Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2016

ཐེ་ཝན་ནང་གི་སྐྱབས་བཅོལ་བོད་མི་རྣམས་ཁུལ་དེར་གཏན་སྡོད་ཆོག་པའི་ཁྲིམས་འཆར་གཏན་འབེབས།

ཐེ་ཝན་རྒྱལ་ཡོངས་གྲོས་ཚོགས་ནང་དུ་ཐེ་ཝན་ནང་དུ་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ཁུལ་དེར་གཏན་སྡོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kolas Yotaka ལགས་ཀྱིས་བོད་མི་ཚོ་བོད་ནས་རྒྱ་གར་དང་བལ་ཡུལ་བརྒྱུད་དེ་ཐེ་ཝན་ནང་དུ་སྐྱབས་བཅོལ་ལ་ཡོང་བ་དེ་དག་གི་ངལ་བ་སེལ་ཕྱིར་ཕྱི་མི་ཞིབ་བཤེར་ལས་ཁུངས་བརྒྱུད་སྟེ་བོད་མི་དེ་དག་ཡུལ་དེར་གཏན་སྡོད་ཆོག་པའི་ཡིག་ཆ་གནང་སྐྱོང་ཡོང་བའི་བསྐྱར་བཅོས་ཁྲིམས་འཆར་ཞིག་ཐེ་ཝན་གྲོས་ཚོགས་སུ་ཕུལ་ཡོད་པ་རེད། ཁ་སང་ཟླ་ ༡༡ ཚེས་ ༡ ཉིན་ཐེ་ཝན་གྲོས་ཚོགས་ནང་དུ་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཡོད་པ་དང་། ཁྲིམས་འཆར་དེའི་ནང་འཁོད་དོན་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༩ གོང་དུ་ཐེ་ཝན་ནང་འབྱོར་བའི་སྐྱབས་བཅོལ་བོད་མི་རྣམས་ཡུལ་དེར་གཏན་སྡོད་ཆོག་པའི་ཡིག་ཆ་གནང་རྒྱུ་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་གཏན་འབེབས་བྱུང་བའི་ཁྲིམས་འཆར་དེའི་བརྒྱུད་ནས་ཁུལ་དེར་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ཁྲིམས་མཐུན་ཐོག་ཐེ་ཝན་དུ་གཏན་སྡོད་ཆོག་པའི་ཡིག་ཆ་རག་པ་དང་། སྨན་བཅོས། འགྲོ་བསྐྱོད་ཆོག་པའི་ལག་འཁྱེར་བཟོ་རྒྱུ་གཙོས་ལས་ཀའི་ཐོབ་ཐང་སོགས་ངལ་བ་མང་དག་ཞིག་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་། གཞི་རྩའི་དེ་སྔ་ཐེ་ཝན་གྲོས་ཚོགས་ནས་ཁུལ་དེར་ ༡༩༩༩  ཟླ་ ༥ ཚེས་ ༢༡ ནས་ ༢༠༠༨ ཟླ་ ༡༢ བར་འབྱོར་ཟིན་པའི་སྐྱབས་བཅོལ་བོད་མི་ཚོར་གཏན་སྡོད་ཆོག་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ནས་གཏན་སྡོད་ཆོག་པའི་ཡིག་ཆ་གནང་ཟིན་ཡོད་ཀྱང་།  ༢༠༠༨ ལོའི་རྗེས་སུ་ཁུལ་དེར་འབྱོར་བའི་སྐྱབས་བཅོལ་བོད་མི་དག་ལ་གཏན་སྡོད་ཆོག་པའི་ཡིག་ཆ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གྲོས་ཚོགས་སུ་ལན་མང་ཞུ་གཏུགས་བྱས་མཐར་ད་ལན་གྲོས་ཚོགས་ནས་དེ་སྔའི་ཁྲིམས་འཆར་གྱི་དུས་བཀག་འདི་བཞིན་ཕྱི་ལོ་ ༢༠༡༦ བར་བསྐྱར་བཅོས་ཀྱིས་གཏན་འབེབས་གནང་པ་ཞིག་ཆགས་ཡོད་པ་རེད། རྩ་བའི་ཁ་སང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ཚེ་ད་ལན་གྲོས་ཚོགས་སུ་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kolas Yotaka ལགས་ཀྱིས་ཁྲིམས་འཆར་ཆེད་འདོན་གནང་པ་ཞིག་ཡིན་པ་རེད་འདུག ཁོང་གིས་གྲོས་ཚོགས་ནས་ཁྲིམས་འཆར་དེར་བསྐྱར་བཅོས་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་ཡོད་སྟབས་བོད་མི་མང་དག་ཞིག་སྐྱབས་བཅོལ་དུ་འགྱར་ཡོད་པ་དང་།  ཁྱད་པར་དུ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ནང་དུ་བོད་མི་ ༡༠༠ ལྷག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱ་ཕྱིར་རང་ལུས་མེར་བསྲེགས་བཏང་བ་དང་།  རྒྱ་གཞུང་གིས་བོད་མིར་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད་བོད་མི་ ༦༨༠༠ ལྷག་འཛིན་བཟུང་བྱས་ཡོད་པ་སོགས་ཛད་དྲག་གྱི་གནས་ཚུལ་ཐེར་བཏོན་གནང་འདུག

༸གོང་ས་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གི་ཕྱག་དེབ་དབུ་འབྱེད་བསྐྱངས་སོང་།

  དེ་རིང་ཟླ་ ༡༡ ཚེས་ ༡ ཉིན་སྔ་ཐོག་ཚོུད་ ༡༠།༠༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་བརྩམས་པའི་ཧི་མཱ་ལ་ཡའི་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཧིན་དྷིའི་སྐད་ཡིག་སྟེང་ཡོད་པའི་ལོ་རྒྱུས་ཀྱི་ཕྱག་དེབ་གཅིག་དབུ་འབྱེད་བཀྲིན་བསྩལ་གནང་སོང་། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་ཁོང་གི་སྐུ་ཟླ། དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་ སར་ཝིན་ཅོ་དྷི་རི་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཆེད་ཕེབས་གནང་འདུག རྩ་བའི་སྐུ་ཞབས་ ཤན་ཏ་ཀུ་མར་མཆོག་གི་ཕྱག་དེབ་ ཧི་མ་ལ་ཡའི་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཕྱག་དེབ་ཁ་བྱང་འཁོད་པ་དེ་སྔ་ལོ་ ༡༩༦༥ ལོར་པར་སྐྲུན་ཟིན་ཡོད་ནའང། འོན་ཀྱང་ཐེངས་འདིའི་ཕྱག་དེབ་ནང་ ༡༩༦༥ རྗེས་འབྲེལ་རྒྱ་དཀར་ནག་དང་བོད་ཀྱི་གནད་དོན་ཐོག་འགྱུར་བ་ཇི་བྱུང་ཁ་སྣོན་གསར་འཇུག་གནང་པ་ཞིག་ཆགས་ཀྱི་འདུག སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་དེ་རིང་གི་མཛད་སྒོའི་འདིའི་ཐོག་ནས་ཁོང་གི་ཕྱག་དེབ་དེའི་ནང་འདས་པའི་ལོ་ངོ་ ༥༠ དེའི་ནང་གི་རྒྱ་གར་དང་རྒྱ་ནག དེ་བཞིན་བོད་ཀྱི་གནད་དོན་སྐོར་དཔྱད་གཞི་ཡིག་ཆ་ ༡༢༡ ཙམ་ལ་རྒྱབ་རྟེན་གནང་ཡོད་པའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ་ཞིག་ཆགས་ཀྱི་ཡོད་པ་གསུངས་གནང་སྟེ། གཙོ་བོ་༸གོང་ས་མཆོག་གིས་ཁོང་གི་ཕྱག་དེབ་དབུ་འབྱེད་བཀྲིན་མཛད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་གི་དེ་སྔའི་ཕྱག་དེབ་ཁག་ཅིག་རྒྱ་གར་གྱི་སྲིད་བློན་སོགས་གནང་མྱོང་མཁན་ནས་དབུ་འབྱེད་གནང་མྱོང་ཡོད་ཀྱང་།  དེ་རིང་གི་དུས་ཚིགས་འདི་ནི་གཞན་དང་མི་འདྲ་བ་ཁྱད་པར་བ་ཞིག་དང་ཁོང་དང་ཁོང་གི་ནང་གི་ཡོངས་བསོད་ནམས་ཅན་ཞིག་ཏུ་ཚོར་གྱི་ཡོད་པས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་ད་བར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྲོས་འཐུས་མི་སོགས་ཆབ་སྲིད་ཀྱི་ལས་འགན་གཙོ་གནད་མང་དག་ཅིག་བཞེས་ནས་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་རླབས་ཆེན་གྲུབ་ཡོད་པར་མངགས་བརྗོད་གནང་སོང་བ་དང། ཁོང་གི་ཕྱག་དེབ་ཧི་མཱ་ལ་ཡའི་པར་ལཱལ་ཆཱཡཱ་ཞེས་པ་དེའི་སྐོར་དང་འབྲེལ། ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་ཕྱག་དེབ་ནི་ཧ་ཅང་གི་དགོས་གལ་ཆགས་ཡོད་སྐོར་བཀའ་སློབ་བསྩལ་སོང་།  ཁྱད་པར་དུ་སྐབས་དེར་མགོན་པོ་མཆོག་གིས་འདས་པའི་དུས་རབས་ ༢༠ པའི་ནང་དམག་འཁྲུག་དང་དྲག་པོའི་སྟོབས་ཤུགས་བེད་སྤྱོད་བྱེད་ནས་དོན་དོངས་ཐོག་མིས་དཀའ་ངལ་དེ་དག་སེལ་ཐུབ་མེད་པ་དེ་ནས་ང་ཚོས་བསླབ་བྱ་བླང་ནས་དུས་རབས་ ༢༡ པ་འདི་བཞིན་འཚེ་བ་མེད་པ་དང་བྱམས་བརྩེ་ལྡན་པ་ཞིག་ཏུ་འགྱུར་ཐབས་བྱ་དགོས་པ་དང་། དེའི་སླད་དུ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་མནའ་བོའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་རིག་གཞུང་ཕྱུག་པོ་དེས་ཞབས་འདེགས་འགྲུབ་ཐུབ་རྒྱུའི་ནུས་ཡོད་པ་ལམ་སྟོན་བསྩལ་ཡོད། དེ་བཞིན་ད་དུང་༸གོང་ས་མཆོག་གིས་རྒྱ་གར་ནང་གི་ཆོས་ལུགས་མཐུན་སྒྲིལ་ལས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡོད་པའི་མིག་དཔེ་ལྟར་ཆགས་ཡོད་སྟབས། ༸གང་ཉིད་མཆོག་གིས་རྒྱ་གར་གཞུང་ལ་ག་དུས་ཡིན་ཡང་རྒྱལ་སྤྱིའི་ཆོས་ཚོགས་ཤིག་གོ་སྒྲིག་གནང་ཐུབ་ཚེ་གཞན་ལ་ཆོས་ལུགས་མཐུན་སྒྲིལ་གྱི་སྙིང་སྟོབས་སྤེལ་ཐུབ་རྒྱུ་དང་ལམ་སྟོན་གནང་ཐུབ་ངེས་ཡིན་པ་གསུངས་གནང་གི་ཡོད་སྐོར་བཀའ་སློབ་མཛད་ཡོད་པ་རེད། ཧིན་སྐད་ཐོག་ཡོད་པའི་སྐུ་ཞབས་ཤན་ར་ཀུ་མཱར་མཆོག་གི་ལོ་རྒྱུས་ཀྱི་ཕྱག་དེབ་དེ་གཟིགས་གྲུབ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་དེབ་དེ་ནི་ཧིན་དྷིའི་ནང་བོད་ཀྱི་རྒྱལ་རབས་དེ་ལྟར་བཀོད་པ་དང་ཤོས་གྲས་ཤིག་ཆགས་ཀྱི་ཡོད་སྟབས་རྒྱ་གར་མང་ཚོགས་ལ་འགྲེམས་སྤེལ་གང་ཐུབ་གནང་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་སོང་།

རེས་གཟའ་མིག་དམར། ༢༠༡༦།༡༡།༠༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་ཤཱན་ཏ་ཀུ་མར་མཆོག་གི་ཕྱག་དེབ་དབུ་འབྱེད་བསྐྱངས་པ། ༸གོང་ས་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་མཚན་གནས་འབུལ་དགོས་པ་གསུངས་འདུག བོན་པོ་ཡོངས་ནས་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་ལ་བརྟན་བཞུགས་རྒྱས་པ་འདེགས་འབུལ་ཞུས་འདུག དབྱིན་གཞུང་ནས་རྒྱ་གཞུང་དང་ལྷན་བཀའ་བསྡུར་གནང་སྐབས་བོད་ཀྱི་གནད་དོན་མ་བརྗེད་རོགས་གསུངས་འདུག བླ་རུང་སྒར་ཆེད་རྐྱང་ཕྱག་ལས་འགུལ། དམིགས་བསལ་ལེ་ཚན། པདྨ་བཀོད་ལོ་རྒྱུས་ངོ་སྤྲོད། Tuesday 01/11/2016 Dalai Lama releases book penned by Former Himachal CM Prague Councilor calls for honorary citizenship for the Dalai Lama Bon followers offer ‘Tenshug’ to Menri Trizin Rinpoche Sikyong urges UK not to forget Tibet in its dealings with China Tibetan youth activists hold prostration campaign for Larung Gar Pema Koe: historical background and Culture

ངག་དབང་རབ་རྒྱས་ལགས་ཀྱིས་ཁྲིམས་ཞིབ་པའི་དམ་འབུལ་གནང་པ།

དེ་རིང་ཟླ་ ༡༡ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༡༢ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། རང་དབང་ཅན་གྱི་སྡེ་ཁག་འགན་འཛིན་རྣམས་པ་བཅས་ལྷན་འཛོམས་ཐོག་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་གནང་འདུག རྩ་བའི་འབུམ་རམ་པ་ངག་དབང་རབ་རྒྱས་ལགས་ནི། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་དགོངས་པ་སྔ་སྣུར་ཞུས་པའི་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གི་ཚབ་ཏུ་འདེམས་ཐོན་བྱུང་བ་ཞིག་ཡིན་པ་དང་། ཁོང་ནས་འདས་པའི་ལོ་ངོ་ ༣༤ ཙམ་གྱི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་ཐེགས་པ་རིམ་འཛེགས་ཀྱིས་རིམ་བཞིན་དྲུང་ཆེ་དང་། དེ་བཞིན་ཨ་རི་དང་ཨུ་རུ་སུ་སོགས་ཀྱི་སྐུ་ཚབ་དོན་གཅོད་གནང་པ་བཅས་ཀྱི་འགན་ཁུར་བཞེས་མྱོང་ཡོད་པ་རེད།

དབྱིན་གཞུང་ནས་རྒྱ་གཞུང་དང་ལྷན་བཀའ་བསྡུར་གནང་སྐབས་བོད་ཀྱི་གནད་དོན་དེ་མ་བརྗེད་པ་གནང་རོགས་ཞེས་གསུངས་ འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབྱིན་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་བཀའ་བསྡུར་གནང་སྐབས་བོད་ཀྱི་གནད་དོན་དེ་མ་བརྗེད་པ་གནང་རོགས་ཞེས་གསུངས་འདུག དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་སྔོན་མའི་ཚེས་ ༣༠ ནས་དབུ་འཛུགས་ཀྱིས་དབྱིན་ཡུལ་ནང་གཞུང་འབྲེལ་འཚམས་གཟིགས་གནང་དོན་ལྟར། ཁ་སང་སྲིད་སྐྱོང་མཆོག་ནས་ཡུལ་དེའི་ The Guardian གསར་ཤོག་ཐོག་དམིགས་བསལ་དཔྱད་རྩོམ་ཞིག་འདོན་སྤེལ་གནང་འདུག དེའི་ནང་དབྱིན་ཡུལ་རྒྱལ་ཁབ་དེ་ཡོ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གནང་རྗེས། དབྱིན་ཡུལ་གཞུང་གི་ངོས་ནས་རྒྱ་ནག་དང་དབྱིན་ཡུལ་དབར་གྱི་འབྲེལ་ལམ་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབ་ཡོད་པ་དང་། དབྱིན་ཡུལ་གཞུང་ནས་འབྲེལ་ལམ་དེའི་ཁྲོད་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་ཕྱི་འབྲེལ་གྱི་ཁེ་ཕན་སྲུང་སྐྱོབ་དང་དུས་མཉམ་བློ་མཐུན་གྱི་རྒྱལ་ཁབ་གཞན་དང་མཉམ་འབྲེལ་ཐོག་རྒྱ་རིགས་དང་བོད་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་གྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་གསུངས་པ་དང་འབྲེལ་དབྱིན་ཡུལ་གཞུང་གིས་དུས་ནམ་ཞིག་རྒྱ་གཞུང་དང་ལྷན་དུ་བཀའ་བསྡུར་གནང་ཚེ་བོད་ཀྱི་གནད་དོན་དེ་མ་བརྗེད་པ་གནང་རོགས་ཞེས་གསུངས་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་ནི་མང་གཙོའི་ལམ་ལུགས་འཛིན་པའི་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་སྔར་བོད་ས་རྒྱ་ལག་ཏུ་མ་ཤོར་གོང་སྟེ་ཕྱི་ལོ་ ༡༩༠༤  ནས་ ༡༩༤༧ བར་བོད་ནང་དབྱིན་ཇིའི་སྐུ་ཚབ་དོན་གཅོད་ཆེད་བཙུགས་གནང་པར་བརྟེན་འབྲེལ་ཡོད་ཞིག་ཀྱང་ཆགས་ཡོད་པ་མ་ཟད། དབྱིན་གཞུང་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་གནང་སྟེ་ལོ་ངོ་བརྒྱ་ཕྲག་གཅིག་ལྷག་ཕྱིན་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༠༨ ལོར་སྲིད་བློན་མཆོག་གིས་བཞེངས་ཕྱོགས་དེར་འགྱུར་བ་བཏང་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པར་ངོས་འཛིན་གནང་འགོ་བཙུགས་པ་དང་དབྱིན་ཡུལ་གཞུང་གིས་དུས་ནས་དུས་སུ་རྒྱ་ནག་དང་བསྟུན་མཁས་ཁོ་ནའི་སྲིད་བྱུས་ཤིག་འཛིན་དགོས་པ་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག དབྱིན་ཡུལ་ཐོག་འཛིན་པའི་སྲིད་བྱུས་དེའི་སྤྱོད་ཚིག་གི་ཆ་ནས་འགྱུར་བ་ཕྱིན་ཡོད་ཀྱང་། དབྱིན་ཡུལ་དང་བོད་དབར་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་དེ་དག་དོར་ཐབས་མེད་པའི་འབྲེལ་བ་ཞིག་རེད་ཅེས་ནན་བརྗོད་གནང་འདུག དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབྱིན་གཞུང་གི་སྣེ་ཁྲིད་པ་ཚོས་རང་ཉིད་དང་བློ་མཐུན་པའི་རྒྱལ་ཁབ་གཞན་གྱི་གཞུང་འཛིན་རྣམ་པའི་དབར་ནུས་པ་མཉམ་སྤུངས་ཀྱིས་རྒྱ་གཞུང་ལ་ཁ་གཏན་བཅོག་དགོས་པ་རེད་ཅེས་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་གསུངས་པར་གནད་དོན་དེ་ནི་ད་ལྟའི་དུས་སྐབས་འདིར་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཡིན་པར་ངོས་བཞེས་གནང་དགོད་གལ་ཡིན་པ་དང་། ཁྱད་པར་དུ་རྒྱ་གཞུང་ལ་བོད་མིའི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་གནང་སྟེ་བོད་ཀྱི་གནད་དོན་སེལ་རྒྱུར་འབད་བརྩོན་དགོས་ཀྱི་རེད་ཅེས་འབོད་སྐུལ་ཞུས་འདུག སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་འབྲེལ་རྒྱ་གཞུང་གིས་བོད་ནང་དམག་མི་ཕོན་ཆེ་འགྲེམས་འཇོག་དང་གསང་བའི་ལྟ་སྲུང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་འདྲ་མིན་སྤེལ་བའི་སྲིད་བྱུས་བརྒྱུད་མང་ཚོགས་ཐོག་སྟངས་འཛིན་ཤུགས་ཆེ་བྱེད་མུས་ཡིན་པ་མངོན་གསལ་གནང་པ་དང་སྦྲགས།  བོད་དེ་ཨེ་ཤེ་ཡའི་ཆུ་རྒྱུན་ཡོངས་རྫོགས་ཀྱི་སྲོག་རྩ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ས་འགུལ་ལྟེ་གནས་ཤིག་ཡིན་སྟབས། མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཐོག་དོན་དམ་གྱི་འགན་ཁུར་བཞེས་དགོས་པར་འབོད་སྐུལ་ཞུས་པ་མ་ཟད། ད་ཆ་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་རྒྱལ་སྤྱིའི་ནང་ཆེས་སྙན་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་གཙོ་གྲས་གསེར་རྟ་རྫོང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་གི་ལས་གཞི་རྒྱ་ཆེ་སྤེལ་མུས་ཡིན་པ་མངོན་བཏོན་གནང་འདུག

༸གོང་ས་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཕུལ་དགོས་པ་གསུངས་འདུག

པ་རག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ལྕམ་ Jana Plaminkova ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཕུལ་དགོས་པ་གསུངས་འདུག        ཁ་སང་ཟླ་ ༡༠ ཚེས་ ༣༡ ཉིན་ Prague Daily Monitor དྲ་གནས་ཐོག་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་གཟའ་འཁོར་གྱི་རེས་གཟའ་པ་སངས་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ STAN ཆབ་སྲིད་ཚོགས་པའི་འཐུས་མི་ལྕམ་ Jana Plaminkova ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Czech མང་ཚོགས་དབར་ལ་དམིགས་གསལ་གྱི་འབྲེལ་བ་ཞིག་ཡོད་པ་དེར་ངོས་འཛིན་ཡོང་ཕྱིར་༸གོང་ས་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཤིག་ཕུལ་དགོས་པ་རེད་ཅེས་གསུངས་འདུག རྩ་བའི་༸གོང་ས་མཆོག་དེ་སྔོན་པ་རག་ནང་དུ་ཆིབས་བསྒྱུར་མཛད་སྐབས་ཅེཀ་རིག་གཞུང་བློན་ཆེན་དང་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་ཚོགས་གཞོན་བཅས་ནས་༸གང་ཉིད་མཆོག་དང་མཇལ་མོལ་ཞུས་རྗེས། ཅེཀ་སྲིད་འཛིན་དང་རིག་གཞུང་བློན་ཆེན། གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་ཅེཀ་གཞུང་གི་ངོས་ནས་རྒྱ་ནག་གཅིག་གི་ལངས་ཕྱོགས་འཛིན་བཞིན་ཡོད་སྐོར་སོགས་བརྗོད་ཡོད་པ་རེད། Prague Daily Monitor གསར་ཤོག་ཐོག་ཚེས་ ༣༠ ཉིན་ STAN ཆབ་སྲིད་ཚོགས་པའི་ངོས་ནས་ Czech གཞུང་གི་དབུ་ཁྲིད་ཚོའི་གནང་སྟངས་ལ་སྐྱོན་བརྗོད་དང་སྦྲགས། ཅེཀ་གཞུང་གི་གནང་སྟངས་དེས་ཅེཀ་རྒྱལ་ཁབ་དེ་རྒྱ་ནག་གི་གནོན་ཤུགས་འོག་མགོ་སྒུར་བའི་རྣམ་པ་ཞིག་མངོན་གསལ་ཆགས་ཡོད་སྟབས། རྒྱ་ནག་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཐོག་མཚན་རྟགས་བཀོད་མཁན་ཅེཀ་སྲིད་འཛིན་ Milos Zeman དབུས་པའི་གཞུང་འཛིན་པ་དཔོན་རིགས་ཚོས་རྒྱ་ནག་དང་ལྷན་དུ་ཡིག་ངག་གཉིས་ཀྱི་ཐོག་ནས་གན་རྒྱ་གང་དང་གང་འཇོག་མིན་ཡོངས་རྫོགས་གསལ་བཤད་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་ཚོགས་པ་དེའི་ངོས་ནས་ Prague གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ Jana Plaminkova ལགས་ཀྱིས་༸གོང་ས་མཆོག་ལ་ Prague གྲོང་ཁྱེར་གྱི་ཆེ་བསྟོད་མི་སྣའི་མཚན་གནས་ཕུལ་དགོས་པའི་དགོས་འདུན་ལ་ རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་སྦྲགས། ཉེ་ཆར་རྒྱལ་སྤྱིའི་ཆབ་སྲིད་ར་བའི་ནང་ཅེཀ་གཞུང་འཛིན་པ་རྣམས་ནས་ནོར་འཁྲུལ་ཤོར་བ་དེ་ཕྲན་བུ་དག་སེལ་ཡོང་བར་ཕན་ཐོགས་ཡོད་སྐོར་གསུངས་འདུག  

Latest news