Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2017

༸གོང་ས་མཆོག་རྒྱ་གར་བྱང་ཤར་མཱ་ནི་པུར་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག

རྒྱ་གར་བྱང་ཤར་ Manipur མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Yumnam Khemchand མཆོག་ནས་མངའ་སྡེ་དེའི་ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་ཐོག་༸གོང་ས་མཆོག་དབུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སོང་ཞེས་ཡོངས་ཁྱབ་གནང་འདུག དེའང་སྐུ་ཞབས་ Yumnam Khemchand མཆོག་ནས་ཉེ་ལམ་མངའ་སྡེའི་རྒྱལ་ས་ Imphal ནང་གློག་གི་རྐང་འཁོར་འགོ་འཛུགས་བྱ་རྒྱུའི་ལས་གཞི་དབུ་འབྱེད་གནང་སྐབས་གསར་འགོད་པར་གནས་ཚུལ་དེ་ཡོངས་བསྒྲགས་གནང་ཡོད་པ་དང། ཁོང་ནས་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༡༧ ཉིན་རྒྱལ་ས་ Imphal ནང་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་འཁེལ་བ་དང་ཚེས་ ༡༨ ཉིན་གྲོང་ཁྱེར་དེའི་ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དངོས་སུ་དབུ་བཞུགས་མཛད་རྒྱུ་ཡིན་པ་ཡོངས་ཁྱབ་གནང་འདུག རྩ་བའི་སྐུ་ཞབས་ Khemchand མཆོག་ནས་ཉེ་སྔོན་རྒྱལ་ས་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་སྐབས་མགོན་པོ་༸གང་ཉིད་ལ་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་དེའི་ཐོག་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་བཞིན་༸གང་ཉིད་མཆོག་ནས་དེར་བཀའ་བཞེས་བཟང་པོ་སྨིན་བསྩལ་གནང་ཡོད་པ་རེད་འདུག རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་ད་རེས་༸གོང་ས་མཆོག་མཱ་ནི་པུར་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བའི་སྐོར་ལ་གནས་ཚུལ་སྤེལ་སྐབས། མགོན་པོ་༸གང་ཉིད་ཟླ་ཤས་གོང་དུ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་ཆིབས་བསྒྱུར་མཛད་པའི་གནས་ཚུལ་ལུང་འདྲེན་དང་འབྲེལ། སྐབས་དེར་རྒྱ་གཞུང་གིས་ཕྱོགས་གང་ས་ནས་སྐྱོན་བརྗོད་དང་དེས་རྒྱལ་ཁབ་ཕྱོགས་གཉིས་པོའི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ཡོད་ལུགས་ཀྱི་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ཀྱང་། རྒྱ་གར་དབུས་གཞུང་གི་ངོས་ནས་༸གོང་ས་མཆོག་གི་ཐེངས་འདིའི་ཆིབས་སྐབས་རྒྱ་གཞུང་ནས་སྔར་བཞིན་སྐྱོན་བརྗོད་མི་བྱེད་པར་ཚོད་དཔག་གནང་གི་ཡོད་འདུག མཱ་ནི་པུར་མངའ་སྡེའི་དཔོན་རིགས་རྣམས་ཀྱིས་ལྷན་ཚོགས་དེའི་ཐོག་འབར་མ་དང་། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་པའི་དགེ་འདུན་པ་དུ་མ་ཕེབས་པར་ཚོད་དཔག་ཀྱང་གནང་གི་ཡོད་པ་དང། ས་གནས་སྐོར་སྲུང་བས་༸གོང་ས་མཆོག་མཱ་ནི་པུར་མངའ་སྡེའི་ནང་༸ཞབས་སོར་བདེ་བར་མ་འཁོད་པའི་སྔ་རོལ་དུ་༸གང་ཉིད་མཆོག་གི་༸སྐུ་ཕྱྭའི་བདེ་སྲུང་དང་འབྲེལ་བའི་ཞུ་སྒོ་ཁག་དོ་ནན་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་ཞི་བདེ་ལྷན་ཚོགས་དེ་མཱ་ནི་པུར་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་ཏུ་དམག་འཁྲུག་སོགས་འཚེ་བའི་ལས་རྣམས་འགོག་ཐབས་དང་། ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་སུ་ཆེད་དམིགས་གནང་པ་ཞིག་ཡིན་པ་རེད།

བོན་གཞིས་སྨན་རིའི་གླིང་དུ་བོན་གྱི་གཞི་རྒྱ་ཆེ་བའི་ཆོ་གའི་སྒོ་ནས་སྨན་རི་ཁྲི་འཛིན་སོ་གསུམ་པ་མཆོག་གི་༸སྐུ་གདུང་ཞུགས་འབུལ་གནང་བ།

དེ་རིང་སྔ་དྲོ་ཚོུད་ ༦།༣༠ ཐོག་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་དུ་ཆགས་པའི་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རི་དཔོན་སློབ་རིན་པོ་ཆེ་དང་བལ་ཡུལ་ཁྲི་ལྡན་ནོར་བུ་རྩེ་དགོན་པའི་མཁན་རིན་པོ་ཆེ་གཙོས་པའི་བསླབ་གསུམ་དགེ་འདུན་འདུས་པ་རྒྱ་མཚོ་དང་དད་ལྡན་མི་མང་ཡོངས་ནས་༸སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་སེར་འཕྲེང་རྒྱས་པའི་ངང་སྤྱན་འདྲེན་ཞུས་སྟེ་༸སྐུ་གདུང་ཞུགས་འབུལ་གནང་སོང་། སྐབས་དེར་བཞུགས་སྒར་རྡ་རམ་ས་ལ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན་བོད་ཀྱི་མང་སྤྱི་འཐུས་ཁག་ཅིག་ནས་རིན་པོ་ཆེ་ཞི་གཤེགས་དམ་པ་ཁོང་ལ་མཐའ་མའི་གུས་འདུད་ཞུ་བར་ཆེད་ཕེབས་གནང་བ་མ་ཟད། འཛམ་གླིང་ས་ཕྱོགས་གང་ས་ནས་རིན་པོ་ཆེ་ཁོང་གི་སློབ་མ་དང་གཡུང་དྲུང་བོན་གྱི་རྗེས་འཇུག་བཅས་མིི་གྲངས་ ༡༠༠༠ ལྷག་དང། བོན་གཞིས་མང་ཚོགས་དང་དད་ལྡན་མི་མང་ཧ་ཅང་མང་པོ་འདུ་འཛོམས་བྱུང་འདུག ཆོས་རིག་བཀའ་བློན་མཆོག་གིས་སྨན་རི་ཁྲི་འཛིན་སོ་གསུམ་པ་༸སྐྱབས་རྗེ་དམ་པ་ཁོང་གིས་ཆོལ་ཁ་དང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དང། ཆིག་སྒྲིལ་གནང་རྒྱུའི་དགོངས་ཁག་དཔེ་མཚོན་དུ་བཞག་ནས་རྗེས་སུ་འབྲང་དགོས་པ་ཞིག་དང་།དམ་པ་ཁོང་གི་བཀའ་འདྲིན་རྗེས་དྲན་ཞུ་ཐབས་ཡག་ཤོས་དེ་ནི་ཁོང་གི་བཀའ་སློབ་རྣམས་ལ་སློབ་གཉེར་ཞུ་རྒྱུ་དང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གལ་ཡིན་པ་སོགས་གསུངས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་༸སྐྱབས་རྗེ་སྨན་རི་ཁྲིད་འཛིན་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་གུས་འདུག་དང་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། དམ་པ་ཁོང་གི་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ཙམ་མ་ཡིན་པར་བོད་ཀྱི་རིག་གཞུང་དང་གསོ་བ་རིག་པ། བརྡ་སྤྲོད་རིག་པ་སོགས་མི་ཉམས་རྒྱུན་འཛིན་སླད་ཕྱག་རྗེས་རླབས་ཆེན་བཞག་གནང་མཁན་ཞིག་ཡིན་སྟབས། ཚང་མས་རིན་པོ་ཆེ་དམ་པ་ཁོང་གི་མཛད་འཕྲིན་ཁག་མཇུག་སྐྱོང་གནང་དགོས་གལ་ཡིན་སྐོར་གསུངས་སོང། དེ་རིང་གི་མཛད་སྒོ་འདིའི་བརྒྱུད་སྨན་རི་དཔོན་སློབ་རིན་པོ་མཆོག་ནས་༸སྐྱབས་རྗེ་སྨན་རི་ཁྲིད་འཛིན་ ༣༣ པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་འབྲེལ། བོན་པོའི་མང་ཚོགས་ཙམ་མ་ཟད། ཆོལ་ཁ་དང་ཆོས་བརྒྱུད་དང་ཚོགས་པ་སོགས་དབྱེ་བ་མེད་པར་ཚང་མས་བོན་འབངས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱག་བྲིས་གནང་སོན་བྱུང་བར་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད་པ་རེད། མ་འོངས་པར་སྨན་རི་ཁྲིད་འཛིན་ ༣༤ པ་འདེམས་ཕྱོགས་ཀྱི་ཐད་ཚང་མའི་སེམས་ལ་དྲི་བ་ཞིག་ཡོད་སྟབས། དེའི་ཐོག་ཁོང་རྣམས་ནས་སྨན་རི་ཚང་གི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས་ལམ་སྟོན་དང། ལྷ་དང་སྲུང་མ་སོགས་རིམ་པ་མང་པོ་ཞིག་གི་སྒོ་ནས་གྲོས་བསྡུར་གནང་ཐོག་ཐག་གཅོད་གནང་རྒྱུ་ཡིན་སྐོར་གསལ་བཤད་གནང་སོང། རྩ་བའི་གཞི་རྩའི་གཡུང་དྲུང་བོན་གྱི་མངའ་བདག་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཟླ་ ༩ ཚེས་ ༡༤ ཕྱི་དྲོ་ཚོུད་ ༦་༢༥ སྟེང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ Sirmour རྗོང་དུ་རྟེན་གཞི་བྱས་པའི་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་༸སྐུ་གདུང་རིན་པོ་ཆེ་ཉིན་གྲངས་བཞིའི་རིང་ཐུགས་དམ་དུ་བཞུགས་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༧།༡༠།༠༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་རྒྱ་གར་བྱང་ཤར་མཱ་ནི་པུར་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག བོན་གཞིས་སྨན་རིའི་གླིང་དུ་སྨན་རི་ཁྲི་འཛིན་ ༣༣ པ་མཆོག་གི་༸སྐུ་གདུང་ཞུགས་འབུལ་གནང་བ། བཞུགས་སྒར་དུ་པར་རིས་ཀྱི་འགྲེམས་སྟོན་ཐོག་ནས་ ༡༩༨༧ ལོར་ལྷ་སའི་ཞི་རྒོལ་ཉིན་མོ་དྲན་གསོ་གནང་སོང་། གཞིས་བྱེས་གཉིས་སུ་ནང་ཆོས་བསྐྱར་གསོ་ཐུབ་པ་དེ་ནི་བོད་མིའི་རྒྱལ་ཁ་ཆེས་ཤོས་རེད་ཅེས་གསུངས་འདུག བོད་མིའི་སྒྲིག་འཛུགས་ནས་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་བ། རྒྱལ་ཡོངས་རང་བཞིན་ལྡན་པའི་སིལ་སྤོལ་རྩེད་འགྲན་མཐའ་མའི་རྒྱལ་ཁ་དེ་སྦེལ་ཀོབ་ལུགས་བསམ་རུ་ཁག་ལ་ཐོབ་སོང་། Monday 02/10/2017 Dalai Lama to visit Manipur this month Cremation ceremony of 33rd Menri Trizin Rinpoche held today Chinese woman attempts to disrupt 30th anniversary of 1987 Tibet Uprising Tibetan Nuns project celebrates 30th Founding Day Our non violent struggle will succeed just like India: Sikyong on Gandhi Jayanti Team Lugsam wins first ever Exile Tibetan Basket Ball tournament

རྒྱ་གཞུང་གིས་དམ་དྲག་ལ་ལྟོས་མེད་གཞིས་བྱེས་གཉིས་སུ་ནང་ཆོས་བསྐྱར་གསོ་ཐུབ་པ་དེ་ང་ཚའི་རྒྱལ་ཁ་ཆེ་ཤོས་ཤིག་རེད།

དེ་རིང་ཟླ་ ༡༠ ཚེས་ ༢ ཉིན་སྔ་དྲོ་རྡ་ས་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་བོད་ཀྱི་བཙུན་མའི་ལས་འཆར་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བར་དུས་དྲན་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བདེ་སྲུང་བཀའ་བློན་མཆོག ཤེས་རིག་བཀའ་བློན་མཆོག དམིགས་བསལ་སྐུ་མགྲོན་དུ་ཐོན་དང་པོའི་དགེ་བཤེས་མ་དང་སློབ་དཔོན་མ། སྤྱི་འཐུས་རྒྱུན་ལས་ཁག་ཅིག རོགས་ཚོགས་ཁག་དང་བཙུན་དགོན་ཁག་བརྒྱད་ནས་ཆེད་བཅར་ཞུས་པའི་བཙུན་མ་དང་དགེ་བཤེས་བཅས་ཁྱོན་མི་གྲངས་ ༥༠༠ ཙམ་ལྷན་ཞུགས་གནང་འདུག བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་བཙུན་མའི་ལས་འཆར་འདི་ཐོག་མ་བོད་ཀྱི་བེུད་ལྷན་ཚོགས་བརྒྱུད་ནས་བྱུང་བ་དང་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ཆོས་རིག་ལྷན་ཁང་ནས་དམིགས་བསལ་མཐུན་འགྱུར་དང་ལམ་སྟོན་གནང་ཡོད་པ་མ་ཟད། སྐབས་དེའི་བེུད་ཚོགས་པའི་ལས་བྱེད་རྣམས་ནས་ཀྱང་རིས་སུ་མ་ཆད་པའི་བཙུན་མ་དེ་དག་གི་འཚོ་བའི་གནས་བབས་དང་སློབ་གཉེར་སོགས་ཀྱི་ཐད་ལ་ཐུགས་འཁུར་ཆེས་བཞེས་ཀྱིས་ཕྱགས་རོགས་ཞུས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ད་བར་བོད་ཀྱི་བཙུན་མའི་ལས་འཆར་འདིར་ཁ་ཞེ་གཉིས་མེད་ཐོག་ནས་རྒྱབ་སྐྱོར་དང་ཕྱགས་རོགས་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་བ་དང་། ལྷག་དོན་བཙུན་མ་ཚོས་རང་ཉིད་ལ་ཐོབ་པའི་སྐལ་བཟང་གི་གོ་སྐབས་དང་སློབ་སྦྱོང་གི་ནུས་སྟོབས་གཉིས་པོ་ཆུད་ཟོས་སུ་གཏང་རྒྱུ་མེད་པར་འབོད་སྐུལ་ཞུས་སོང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་བཙུན་མའི་ལས་འཆར་དེའི་འོག་བཙུན་དགོན་ཁག་བདུན་གྱི་བཙུན་མ་གྲངས་ ༧༥༠ ལྷག་ལ་ཕྱག་རོགས་ཞུ་མུས་ཡིན་པར་བསྔགས་བརྗོད་གནང་པ་དང་འབྲེལ།  སྤྱིར་བོད་ནང་ལ་ཆ་མཚོན་ན་བོད་མི་རྣམས་མུ་མཐུད་རྒྱ་གཞུང་གིས་མཁྲེགས་འཛིན་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་རིགས་རྒྱ་རིགས་བསྒྱུར་ཐབས་ཆེད་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་ཁག་གཏོར་བཤིག་དང་གྲྭ་བཙུན་རྣམས་ཕྱིར་འབུད་བཏང་ནས་ནང་ཆོས་རྩ་བརླག་གཏང་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་མུན་ཡིན་ཀྱང་གཞིས་བཞུགས་བོད་མི་གཙོས་བྱེས་བཞུགས་བོད་མི་རྣམས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་ད་ཆ་ནང་ཆོས་སླར་གསོ་ཐུབ་པ་དེ་བོད་མིར་གྲུབ་འབྲས་དང་རྒྱལ་ཁ་ཆེ་ཤོས་ཐོབ་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་ནས་ད་དུང་དགེ་བཤེས་མ་ཐོན་མཁན་རྣམས་ནས་རིམ་བཞིན་བཙུན་དགོན་ཁག་གི་དགེ་རྒན་དང་སློབ་སྤྱི་སོགས་གནང་ཐུབ་ཚེ་ད་ལྟའི་བཀའ་ཤག་གི་ལྟ་གྲུབ་གསུམ་པོ་དེ་དག་མཐིལ་ཕྱིན་པ་ལག་བསྟར་བྱུང་བ་ཞིག་ལ་ངོས་འཛིན་ཐོག་དགའ་ཚོར་ཆེན་པོ་ཡོང་བ་འདུག་ཅེས་གསུངས་སོང་། རྩ་བའི་བོད་ཀྱི་བཙུན་མའི་ལས་འཆར་འདི་ཕྱི་ལོ་ ༡༩༩༥ ལོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཐུགས་འགན་གཙོ་བཞེས་འོག་ཆེད་འཛུགས་གནང་པ་ཞིག་ཡིན་པ་དང་ད་ལྟའི་ཆར་ལས་འཆར་དེའི་ཁྲོད་དགའ་ལྡན་ཆོས་གླིང་དང་། ཀརྨ་གྲུབ་བརྒྱུད་དར་རྒྱས་གླིང་། སྒྲོན་མ་གླིང་། ཟངས་དཀར་རྡོ་རྗེ་རྫོང་སོགས་ཀྱི་བཙུན་དགོན་ཁག་བདུན་གྱི་བཙུན་མ་ཞལ་གྲངས་ ༧༥༠ ལྷག་ལ་ཕྱགས་རོགས་གནང་མུས་རེད་འདུག

བོད་མིའི་སིལ་སྤོལ་རྩེད་འགྲན་མཐའ་མའི་ཨང་དང་པོའི་བྱ་དགའ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་རུ་ཁག་ལ་ཐོབ་སོང་།

བཞུགས་སྒར་རྡ་རམ་ས་ལར་རྩེད་འགྲན་གནང་བཞིན་པའི་ཆེས་ཐོག་མའི་རྒྱལ་ཡོངས་རང་བཞིན་ལྡན་པའི་བོད་མིའི་སིལ་སྤོལ་རྩེད་འགྲན་གྱི་འགྲན་བསྡུར་མཐའ་མ་དེ་དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་སིལ་སྤོལ་རུ་ཁག་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག་གཉིས་དབར་རྩེད་འགྲན་གནང་མཐར་སྤོ་ལོ་ ༣༥ དང་ ༤༧ གྱི་ཁྱད་པར་ཐོག་ནས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་རུ་ཁག་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་སོང་། ཐེངས་འདིའི་རྩེད་འགྲན་ནང་སྤྱོད་ལམ་ལེགས་ཤོས་ཀྱི་བྱ་དགའ་དེ་རྡ་ས་ས་རཱ་མཐོ་སློབ་རུ་ཁག་དང། དེ་བཞིན་རྩེད་འགྲན་པ་རྩེད་ཕུད་ཀྱི་བྱ་དགའ་དེ་བདེ་སྐྱིད་སླར་གསོ་རུ་ཁག་གི་རྡོ་རྗེ་རྣམ་རྒྱལ་ལགས་ལ་ཐོབ་ཡོད་པ་རེད། དེ་རིང་ཉིན་མཐའ་མའི་རྩེད་འགྲན་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་འཕྲོད་བསྟེན་གལ་ཆེན་པོ་ངོས་འཛིན་ཐོག་ད་རེས་ཀྱི་རྩེད་རིགས་དེ་ལྟ་བུ་གོ་སྒྲིག་ཞུ་རྒྱུ་མཚོན་པའི་མཐུན་རྐྱེན་འདྲ་མིན་སྦྱོར་བཞིན་ཡོད་སྟབས། མ་འོངས་པར་བོད་པའི་གཞོན་སྐྱེས་དང་སྤྱི་ཚོགས་ཁྲོད་ནས་མཐོང་ཆེ་ཤོས་ཤིག་ཆགས་རྒྱུར་རེ་བ་ཡོད་ཅེས་གསུངས་སོང་། གཞི་རྩའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གློ་ནད་ TB འི་དཀའ་ངལ་འདི་ནི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས། ཐེངས་འདིའི་ལས་རིམ་དེ་ནི་སྒྲིག་འཛུགས་ནས་དུས་ཀྱི་འགྱུར་འགྲོས་དང་མང་ཚོགས་ཀྱི་དོ་སྣང་ལ་གཞིགས་པས་སྤྱི་ཚོགས་ནང་རྩེད་མོའི་བརྒྱུད་ལམ་ཐོག་ནས་ཊི་སྦི་སོགས་འཕྲོད་བསྟེན་ལ་དོ་སྣང་དང་གོ་རྟོགས། རྩེད་མོའི་གལ་གནད་སོགས་ལ་དམིགས་པ་ཞིག་ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

བོད་མིའི་སྒྲིག་འཛུགས་ནས་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། སྲིད་སྐྱོང་མཆོག་གིས་རྒྱ་གར་ལྟར་ནམ་ཞིག་བོད་མིའི་འཚེ་མེད་ཞི་བའི་ཐབས་རྩོད་ལ་རྒྱལ་ཁ་ཐོབ་རྒྱུའི་སྨོན་འདུན་ཞུས་སོང་། དེ་རིང་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་རྒྱ་གར་རྒྱལ་ཡོངས་ལས་ཁུངས་ཁག་གུང་སེང་བཞག་ནས་ཉིན་མོ་འདི་གཞུང་འབྲེལ་ཐོག་སྲུང་བརྩི་ཞུས་བ་མ་ཟད། རྒྱལ་སྤྱིའི་ནང་དུ་ཉིན་འདི་འཚེ་མེད་ཞི་བའི་ཉིན་མོ་ཞེས་སྲུང་བརྩི་ཞུ་གྱི་ཡོད་པ་རེད། དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༨།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་ཏུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་ཀྱིས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མེས་པོ་དམ་པ་གྷན་དྷི་མཆོ་གིས་འཚེ་མེད་ཞི་བའི་ཐབས་ལམ་དང་གཙང་སྦྲ་འཕྲོད་བསྟེན། དེ་བཞིན་ཤེས་ཡོན་བཅས་ཀྱི་ཐོག་ལམ་སྟོན་གནང་ཁག་ཡིད་ལ་བཅང་ཐོག་ལག་བསྟར་གནང་པ་ཡིན་ན། རྒྱ་གར་གྱི་རྩ་དོན་བསྒྲུབས་པ་ལྟར་བོད་མི་ཚོ་ཡིན་ནའང་རྩ་དོན་དེ་མཚུངས་བསྒྲུབ་ཀྱི་རེད་ཅེས་གསུངས་སོང་།

བཞུགས་སྒར་དུ་པར་རིས་ཀྱི་འགྲེམས་སྟོན་ཐོག་ནས་ ༡༩༨༧ ལོར་ལྷ་སའི་ཞི་རྒོལ་གྱི་ཉིན་མོ་དྲན་གསོ་གནང་སོང་།

ཁ་སང་ཟླ་ ༡༠ ཚེས་ ༡ ཉིན་མོ་སྟེ་དེ་སྔོན་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ཞི་བའི་སྒེར་ལངས་གནང་ནས་ལོ་ངོ་ ༣༠ འཁོར་བ་དང་བསྟུན། བཞུགས་སྒར་དུ་རྟེ ན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སུམ་ཅུ་ཟུང་གི་དུས་དྲན་འགྲེམས་སྟོན་ཞེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ་སྐབས་དེར་རྒྱ་གཞུང་གིས་བོད་མི་ཞི་རྒོལ་བའི་སྟེང་དུ་དྲག་གནོན་བྱས་པའི་དངོས་ཡོད་པར་རིས་རྣམས་བཤམ་སྟོན་གྱིས་ཉིན་མོ་དེ་སྲུང་བརྩི་ཞུས་སོང། འོན་ཀྱང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་པར་རིས་འགྲེམས་སྟོན་གནང་ནས་ཚོུད་གཅིག་ཙམ་ཕྱིན་རྗེས་གློ་བུར་དུ་རྒྱ་རིགས་བེུད་གཅིག་གིས་པར་རིས་འགྲེམས་སྟོན་གནང་ཡུལ་དུ་འཛུལ་ནས་བཤམ་སྟོན་གནང་པའི་པར་རིས་དེ་དག་རྙིང་པ་དང་རྫུན་མ་ཡིན་སྐོར་བརྗོད་པ་མ་ཟད། ཇེམ་ཙེས་པར་རིས་ཁག་བྲེག་ཐབས་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། སྐབས་དེར་རླུང་འཕྲིན་ཁང་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་སྐབས་དེར་གནས་ཚུལ་ཇི་བྱུང་ཐད་བཅར་འདྲི་ཞུས་ཡོད། ཤེས་རྟོགས་བྱུང་བར། ཁ་སང་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པའི་པར་རིས་འགྲེམས་སྟོན་སྐབས་རྙོག་གྲ་སློང་མཁན་རྒྱ་རིགས་བེུད་དེ་རང་ལོ་ ༤༣ ཡིན་པ་དང་། ཁོ་མོ་དེ་སྔ་རྒྱ་ནག་སྐམས་ཆེན་མོ་ནས་ཨ་རིར་གཞིས་སྤོས་བྱས་པ་ཞིག་རེད་འདུག

རེས་གཟའ་ཉི་མ། ༢༠༡༧།༡༠།༠༡

ཉན་པ།: Listen ཕབ་ལེན། Download ཕྱི་རྒྱལ་ཁག་གི་བོད་མིའི་གནས་བབས་དང་སྤྱི་འཐུས་ཀྱི་ལས་དོན་དོན་སྐོར་གླེང་མོལ། Sunday 01/10/2017 Panel Discussion with Tibetan MPs for North America, Europe and Australasia

Latest news