་ནང་ད་དུང་ཡང་འཕྲོད་ལས་པ་མེད་པའི་དཀའ་ངལ་དེ་མུར་ཡོད་སྐོར་བཀའ་འདྲི་ཞུས་པར། བཀའ་བློན་མཆོག་གིས་ས་གནས་ཁག་ཅིག་གི་ནང་ལ་ད་དུང་ཡང་འཕྲོད་ལས་པ་མེད་པའི་དཀའ་ངལ་གཏན་གཏན་འཕྲད་བཞིན་པར་ངོས་འཛིན་ཞུས་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ས་གནས་དེ་དག་ནང་འཕྲོད་བསྟེན་པ་གང་ཐུབ་ཅི་ཐུབ་ཀྱིས་ཆེད་གཏོང་བྱ་རྒྱུར་འབད་བརྩོན་གནང་དང་གནང་མུས་ཡིན་པ་མ་ཟད། ཉེ་བའི་ཆར་ས་གནས་ཐག་རིང་ཁག་ཏུ་ཆེད་དུ་དམིགས་ཏེ་འཕྲོད་ལས་པ་ཆེད་གཏོང་གིས་བོད་མིར་བརྟག་དཔྱད་གནང་པ་དང་། དེ་དག་གི་གྲངས་ཐོ་བསྡུ་ལེན་བྱས་པ་དང་ནད་རིགས་སྔོན་འགོག་ཡོང་ཐབས་ཀྱི་དམིགས་ཚད་ངེས་ཅན་ཞིག་འཛིན་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། ལྷག་པར་དུ་སྔ་དྲོའི་ཚོགས་ཐུན་དེའི་སྐབས་སྤྱི་འཐུས་འགའ་ཞིག་གིས་ཀྱང་ས་གནས་སྨན་ཁང་ཁག་ལ་ད་ཆ་སྨན་པ་མ་འདང་བའི་རྒྱུ་མཚན་གང་ཡིན་དང་དཀའ་ངལ་དེ་སེལ་ཐབས་སླད་འཆར་གཞི་གང་ཡོད་དམ་ཞེས་དང་། ཁོར་ཡུག་གཙང་བཟོ་གནང་ཐབས་ལ་འབད་པ་གང་གནང་ཡོད་མེད་བཅས་ཀྱི་ཐད་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་བོད་རིགས་སློབ་མ་ཉུང་ཤས་མ་གཏོགས་མང་དག་ཞིག་སྨན་པའི་ཡིག་རྒྱུགས་མ་འཕྲོད་པ་དང་། དེ་མིན་གསོལ་ཕོགས་དང་མཐུན་རྐྱེན་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ས་གནས་ཁག་གི་ནང་སྨན་པ་འདང་ངེས་ཤིག་ཡོང་ཐུབ་ཀྱི་མེད་སྐོར་གསུངས་སོང་བ་དང་། དཀའ་ངལ་ཡོད་པ་དང་དཀའ་ངལ་དེ་སེལ་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ཙམ་མིན་པར་བོད་པའི་སྤྱི་ཚོགས་རང་གི་ངོས་ནས་ཐུགས་འགན་བཞེས་ཏེ་ཐབས་ལམ་ཚོལ་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་རེད།

ལྷ་སྲུང་གི་རིགས་རྣམས་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་གནད་དོན་ནང་འཁྲིད་རྒྱུ་མེད་པ་གསུངས་སོང་།

དེ་རིང་ཟླ་ ༩ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཐོག་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ནས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་སོགས་ཆོས་ཕྱོགས་ཀྱི་ལས་དོན་དང་འཛིན་སྐྱོང་གི་ལས་དོན། དེ་བཞིན་ཡིག་མཛོད་ཚན་པའི་ལས་དོན་བཅས་དོན་ཚན་གསུམ་གྱི་ཐོག་ནས་ལོ་འཁོར་ལས་བསྡོམས་འགོད་འབུལ་གནང་ཡོད་པ་རེད། ཆོས་རིག་བཀའ་བློན་མཆོག་གིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གྲུབ་བསྟུན། སྤྱི་འཐུས་རྒྱུན་ལས་ནས་ཆོས་རིག་གི་ལས་བསྡོམས་རྒྱས་པ་ལ་ཞིབ་འཇུག་ཞུས་པའི་སྙན་ཐོ་འགོད་འབུལ་ཞུས་པར་དྲི་བ་དྲི་ལན་དང་བགྲོ་གླེང་བཅས་གནང་སྐབས། སྤྱི་འཐུས་གཅིག་གིས་གཞུང་གཞུང་བསྟེན་དགྲ་ལྷའི་གོཙ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་ཞུས་སྐོར་དང་འབྲེལ། སྤྱིར་ལྷ་སྲུང་སྤྱན་འདྲེན་ཞུ་རྒྱུ་དེ་ནི་བོད་མིའི་གནའ་བོའི་གོམས་སྲོལ་རྩ་ཆེན་ཞིག་དང་དེ་དགོས་ངེས་ཅན་ཞིག་ཆགས་ཀྱི་ཡོད་ཀྱང་། དེ་ཆོས་ཕྱོགས་དང་འབྲེལ་བའི་ཐོག་ནས་ལྷ་སྲུང་སྤྱན་འདྲེན་ཞུ་དགོས་པ་མ་གཏོགས་དེ་མིན་སྲིད་ཀྱི་གནད་འགག་དང་འབྲེལ་ཐོག་ལྷ་སྲུང་རིགས་མིའི་རྙོག་གླེང་ནང་འཁྲིད་ཐབས་བྱ་རྒྱུ་དེ་གཏན་ནས་འགྲིག་གི་མེད་སྐོར་ཚོར་ཤུགས་ཆེན་པོ་གསུངས་གནང་སོང་། སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་སྤྱི་འཐུས་ཀྱི་དྲི་བར་བཀའ་ལན་གནང་དོན་ལ། སྒྲིག་འཛུགས་ཀྱིས་ལྷ་སྲང་རྣམས་ཀྱི་དྲུང་ནས་བཀའ་ལུང་གང་ཞིག་ཞུ་རུང་དེ་སྒྲིག་འཛུགས་ཀྱི་མ་འོངས་པའི་ལས་དོན་གང་སྤེལ་དེ་དག་ལ་འཆར་གཞི་དང་སྲིད་བྱུས་གཏན་འབེབས་ཟིན་རིགས་ཁག་ལ་མི་མཐུན་པའི་འགལ་རྐྱེན་སེལ་ཕྱིར་སྤྱན་འདྲེན་ཞུས་པ་མ་གཏོགས་ཆབ་སྲིད་ཀྱི་ལས་དོན་གང་བརྩམ་དགོས་མིན་ཐད་བཀའ་ལུང་ཞུ་སྲོལ་མེད་ཅེས་གསུངས་ཡོད་པ་རེད། གཞན་ཡང་སྤྱི་འཐུས་ཤིག་གིས་བགྲོ་གླེང་དེའི་ཐོག་ལ་ཆ་ཤས་བཞེས་པར་སྒྲིག་འཛུགས་ཀྱིས་ལོ་ལྟར་ས་ག་ཟླ་བའི་སྐབས་དང་བསྟུན། ༸རྒྱལ་བའི་སྐུ་ཚེ་ཚེ་སྒྲུབ་ལ་དམིགས་ཏེ་ས་གནས་འགོ་འཛིན་ལས་ཁུངས་ཁག་བརྒྱུད་སེམས་ཅན་སྲོག་བླུ་དང་ཚེ་ཐར་གཏོང་སྲོལ་ཡོད་པ་དེས་སེམས་ཅན་བཙོང་མཁན་ཚོས་རྒྱུ་མཚན་དེ་ལ་དམིགས་ནས་ཆེད་མངགས་ཉ་དང་བྱ་རིགས་སོགས་གང་མང་འཇུ་བཟུང་བྱེད་ཀྱི་ཡོད་པ་དེ་དོན་དངོས་དགེ་བའི་ལས་ལ་འཇུག་གི་ཡོད་མེད་ཐད་དགོངས་ཚུལ་ཕུལ་སོང་། ཆོས་རིག་བཀའ་བློན་མཆོག་གིས་སྐབས་དེར་ཤིང་ལུགས་ལོའི་ནང་ཁྱོན་སེམས་ཅན་ཆེ་ཆུང་ ༤༧༢༣༤༥ སྲོག་བླུ་བཏང་ནས་༸སྐུ་ཚེ་ཚེ་སྒྲུབ་གནང་ཡོད་པ་དང་། སེམས་ཅན་གང་ཚེ་ཐར་བཏང་ཡོད་པ་རྣམས་མིང་དོན་མཚུངས་པའི་ཚེ་ཐར་གཅིག་ཡོང་ཐབས་སུ་ཆོས་རིག་ལས་ཁུངས་ནས་བཀའ་བསྡུར་གྱིས་རིམ་པའི་ས་གནས་འགོ་འཛིན་ལས་ཁུངས་ཁག་ལ་ནན་བསྐུལ་གྱིས་བཀོད་ཁྱབ་གནང་རྒྱུ་ཡིན་ཅེས་གསུངས་ཡོད། དེ་རིང་གྲོས་ཚོགས་ལས་ཉིན་གཉིས་པའི་ཐོག་གཞན་ཡང་སྒྲིག་འཛུགས་ཀྱི་ངོས་ནས་དགེ་བཙུན་རྣམ་པ་གཙོས་འབྲེལ་ཡོད་སོ་སོར་སློབ་ཡོན་དང་གསོལ་ཕོགས། དེ་བཞིན་འཚོ་སྣོན་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཡོད་སྐོར་དང་། ལྷག་དོན་རུ་སོག་ཁུལ་གྱི་སློབ་གྲྭ་ ༨༢ ལ་སློབ་ཡོན་སྦྱོར་སྤྲོད་ཞུས་དགོས་སྐོར་བཅས་གནད་དོན་ཁག་ཅིག་ཀྱང་བསྣམས་ཕེབས་ཡོད་པ་རེད།

Latest news