Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2016

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཉན་ཞིབ་ཐོག་ལྷན་ཞུགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བདེན་དཔང་གནང་པའི་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཚེས་ ༢༣ ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ Ottawa ནང་ལ་རྟེན་གཞི་བྱས་པའི་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཐོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བདེན་དཔང་གནང་འདུག་པ་དང་། སྐབས་དེར་ཁུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Sweet ལགས་དང་སྐུ་ཞབས་ Randall Garrison ལགས། ལྕམ་ Iqra Khalid ལགས་དང་སྐུ་ཞབས་ David Anderson ལགས། གཞན་ཡང་ཁུལ་དེའི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་འཐུས་མི་སོགས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་སྒོས་ཉེས་དུས་སུ་རྒྱ་ནག་གཞུང་གིས་སེར་རྟ་བླ་རུང་སྒར་དགོན་པའི་ཆོས་གྲྭ་དང་གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་བརྒྱུད་ས་གནས་བོད་མིའི་ཆོས་དད་རང་དབང་ལ་ཚོད་འཛིན་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ནན་པོ་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་སྐབས་དེར་བཅར་བའི་གྲོས་ཚོགས་འཐུས་མི་ཁག་ཅིག་གི་དྲི་བར་བཀའ་ལན་དང་སྦྲགས་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་སྡེ་ཆེན་པོ་ཁག་གཏོར་བཤིག་གཏོང་བཞིན་པ་དེ་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷག་པར་དུ་སྲོལ་རྒྱུན་གི་གོམས་གཤིས་ཁག་རྩ་མེད་གཏོང་རྒྱུའི་ཐབས་བྱུས་ཤིག་ཡིན་པར་འགྲེལ་བརྗོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་རྒྱུ་གྲ་སྒྲིག་ཡོད་ཀྱང་། རྒྱ་གཞུང་ཕྱོགས་ནས་ད་བར་འདོད་བློ་འཁེངས་པའི་ཡ་ལན་ཙམ་ཡང་བྱེད་མེད་པ་གསལ་བཤད་གནང་ཡོད་པ་རེད། ད་དུང་སྲིད་སྐྱོང་མཆོག་ནས་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། རིན་པོ་ཆེའི་གནད་དོན་ཐད་ལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་འགྲོ་བ་མིའི་ཐབ་ཐང་ལྷན་ཚོགས་ནས་རང་དབང་ལྡན་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྒྱ་གཞུང་དང་ལྷན་གྲོས་མོལ་གནང་གལ་ཡིན་པའི་འབོད་སྐུལ་ཡང་ཞུས་འདུག གཞན་ཡང་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Sweet ལགས་ཀྱིས་བོད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ནས་དོ་སྣང་ཇི་ཚམ་གནང་གི་ཡོད་མེད་དང་། ལྷག་པར་དུ་ཁེ་ན་ཌའི་ངོས་ནས་བོད་དོན་ཐོག་ཤུགས་གནོན་འཕར་མ་གང་གནང་དགོས་མིན་སོགས་ཀྱི་ཐོག་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་ནས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ཚོང་དང་ཆབ་སྲིད་ཀྱི་སྟོབས་ཤུགས་རྐྱེན་པས་རྒྱ་ནག་ལ་ཞེད་སྣང་བྱེད་བཞིན་ཡོད་ཀྱང་། བོད་མི་རྣམས་ལ་སྡུག་རུས་དང་སྙིང་སྟབས་ཆེན་པོ་ཡོད་སྟབས་བོད་བོད་ཀྱི་གནད་དོན་དེ་གང་མགྱོགས་སེལ་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། ཁྱད་པར་དུ་ད་རེས་ཁེ་ན་ཌའི་སྲིད་གཞུང་དང་ཆབ་སྲིད་ཚོགས་ཁག་གི་རྒྱབ་སྐྱོར་འོག་བོད་ནང་གི་གནས་སྟངས་ཁག་རྒྱལ་སྤྱིའི་ཐོག་གསལ་བཤད་ཞུ་རྒྱུའི་གོ་སྐབས་བསྐྲུན་པ་དེས་བོད་ནང་ལ་ཡོད་པའི་བོད་མི་ཚོར་དམིགས་བསལ་གྱི་རྒྱབ་སྐྱོར་གནང་པ་ཞིག་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། མ་འོངས་པར་ཁེ་ན་ཌའི་ཆབ་སྲིད་ཚོགས་པ་ཁག་གི་དམིགས་བསལ་སྐུ་ཚབ་ཞིག་བོད་ནང་རྟོག་ཞིབ་ཆེད་ཕེབས་ཐུབ་རྒྱུར་འབད་བཙོན་གནང་བར་འབོད་སྐུལ་སོགས་ཞུས་འདུག ཁ་སང་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་བདེན་དཔང་ལས་རིམ་གྲུབ་རྗེས་ཨ་རིའི་ཕྱོགས་སུ་ཕེབས་ཐོན་གྱིས་ཁུལ་དེའི་ Thanks Giving འམ་ཐུགས་རྗེ་ཆེ་ཞུའི་ལྷན་ཚོགས་ཐོག་ལྷན་ཞུགས་གནང་རྒྱུ་དང་། ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་མཚོགས་པའི་སྤྱི་ཁང་ཉམས་གསོའི་ལས་གཞིར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུའི་གསུང་བཤད་གནང་འདུག གཞི་རྩའི་སྲིད་སྐྱོང་བླ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༡ འགོ་འཛུགས་ཀྱིས་ཁེ་ན་ཌའི་རྒྱལ་ས་ Ottawa ནང་དུ་ཁུལ་དེའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ས་གནས་བོད་མི་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་པ་དང་། སང་ཉིན་སྲིད་སྐྱོང་མཆོག་ནས་བྱང་ཨ་རིའི་ས་གནས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། དེ་རྗེས་ཡོ་རོབ་རྒྱལ་ཁབ་འཇར་མ་ནིར་གཞུང་འབྲེལ་འཚམས་གཟིགས་ཕེབས་ཀྱི་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༦།༡༡།༢༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་སོག་ཡུལ་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་ཉེ་ཧོང་ནང་༸ཞབས་སོར་འཁོད་འདུག ཁེ་ན་ཌའི་གྲོས་ནང་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་པ། ངོ་དེབ་སྤྱི་ཚོགས་དྲ་ལམ་ནས་མང་ཚོགས་ཀྱི་བསམ་བརྗོད་རང་དབང་ལ་ཚོད་འཛིན། བཞུགས་སྒར་ཁུལ་གྱི་བོད་མིའི་སྡོད་ཁང་གཅིག་ལ་མེ་སྐྱོན་ཤོར་བ། རྒྱ་གཞུང་གིས་ཇོ་མ་གླང་མའི་ཉེ་འགྲམ་དུ་འཛུགས་བསྐྲུན་ལས་གཞི་སྤེལ་འཆར། ཤེས་རིག་ལས་ཁུངས་ནས་ཨིན་བོད་ཤན་སྦྱར་གྱི་ཨང་རྩིས་ཚིག་མཛོད་འདོན་རྒྱུ། Wednesday 23/11/2016 Dalai Lama back in Japan after completing Mongolia trip Canadian lawmaker expresses Tibet support in Parliament Education department to publish English-Tibetan Math dictionary Facebook said to create censorship tool to get back into China Fire incident in Dharamsala leaves three families in distress China to invest millions in massive facility near Mt. Everest

༸གོང་ས་མཆོག་སོག་ཡུལ་ནང་གི་མཛད་འཆར་ལེགས་གྲུབ་ཀྱིས་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་ཉིན་གྲངས་བཞིའི་རིང་བཀའ་ཆོས་དང་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ། དེ་བཞིན་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་ཉི་ཧོང་དུ་ཉིན་རྒྱབ་ཚོུད་ ༢།༣༠ ཡོལ་ཙམ་ལ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག དེ་ཡང་༸གོང་ས་མཆོག་གིས་སོག་ཡུལ་ནང་གི་མཛད་འཆར་ཁག་ལེགས་གྲུབ་དང་བསྟུན་སླར་ཉི་ཧོང་དུ་ཆིབས་བསྒྱུར་མཛད་དོན་ནི་༸གང་ཉིད་མཆོག་གིས་ཟླ་འདིའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༡༩ རིང་ཉི་ཧོང་དུ་མཛད་འཕྲིན་རྒྱ་ཆེ་བསྐྱང་གཏན་འཁེལ་ཡང་། ཕྱི་ཚེས་ ༡༨ ཉིན་མགོན་པོ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་ཅིག་རེ་ཞིག་མཇུག་སྒྲིལ་མཛད་ནས་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཡོད་སྟབས། སླར་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ཅིག་འཕྲོ་སྐྱོང་མཛད་ཕྱིར་སོག་ཡུལ་ནས་ཉི་ཧོང་དུ་ཆིབས་བསྒྱུར་མཛད་པ་ཞིག་ཡིན་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་སང་ཚེས་ ༢༤ ཉིན་སྔ་དྲོ་ཉི་ཧོང་གི་གྲོང་ཁྱེར་ Khanazawa ཕྱོགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད། དེའང་ཁུལ་དེར་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུ་ཕུལ་དོན་ལྟར་སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་། ཚེས་ ༢༥ ཉིན་རྒྱབ་ཁུལ་དེའི་ཆོས་ཞུ་བ་ཁག་ཅིག་ལ་བཀའ་ཆོས་བསྩལ་རྒྱུ་མ་ཟད། དེ་རྗེས་ཚེས་ ༢༦ ཉིན་ཉི་ཧོང་གི་གྲོང་ཁྱེར་ Sayitama ནང་དུ་རྟེན་གཞི་བྱས་པའི་སྨན་ཁང་ཞིག་ཏུ་ཆིབས་བསྒྱུར་གྱིས་སྨན་ཁང་གི་འགན་འཛིན་དང་འབྲེལ་ཡོད་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་འདུག ༸གོང་ས་མཆོག་གིས་སོག་ཡུལ་ནང་གི་གསར་འགོད་པའི་བཀའ་འདྲི་དང་ལེན་མཛད་པ་དང་སྦྲགས་མགོན་པོ་མཆོག་གིས་ད་ལན་སོག་ཡུལ་དུ་དུས་ཡུན་ཐུང་ངུ་འདིའི་ནང་མཛད་འཆར་ཁག་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཞེས་བཀའ་བསྩལ་གནང་པ་དང་འབྲེལ། མགོན་པོ་མཆོག་གིས་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དབར་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཞིག་ཡོད་པ་དང་༸གང་ཉིད་མཆོག་དང་ཆེས་མཛའ་བའི་གྲོགས་པོ་ཡིན་་སྟབས། མགོན་པོ་༸གང་ཉིད་མཆོག་གིས་རིན་པོ་ཆེ་སྐུ་ཐོག་གོང་མར་སོག་ཡུལ་རང་དུ་ཡང་སྤྲུལ་འཁྲུངས་དགོས་གལ་ཡིན་པ་བཀའ་བསྩལ་དོན་ལྟར། ཡང་སྤྲུལ་འདི་ནི་འཁྲུལ་བྲལ་ཞིག་ཡིན་པ་བཀའ་བསྩལ་འདུག ལྷག་དོན་༸གོང་ས་མཆོག་གིས་ད་ཆ་ཡང་སྤྲུལ་ལོ་ན་ཆུང་ཆུང་ཡིན་པས་སློབ་གཉེར་གནང་བཅུག་ནས་རིམ་པའི་དགུང་ལོ་གསུམ་བཞི་ལ་ཕེབས་སྐབས་ཡང་སྤྲུལ་ཡོངས་བསྒྲགས་གནང་ན་འགྲིག་སྐོར་ལམ་སྟོན་མཛད་འདུག དེ་རྗེས་ ༸གོང་ས་མཆོག་ལ་མ་འོངས་པར་སོག་ཡུལ་དུ་དུས་དབང་བསྩལ་རྒྱུ་ཐད་བཀའ་འདྲི་ཞུས་པར་བཀའ་ལན་དུ་མགོན་པོ་མཆོག་གིས་དེའི་ཐོག་མ་འོངས་པར་དགོངས་བཞེས་གནང་རྒྱུ་ཡིན་པ་དང་གལ་ཏེ་ཐུགས་གཏན་འཁེལ་ཚེ་དབྱར་དུས་སུ་གནང་ཐུབ་ན་ལེགས་ཚུལ་གྱི་བཀའ་སྩལ་ཡོད་པ་རེད། གཞན་ཡང་༸གོང་ས་མཆོག་ལ་གསར་འགོད་པས་༸སྐུ་ཉིད་ད་རེས་སོག་ཡུལ་ནང་ཆིབས་བསྒྱུར་མཛད་པར་རྒྱ་གཞུང་གིས་སྐྱོན་བརྗོད་ཐེངས་གཉིས་བྱས་ཡོད་པ་དེའི་ཐད་དགོངས་ཚུལ་ཇི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་རྒྱ་གཞུང་གི་བྱེད་སྟངས་དེ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། ༸སྐུ་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་ད་ལྟའི་ཆར་ཉི་ཧོང་དང་སོག་ཡུལ་གཉིས་མ་གཏོགས་ནང་པའི་རྒྱལ་ཁབ་གཞན་ཁག་ཏུ་ཕེབས་ཆོག་གི་མེད་པ་བཀའ་བསྩལ་བ་དང་སྦྲགས། རྒྱ་གཞུང་གིས་ངོས་རྒྱལ་ཁབ་ཁ་བྲལ་བ་ཞིག་ཡིན་པར་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་ཐོག་ནས་༸གང་ཉིད་རང་བཙན་རྩོད་ཀྱི་མེད་པར་ངོས་ལེན་ཞུ་བཞིན་ཡོད་སྐོར་དང་། མགོན་པོ་མཆོག་ནས་དུས་རྟག་ཏུ་ཕྱོགས་གཉིས་ཀར་ཕན་པ་ཞིག་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་གནང་འདུག

ཁེ་ན་ཌའི་གྲོས་ཚོགས་སུ་བོད་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག

ཁེ་ན་ཌའི་གྲོས་ཚོགས་ནང་དུ་ཡུལ་དེའི་གྲོས་ཚོགས་འོག་མའི་ Parkdale འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ཀྱིས་བོད་དོན་དང་དབུས་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག ཁ་སང་ཚེས་ ༢༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ Canada རྒྱལ་ས་ Ottawa ནང་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་སུ་ཕེབས་པ་དང་འབྲེལ། ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་བཞིན་པའི་ཐོག་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ཀྱིས་སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་༸གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ནས་འོས་འདེམས་བྱེད་པའི་འགོ་ཁྲིད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐོར་ངོ་སྤྲོད་གནང་པ་དང་སྦྲགས། ཁོང་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་གནང་མཁན་ཞིག་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་རྩོད་བཞིན་ཡོད་པ་དང་། སྲིད་བྱུས་དེའི་བརྒྱུད་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་གསལ་ཐུབ་རྒྱུ་ཡིན་པ་མ་ཟད། དེའང་འདྲ་མཉམ་དང་ཕན་ཚུན་མཐུན་སྒྲིལ་གྱི་ལམ་ནས་དོན་དམ་གྱི་བརྟན་ལྷིང་དང་མཉམ་གནས་ཐུབ་རྒྱུ་ཡིན་སྐོར་སོགས་གསུངས་པ་དང་ཆབས་ཅིག  ཁོང་རང་ཉིད་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་བཞིན་པར་གུས་བརྩི་ཞུ་བཞིན་ཡོད་ཅེས་གསུངས་འདུག དེ་རྗེས་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཀྱི་གསར་འགོད་ཚོགས་ཁང་དུ་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བོད་དོན་རྒྱབ་སྐྱོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Arif Virani ལགས་དང། ཚོགས་གཞོན་ Garnett Genuis དེ་བཞིན་ཚོགས་གཞོན་ Radal Garrison བཅས་གསུམ་གྱིས་སྲིད་སྐྱོང་མཆོག་ད་ལན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས། བོད་མི་དང་བོད་ཀྱི་གནད་དོན་ལ་ཐུག་སྐབས་ཁེ་ན་ཌའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀས་ལངས་ཕྱོགས་གཅིག་གྱུར་ཐོག་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད། ཁོང་རྣམས་ནས་ད་ལྟ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་ནང་དམག་དཔུང་རྒྱ་སྐྱེད་ཀྱི་ལས་གཞིའི་གནས་སྟངས་ལ་སེམས་འཚབ་ཡོད་པ་མ་ཟད། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལངས་ཕྱོགས་འདིའི་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་སྟབས། ཁེ་ན་ཌར་ཆ་མཚོན་ན། རྩ་ཁྲིམས་གཅིག་གི་འོག་མི་རིགས་དང་རིག་གཞུང་འདྲ་མིན་འཆམ་མཐུན་དང་ཞི་བདེ་ངང་མཉམ་གནས་བྱེད་བཞིན་པའི་གནས་སྟངས་འདིར་འཛམ་གླིང་གི་མི་རིགས་གཞན་རྣམས་ཚོའི་མིག་དཔེར་བརྩི་བཞིན་ཡོད་སྟབས། ཁེ་ན་ཌའི་ནང་དུ་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་གཞན་ལས་བཟང་བ་ཡོད་པ་མ་ཟད། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡང་གནང་གི་ཡོད་པ་སོགས་གསུངས་འདུག ཁོང་རྣམས་ནས་དུས་སྐབས་དེ་དང་བསྟུན་ཁེ་ན་ཌ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་གནད་དོན་སེལ་ཏེ་བོད་མི་ཚོར་ཚད་ལྡན་རང་སྐྱོང་གི་གནས་བབ་ཐོབ་ཆེད་དུ་ཁེ་ན་ཌའི་གཞུང་གིས་མུ་མཐུད་ནས་རྒྱབ་སྐྱོར་ཚད་མཐོན་པོར་གནས་ཐུབ་པ་བྱ་རྒྱུ་དེ་ཡིན་པ་ལྟར། སྲིད་བློན་ Justine Trudeau མཆོག་གིས་སྣེ་ཁྲིད་པའི་ཁེ་ན་ཌའི་གཞུང་གསར་པའི་ངོས་ནས་དེ་སྔའི་གཞུང་ནས་བོད་དོན་རྒྱབ་སྐྱོར་གྱི་ལངས་ཕྱོགས་དེའི་རང་གི་ཐོག་མུ་མཐུད་ཤར་བསྐྱོད་གནང་རྒྱུར་རེ་བ་ཞུ་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཁ་སང་ Reuters གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་Canada གཞུང་གིས་ཡུལ་དེའི་ནང་གི་ French སྐད་ཡིག་གཙོ་གྲས་སུ་བཞག་མཁན་ Quebec རང་སྐྱོང་མངའ་སྡེའི་ཐོག་འདྲ་མཉམ་དང་དྲང་བདེན་གྱི་ཐོག་ནས་གཟིགས་སྐྱོང་གནང་པ་ལྟར། ཁེ་ན་ཌ་འདི་བཞིན་བཟང་ཕྱོགས་ཀྱི་ཐོག་ནས་ས་མཐོན་པོར་ཆགས་ཡོད་སྟབས། Quebec ཀྱི་གནད་དོན་དཔེར་བླངས་ནས་རྒྱ་ནག་གཞུང་ལ་གདེངས་ཚོད་ལྡན་པའི་ཐོག་ནས་རྒྱ་ནག་དང་གྲོགས་པོའི་འདུ་ཤེས་འཛིན་ཏེ་རང་སྐྱོང་ས་ཁུལ་ནང་དུ་ང་ཚོས་འདི་འདྲ་གནང་ཡོད། རྒྱ་གཞུང་གིས་ཀྱང་དེ་ལྟར་བྱེད་དགོས་གལ་ཡིན་པའི་ལམ་སྟོན་གནང་དགོས་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་དེ་སྔའི་ཁེ་ན་ཌའི་སྲིད་བློན་གཉིས་པོ་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མྱོང་ཡོད་པ་བཞིན། ལོ་རྗེས་མའི་ནང་༸གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་མཛད་སྐབས་སྲིད་བློན་ Justine Trudeau མཆོག་ནས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་འདུག དེ་སྲིད་སྐྱོང་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༧༠ མགོ་སྟོད་ཙམ་ལ་སྲིད་བློན་མཆོག་གི་ཡབ་དམ་པ་སྐུ་ཞབས་ Pierre Trudeau མཆོག་ནས་གཞུང་འཛིན་སྐབས་ཁེ་ན་ཌའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་ལེན་གནང་ཡོད་པ་དང་། དམ་པ་ཁོང་ནི་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་ཆེན་པོ་བཞེས་མཁན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ་ད་ལྟ་ཁོང་གི་བུས་ཀྱང་ཡབ་ལྟར་ཕྱག་ལས་མུ་མཐུད་རྒྱུན་སྐྱོང་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ Stephane Dion མཆོག་གིས་འདི་ལོ་རྒྱ་གཞུང་གི་བློན་ཆེན་ལྷན་དུ་མཇལ་འཕྲད་ཐེངས་གཉིས་གནང་པའི་སྐབས་སུ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་བཞིན། མ་འོངས་པར་རྒྱ་གཞུང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཞལ་གསང་པོའི་ཐོག་གླེང་སློང་གནང་གི་རེད་ཅེས་གསུངས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་དུ་བོད་ཀྱི་གནད་དོན་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྟབས། དེའི་ཐོག་ཕྱི་ཕྱོགས་ནས་ཐད་བྱུས་བྱེད་དབང་མེད་པར་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག

ཤེས་རིག་ལས་ཁུངས་ནས་ཨིན་བོད་ཤན་སྦྱར་གྱི་ཨང་རྩིས་ཚིག་མཛོད་འདོན་སྤེལ་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག་ཚོའི་དགོས་མཁོ་ལ་གཞིགས་ཏེ་ཨིན་བོད་ཤན་སྦྱར་ཐོག་དཔེ་རིས་ཅན་གྱི་ཨང་རྩིས་ཚིག་མཛོད་ཞིག་འདོན་སྤེལ་གནང་རྒྱུ་རེད་འདུག དེའང་འདོན་སྤེལ་ཞུ་གཏན་འཁེལ་བའི་ཨིན་བོད་ཤན་སྦྱར་གྱི་ཨང་རྩིས་ཚིག་མཛོད་དེའི་སླད་དུ་ཁ་ཉིན་ཟླ་ ༡༡ ཚེས་ ༢༡ ནས་ ༢༣ བར་ཉིན་གསུམ་རིང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་ཚིག་གནད་གཅིག་བསྡུས་ཀྱི་དཔེ་རིས་ཅན་གྱི་ཨིན་བོད་ཤན་སྦྱར་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ་བསྐོངས་ཚོགས་གནང་འདུག ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་འགན་འཁུར་བ་རྣམ་པ་དང་། ཤེས་རིག་ལས་ཁུངས་ནས་བསྐོ་བཞག་གནང་བའི་བོད་ཁྱིམ་དང་དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་བསྐྱར་ཞིབ་ཚོགས་མི་རྣམས། དེ་བཞིན་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་ལྷན་ཞུགས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་འདོན་འཆར་ཡོད་པའི་ཨིན་བོད་ཤན་སྦྱར་གྱི་ཨང་རྩིས་ཚིག་མཛོད་དེ་གཞི་རིམ་སློབ་གྲྭ་ཁག་གི་གནས་ཚད་དང་འཚམས་པའི་ཨང་རྩིས་ཐ་སྙད་ཡོངས་རྫོགས་ཤིག་གཅིག་བསྡུས་གནང་སྟེ། འགྲེལ་བརྗོད་དང་། དཔེ་རིས་དང་བཅས་པའི་ཚིག་མཛོད་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས། ཚིག་མཛོད་དེའི་བརྒྱུད་ནས་མ་འོངས་པར་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། དགེ་རྒན། དེ་བཞིན་བོད་ཡིག་ཐོག་ཨང་རྩིས་སློབ་དེབ་རྩོམ་སྒྲིག་གནང་མཁན་ཚང་མར་དགེ་མཚན་ཆེན་པོ་ཡོང་ངེས་ཡིན་པ་གསུངས་སོང་། ལས་འཆར་ལ་གཞིགས་ན། ཨིན་བོད་ཤན་སྦྱར་གྱི་ཨང་རྩིས་ཚོག་མཛོད་དེ་ལོ་རྗེས་མའི་ཟླ་ ༤ པ་ནང་ལེགས་གྲུབ་ཐོག་འདོན་སྤེལ་གནང་རྒྱུ་རེད་འདུག  

རེས་གཟའ་མིག་དམར། ༢༠༡༦།༡༡།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སོག་ཡུལ་མང་ཚོགས་ལ་དེང་རབས་ཤེས་ཡོན་དང་ཆོས་ཀྱི་བསླབ་བྱ་ཟུང་འབྲེལ་དགོས་གལ་སྐོར་ལམ་སྟོན་བསྩལ་འདུག བོད་མིའི་སྒྲིག་འཛུགས་ནས་ཉམ་ཐག་དང་རྒན་འཁོགས་ ༢༠༠༠ མན་ཙམ་དུས་དབང་དུ་འཁྲིད་རྒྱུ། འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འགན་ཁུར་བ་རྣམས་ལ་ཟབ་སྦྱོང་གནང་བཞིན་པ། རྒྱ་གཞུང་གིས་ལོ་གཅིག་ནང་བཙོན་པའི་ནང་ཁྲོལ་འབུམ་གཅིག་ལྷག་བརྗེ་ལེན་བྱེད་ཀྱི་ཡོད་པ་ཐེར་བཏོན། གླུ་གཞས་ལེ་ཚན། སྟོད་དིང་རིའི་འཁྲབ་གཞས། ཕུ་ཡི་གནས་ཆེན་རོང་ཕུ། Tuesday 22/11/2016 Mongolia has the potential to be a role model for Peace, says the Dalai Lama CTA to sponsor over 2000 poor and old Tibetans for the upcoming Kalachakra:Sikyong Human Rights advocates call upon Australia to urge China to end organ harvesting trade CTA holds training cum workshop on TMS Awareness and Enrolment Planning 2017-18 MUSIC FEATURE: ‘Nechen Rongpo’ by TIPA

༸གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་དང་ཆོས་ཀྱི་བསླབ་བྱ་གཉིས་ཟུང་འབྲེལ་ཐོག་སོག་ཡུལ་དེ་དམིགས་དཔེ་འོས་པ་ཞིག་བཟོ་དགོས་པར་ལམ་སྟོན་མཛད་འདུག

དེ་རིང་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་རྒྱལ་ས་ ཨུ་ལཱན་བ་ཏར་ནང་དུ་རྟེན་གཞི་བྱས་པའི་སོག་ཡུལ་གྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་ཆེན་མོར་ཁུལ་དེའི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་རྣམས་ལ་མཇལ་ཁ་དང་དུས་རབས་ ༢༡ པའི་ནང་པ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་སློབ་མ་ཁག་ནས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་བ་དང་སྦྲགས། སོག་པོའི་རྒྱལ་ཁབ་ནང་རིམ་བཞིན་དེང་དུས་ཀྱི་ཤེས་ཡོན་ཅན་མང་པོ་ཐོན་བཞིན་ཡོད་པ་མ་ཟད། རིག་གཞུང་གི་ཆ་ནས་དཔལ་ན་ལནྡྲའི་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན་སྟབས། དཀའ་ངལ་ཕྲན་བུ་འཕྲད་པ་ལ་མ་ལྟོས་པར་ཤེས་ཡོན་དང་ཆོས་ཀྱི་བསླབ་བྱ་གཉིས་ཟུང་འབྲེལ་གྱིས་སོག་པོ་དེ་ཞི་བདེ་ལྡན་པའི་རྒྱལ་ཁབ་གཅིག་པོ་ཙམ་མིན་པར། ཁྱད་པར་དུ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ལ་དམིགས་དཔེ་འོས་པ་ཞིག་བཟོ་རྒྱུའི་ནུས་པ་ཆ་ཚང་ཡོད་པ་རེད་ཅེས་སོགས་བཀའ་ནན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དངོས་གཞི་སྩལ་སྐབས་སུ་ཆེས་ཐོག་མར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་སྐྱེས་དམ་བཅའ་གསུམ་པོའི་ངོ་སྤྲོད་དང་འབྲེལ། འདས་པའི་དུས་རབས་ནང་ལ་འཚེ་བའི་ལས་འདྲ་མིན་བྱུང་ཡོད་ཀྱང་། འདས་ཟིན་པའི་ལོ་རྒྱུས་ལ་ང་ཚོས་འགྱུར་བ་ཞིག་གཏོང་ཐབས་མེད་པར་བརྟེན་དུས་རབས་ ༢༡ པ་འདི་བཞིན་འཚེ་བ་མེད་ཅིང་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུར་ང་ཚོ་ཚང་མ་ལ་ནུས་ཤིག་ཡོད་སྟབས། ང་ཚོ་དང་ཁྱད་པར་དུ་གཞོས་སྐྱེས་ཚོ་ལའང་འགན་འཁྲིད་དམིགས་བསལ་བ་ཞིག་ཡོད་སྐོར་བཀའ་བསྩལ་འདུག ད་དུང་༸གང་ཉིད་མཆོག་གིས་དེང་སྐབས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་སོགས་ཀྱི་རྐྱེན་པས་འགྲོ་བ་མི་ཕན་ཚུན་དབར་བསད་རེས་བྱེད་རྒྱུ་དེ་དག་རྒྱུན་ལྡན་ལྟ་བུ་ཞིག་ཏུ་འགྱུར་བཞིན་པ་དེ་ནི་ཤིན་ཏུ་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་སྐོར་བཀའ་སྩལ་དང་ཆབས་ཅིག  དེང་སྐབས་གོ་ལ་གཅིག་འགྱུར་གྱི་དུས་རབས་འདིའི་ཁྲོད་རྒྱལ་ཁབ་དང་མི་སེར་ཚང་མ་གཅིག་ཕན་གཅིག་གྲོགས་གནང་ནས་འཚོ་གནས་བྱ་རྒྱུ་གནད་ཆེ་ཡིན་པའི་ལམ་སྟོན་ཡང་བསྩལ་ཡོད་པ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༢༠༠ ལྷག་གི་རིང་ལ་ཤེས་ཡོན་གྱི་ལྟེ་གནས་ཁག་ཏུ་ཕྱི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ཁོ་ནར་དམིགས་ཏེ་དེང་དུས་ཅན་གྱི་ཤེས་ཡོན་ Modern Educarion སློབ་གསོ་ཞེས་པ་ཞིག་ལག་བསྟར་གནང་པ་དེས་འགྲོ་བ་མིའི་སྤྱི་ཚོགས་ནང་ལ་དོན་སྙིང་ལྡན་པའི་བདེ་སྐྱིད་བསྐྲུན་རྒྱུར་ངེས་པ་མེད་ཅེས་བཀའ་བསྩལ་མཛད་པ་དང་འབྲེལ། སློབ་མ་རྣམས་ལ་བཟང་སྤྱོད་ཀྱི་སློབ་གསོ་གནང་དགོས་གལ་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་འདས་པའི་ལོ་ཤས་གོང་ནས་རྒྱལ་སྤྱིའི་ཚན་རིག་པ་དང་མཁས་པ་མང་པོའི་ལྷན་དུ་བགྲོ་གླེང་དང་བརྟག་དཔྱད་རབས་དང་རིམ་པ་མཛད་མཐར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་ཞིག་སྤེལ་གནང་མཛད་ཡོད་པ་དང་། དེ་འབྲེལ་སློབ་དེབ་ཞིག་གང་མགྱོགས་འདོན་སྤེལ་གནང་འཆར་ཡོད་པ་མ་ཟད། སློབ་དེབ་དེ་དག་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ཐུབ་རྒྱུར་འབད་བཙོན་ཞུ་མུས་ཡིན་ཅེས་བཀའ་བསྩལ་འདུག ཤེས་རྟོགས་བྱུང་བར་གཞིགས་ཚེ། སང་ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་གི་མཛད་འཕྲིན་ཁང་ལེགས་པར་གྲུབ་རྗེས་ཁུལ་དེའི་རྒྱལ་ས་ཨུ་ལཱན་བ་ཏར་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་རེད་འདུག ཟླ་འདིའི་ཚེས་ ༢༣ ནས་ ༢༦ བར་༸གང་ཉིད་མཆོག་ནས་ཉི་ཧོང་གི་གྲོང་ཁྱེར་ Khanazawa དང་། Saitama གཉིས་སུ་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་ཡོད་པ་དང་། ཚེས་ ༢༧ ཉིན་༸གང་ཉིད་མཆོག་གིས་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་འདུག

རེས་གཟའ་ཟླ་བ། ༢༠༡༦།༡༡།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ། སྲིད་སྐྱོང་མཆོག་གིས་ ཧེ་ལི་ཕེས་ རྒྱལ་སྤྱིའི་གླེང་སྟེགས་ཐོག་ལྷན་ཞུགས་གནང་འདུག ནང་སྲིད་བཀའ་བློན་མཆོག་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་པ། བཞུགས་སྒར་དུ་སུད་ཚོང་པའི་ཆེད་དཔལ་འབྱོར་བསྡུ་འགོད་ཀྱི་མཚན་ཚོགས། ལྷོ་ཕྱོགས་གཞིས་ཁག་ཏུ་༸རྒྱལ་བའི་མཛད་རྣམ་གཟིགས་འབུལ་ཞུས་པ། དམིགས་བསལ་ལེ་ཚན། ཕྱི་ལོ་༡༩༥༢-༡༩༥༦ བོད་ཀྱི་ཆབ་སྲིད་གནས་བབ། Monday 21/11/2016 Dalai Lama graces conference on Buddhism and Science in Mongolian capital Sikyong attends 8th Halifax International Security Forum 2016 Home Kalon meets Arunachal Pradesh Chief Minister TYC organizes fund raising concert for Delhi Tibetan sweater sellers HISTORY FEATURE: Tibet’s political situation during 1952 to 1956

ནང་སྲིད་བཀའ་བློན་མཆོག་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་འདུག

 བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་དུ་རྟེན་གཞི་བྱས་པའི་མེའོ་དང་ཀྲུ་ཀྲིང་། ཏི་ཛུ་དང་བསྟན་འཛིན་སྒང་བཅས་སུ་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས་བཞིན་པའི་ཁྲོད་ཁ་ཉིན་ཚེས་ ༡༩ ཉིན་བཀའ་བློན་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་ཞུས་འདུག་པ་དང་། ལྷག་པར་དུ་སྐབས་དེར་བཀའ་བློན་མཆོག་གིས་དོན་ཚན་ ༡༣ ཅན་གྱི་ས་གནས་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་ངལ་སེལ་སླད་མངའ་སྡེའི་གཞུང་ནས་མཐུན་འགྱུར་གནང་སྐྱོང་ཡོང་བའི་ཞུ་ཡིག་ཅིག་ཕུལ་བ་དང་སྦྲགས། ཕྱི་ལོ་ ༢༠༡༤ བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཞེས་པ་རྒྱ་གར་གཞུང་གིས་གཏན་འབེབས་གནང་ཟིན་པའི་སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གིས་གང་མགྱོགས་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག ལྷན་རྒྱས་མཇལ་འཕྲད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ནས་སྲིད་བྱུས་དེ་གང་མགྱོགས་གཏན་འབེབས་དང་ལག་བསྟར་བྱེད་པ་གནང་ནས་དཀའ་ངལ་སེལ་རྒྱུའི་ཞལ་བཞེས་གནང་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྐབས་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་བཀའ་བརྒྱུད་ཆོས་འཕེལ་ལགས་དང་། ཏི་ཛུ་དར་རྒྱས་གླིང་གི་གཞི་འགོ་གཡང་སྒྲུབ་ལགས། ཏི་ཛུ་དར་རྒྱས་གླིང་གི་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་རེད་འདུག

Latest news