Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2017

དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ས་པཎ་དགོངས་རྫོགས་ཀྱི་ཆོས་འབུལ་གནང་པ།

ཁ་སང་ཟླ་ ༡ ཚེས་ ༡༡ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ར་བའི་ནང་དུ་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་དགོངས་རྫོགས་ཆོས་འབུལ་སྨོན་ལམ་ཞིག་ཚོགས་ཡོད་པ་རེད། དེའང་ཁ་སང་བོད་ཟླ་ ༡༡ ཚེས་ ༡༤ ཉིན་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་དགོངས་རྫོགས་དུས་དྲན་ཁྱད་པར་ཅན་དེ་མ་སྒྲིག་ལྷུན་འགྲུབ་ལྟ་བུའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་བཀའ་ཆོས་དང་སྟབས་འཁེལ་ཡོད་པ་དང་། ཧི་མཱ་ཅལ་མངའ་སྡེའི་སྦིར་ཁུལ་དུ་རྟེན་གཞི་བྱས་པའི་རྫོང་སར་བཤད་གྲྭས་གོ་སྒྲིག་ཞུས་པའི་དགོངས་རྫོགས་ཀྱི་ཆོས་འབུལ་སྨོན་ལམ་དེའི་ཐོག་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ས་སྐྱའི་གདུང་སྲས་སྐུ་ཆུང་བ། མཁན་བླ་སྤྲུལ་རྣམ་པ་དང་དགེ་འདུན་པ། དེ་བཞིན་མི་མང་བཅས་མང་ཚོགས་ཕོན་ཆེན་ཞིག་འདུ་འཛོམས་བྱུང་འདུག   འདི་ག་རླུང་འཕྲིན་ཁང་ལ་ད་རེས་དུས་འཁོར་དབང་ཆེན་འདིའི་ཐོག་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དངོས་སུ་༸ཞབས་སོར་བདེ་བར་འཁོད་བསྟུན་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་སྐྱབས་འཇུག་ཞུ་རྒྱུའི་གོ་སྐབས་བྱུང་སོང་། གཞི་རྩའི་དུས་དབང་ཐེངས་ ༣༤ དེ་ཟླ་ ༡ ཚེས་ ༡༣ ཉིན་མཇུག་སྒྲིལ་གནང་རྒྱུ་དང་། དུས་དབང་གོ་སྒྲིག་ཞུ་མཁན་བོད་མིའི་སྒྲིགས་འཛུགས་ཀྱིས་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་གནང་གི་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༧།༠༡།༡༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་དུས་འཁོར་དབང་ཆེན་ལ་མོས་པ་ཞུ་མཁན་ཚང་མར་ཐུགས་སྨོན་མཛད་སོང་། སྐད་ཡིག་ནི་ང་ཚོི་བླ་སྲོག་དང་ཡ་རབས་བཟང་སྤྱོད་ནི་ང་ཚོའི་ཟུང་ཁྲག་རེད་ཅེས་གསུངས་སོང་། བོད་མིའི་སྒྲིག་འཛུགས་ནས་བལ་ཡུལ་དང་འབྲུག་ནང་གི་ས་གནས་བོད་མིར་མཐུན་གྱུར་སྦྱོར་མུས་ཡིན་པ་གསུངས་སོང་། སྐད་འཕྲིན་ནང་དུས་དབང་དང་འབྲེལ་བའི་གནས་ཚུལ་ཁག་བཀག་སྡོམ་བྱས་པ་ཐེར་བཏོན་གནང་འདུག ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ལ་བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཐད་གནོན་ཤུགས་སྤྲོད་དགོས་གསུངས་འདུག Wednesday 11/01/2017 I will pray for everyone: Dalai Lama begins actual Kalachakra empowerment Sikyong speaks to Tibetans devotees from Nepal and Bhutan ‘Ka Kha Ga nga’ Conference held in Bodh Gaya Tibetans blocked from Kalachakra at borders and on Wechat EU urged to press China on Tibet

དུས་འཁོར་དབང་ཆེན་ལ་མོས་པ་ཡོད་པ་ཚང་མའི་ཆེད་སྨོན་ལམ་རྒྱག་གི་ཡིན་ཞེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་དབང་ཆེན་༣༤པའི་དངོས་གཞི་བཀའ་དབང་དབུ་འཛུགས་དང་འབྲེལ། རྡོ་རྗེ་གདན་དུ་ཐེངས་འདིའི་དུས་དབང་ཞུ་བ་བཅར་བའི་ཆོས་ཞུ་བ་ཙམ་མ་ཟད། འཛམ་གླིང་འདིའི་སྟེང་དུས་འཁོར་དབང་ཆེན་ལ་དོ་སྣང་དང་འདུན་པ་ཡོད་པ་ཚང་མའི་ཕྱི་ནང་གི་བར་ཆད་སེལ་རྒྱུར་སྨོན་ལམ་རྒྱག་གི་ཡིན་ཞེས་བཀའ་བསྩལ་ཡོད་པ་རེད། དེ་རིང་ཟླ་ ༡ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་དངོས་གཞི་བཀའ་དབང་དབུ་འཛུགས་མཛད་པ་དང་འབྲེལ་ཏེ་ཆེས་ཐོག་མར་ཆོས་ཞུ་བ་ཚོར་དབང་ཞུ་དགོས་པའི་དགོས་དམིགས་དང་དེའི་ཕན་ཡོན་ཇི་ཡོད་སྐོར་ལམ་སྟོན་བཀྲིན་བསྩལ་སོང། དུས་འཁོར་དབང་ཆེན་འདིའི་ཐོག་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན། བོད་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་ནས་༸གང་ཉིད་མཆོག་གི་དྲུང་ནས་དུས་དབང་ཞུ་བར་བཅར་ཐུབ་མེད་པ་མ་ཟད། དེ་བཞིན་འདིར་ཕེབས་པའི་བོད་མི་མང་དག་ཞིག་དུས་དབང་གི་གོང་ནས་ཕྱིར་ལོག་གནང་དགོས་བྱུང་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དུས་དབང་གི་དངོས་གཞིའི་བཀའ་དབང་སྩལ་བའི་སྐབས་ཐུགས་བརྩེ་བ་ཆེན་པོས་དདམིགས་བསལ་གྱི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་བོད་ནང་གི་གཞིས་ལུས་རྒྱ་ཆེ་བོད་མི་དང་རྒྱ་ནག་ནང་དུ་ཡོད་པའི་རྒྱ་རིགས་ནང་པ་དེ་དག་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་ཞེས་བཀའ་བསྩལ་བ་མ་ཟད། ད་དུང་འཛམ་གླིང་འདིའི་སྟེང་དུས་འཁོར་དབང་ཆེན་ལ་དོ་སྣང་དང་འདུན་པ་ཡོད་པ་ཚང་མའི་ཕྱི་ནང་གི་བར་ཆད་སེལ་རྒྱུར་སྨོན་ལམ་རྒྱག་གི་ཡིན་པ་ཡང་བཀའ་བསྩལ་མཛད་ཡོད་པ་རེད། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་པའི་སྡོམ་པ་བསྩལ་བའི་ཁྲོད་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་ལ་བཀའ་གནང་པ་དང་ཆབས་ཅིག སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་སྐོར་ལམ་སྟོན་གནང་པར་དུས་རྒྱུན་ཕ་མས་རང་ཉིད་ཀྱི་གཅེས་པའི་བུ་ལ་གཅེས་ནོར་གང་ཡོད་པ་སྦྱིན་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་དང་དེའི་རྗེས་འབྲང་སྐྱེ་བོ་དམ་པ་རྣམས་ཀྱིས་ཡུན་རིང་ཉམས་བཞེས་གནང་ནས་སྐྱོན་སྤང་རྒྱུ་དང་ཡོན་ཏན་ཐོབ་རྒྱུའི་ཐབས་ཤེས་ཡག་ཤོས་ལམ་སྟོན་གནང་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ཆོས་ཞུ་བ་ཚོའི་ངོས་ནས་ཁོང་རྣམ་པས་ལམ་སྟོན་མཛད་དོན་བཞིན་ལག་བསྟར་མ་བྱེད་པར་སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་པའི་སྒྲ་འཛིན་འཁོར་ཐག་གམ་ Tape Recorder བཏང་བ་དང་གཅིག་མཚུངས་རེད་ཅེས་བཀའ་ནན་བསྩལ་སོང། རྩ་བའི་དེ་རིང་ནས་གསུང་ཆོས་གྲུབ་རྗེས་ཉིན་རྒྱབ་ཆོས་ཞུ་བ་ཚོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དཀྱིལ་འཁོར་མཇལ་ཁ་ཞུ་རྒྱུར་གཏོང་བཞིན་ཡོད་པ་དང། དེའང་དེ་རིང་གནད་ཡོད་མི་སྣ་དང་ཕྱི་རྒྱལ་ནས་ཕེབས་པའི་ཆོས་ཞུ་ཚོ་དང། སང་ཉིན་ཚེས་ ༡༢ ཉིན་གྲྭ་བཙུན་རྣམ་པ་དང། ཚེས་ ༡༣ ཉིནཧི་མཱ་ལ་ཡའི་ཆོས་ཞུ་བ་དང་འདི་བཞིན་ཚེས་ ༡༤ ཉིན་མང་ཚོགས་བཅས་ནས་མཇལ་ཁ་ཞུ་བར་གཏང་རྒྱུ་རེད་འདུག

སྐད་ཡིག་ནི་ང་ཚོའི་བླ་སྲོག་དང་ཡ་རབས་བཟང་སྤྱོད་ནི་ང་ཚོའི་ཟུངས་ཁྲག་རེད་ཅེས་གསུངས་པ།

ཁ་སང་ཟླ་ ༡ ཚེས་ ༡༠ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཞེས་པ་ཞིག་ཚོགས་ཡོད་པ་དང་། རྒྱལ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་བཅས་བོད་ཡིག་བཀོལ་སྤྱོད་བྱེད་མཁན་རྒྱལ་ཁབ་བཞིའི་མཁས་པའི་བགྲོ་གླེང་དེའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སྐད་ཡིག་ནི་ང་ཚོའི་བླ་སྲོག་དང་ཡ་རབས་བཟང་སྤྱོད་ནི་ང་ཚོའི་ཟུངས་ཁྲག་རེད་ཅེས་གསུངས་སོང་། གནས་མཆོག་རྡོ་རྗེ་གདན་གྱི་ཏཱཇ་ཌར་བྷར་གསོལ་མགྲོན་ཁང་དུ་ཚོགས་པའི་རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཐེངས་དང་པོ་དེ་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ངོས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། བགྲོ་གླེང་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་སྐད་ཡིག་གི་ཁྱབ་ཁོངས་གཅིག་པའི་རྒྱལ་ཁབ་དང་མི་རིགས་སོ་སོས་རང་གི་ཕ་མེས་ནས་ཡོད་པའི་སྐད་ཡིག་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་སླད་དུ་ཆེད་དམིགས་ཀྱིས་སྡིངས་ཆ་བསྐྲུན་ཐབས་གནང་པ་ཞིག་ཡིན་འདུག། རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་དེའི་ཐོག་རྒྱལ་ཁབ་བཞིའི་སྐུ་ཚབ་ཚོས་རང་ཉིད་ཀྱི་གནས་ཡུལ་ས་གནས་དེའི་གནས་བབས་སྐོར་གསུང་བཤད་གནང་པའི་ཁྲོད་བལ་ཡུལ་དོལ་པོ་ས་གནས་ནས་ཡིན་པའི་གདུང་སྲས་ཨོ་རྒྱན་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་སྐད་ཡིག་དེ་དད་པའི་རྟེན་ལྟ་བུར་ངོས་འཛིན་མ་གནང་པར་དམངས་ཁྲོད་ཀྱི་སྐད་ཡིག་ཅིག་ཏུ་ངོས་འཛིན་ཡོང་ཐབས་བྱེད་དགོས་པ་སོགས་ཀྱི་དགོངས་ཚུལ་གནང་སོང་།   ལ་དྭགས་ཀྱི་མཚན་ཉིད་སློབ་གྲྭའི་རྒན་འཇམ་དབྱངས་ལགས་ཀྱིས་སྤྱིར་ལ་དྭགས་ཁུལ་དུ་ཕྱི་ལོ་     ༡༩༣༤ བར་བོད་ཀྱི་སྐད་ཡིག་གནས་སྟངས་ཡག་པོ་ཡོད་པ་དང་།  དེ་རྗེས་ལ་དྭགས་ཇ་མུའི་མངའ་འོག་ཏུ་ཚུད་པ་མ་ཟད། ལོ་མང་པོའི་རིང་དབྱིན་ཇིའི་འོག་གནས་དགོས་བྱུང་སྟབས་སྐད་ཡིག་དང་རིག་གཞུང་ཉམས་ཆག་ཆེན་པོ་བྱུང་ཡོད་ཀྱང་། དེང་སྐབས་ལ་དྭགས་མི་མང་ཚོས་རང་ཉིད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་ཤེས་པའི་ཐོག་ནས་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཕྱོགས་གང་ས་ནས་ཤུགས་སྣོན་སྐྱོན་གྱི་ཡོད་པ་སོགས་ངོ་སྤྲོད་གནང་ཡོད། སྨོན་ལམ་བརྡ་འཕྲིན་ཁང་གི་མཁན་པོ་བསྟན་སྐྱོང་ལགས་ཀྱིས་བོད་པའི་སྐད་ཡིག་གི་རིན་ཐང་ངོ་སྤྲོད་གནང་པ་དང་སྦྲགས། བོད་རིགས་མཐོ་རིམ་སློབ་མ་ཚོས་ངེས་པར་དུ་བོད་རང་གི་རིག་གཞུང་ཐོག་ཞིབ་འཇུག་ཡོང་ཐབས་གནང་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་ཡོད་པ་རེད།   དེ་བཞིན་འབྲུག་གི་སྐུ་ཚབ་སྐུ་ཞབས་རྣམ་རྒྱལ་ལགས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆོས་སྲིད་གཉིས་ཀ་སྐྱོང་ཐུབ་པའི་ནུས་པ་དམིགས་བསལ་བ་ཞིག་ཡོད་སྐོར་སོགས་གསུངས་སོང་།  མོན་པའི་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས་མོན་དང་བོད་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ལྟར་མོན་པ་ཚོར་དུས་ནས་དུས་སུ་ནང་ཆོས་ངོ་སྤྲོད་གནང་པ་སོགས་ལས་དོན་སྤེལ་བཞིན་པ་མ་ཟད། མ་འོངས་པར་ད་དུང་སློབ་གྲྭ་ཚང་མའི་ནང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ནང་ཆོས་སློབ་ཁྲིད་ཡོང་ཐབས་སུ་ཆོས་དགེ་བསྐོ་གཞག་ཐུབ་པར་ཐབས་ཤེས་གནང་བཞིན་ཡོད་སྐོར་སོགས་གསུངས་ཡོད། གཞི་རྩའི་ཁ་སང་ཚེས་ ༡༠ ཉིན་ཀ་ཁ་ག་ངའི་བགྲོ་གླེང་གོ་སྒྲིག་ཞུ་མཁན་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ངོས་ནས་ད་ལན་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་གོ་སྐབས་དང་བསྟུན་ས་གནས་ཀྱི་འཁོར་ཡུག་གཙང་བཟོའི་ལས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་འཆར་འོག་སྨན་ཞབས་པའི་ལས་དོན་སོགས་ཀྱི་ནང་དང་བླངས་ཀྱིས་ཞབས་ཞུ་གནང་མུས་རེད་འདུག

ཚེ་འདིའི་བདེ་དོན་ཁོ་ནའི་ཆེད་དུ་དབང་ཞུས་ནས་ནོར་བ་རེད་ཅེས་བཀའ་བསྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་གི་སློབ་མ་སྟ་གོན་སྐབས་ཆོས་ཞུ་བ་ཚོས་ཚེ་འདིའི་བདེ་དོན་ཁོ་ནའི་ཆེད་དུ་དབང་ཞུས་ན་ནོར་བ་རེད་ཅེས་བཀའ་བསྩལ་སོང་། དེའང་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་དང་འབྲེལ་ས་ཆོག་དང་སྒྲུབ་བཞག དཀྱིལ་འཁོར་བྲིས་བཞེངས། དེ་བཞིན་ཆོས་ཞུ་བ་ཚོར་སྔོན་འགྲོ་གསུང་ཆོས་བསྩལ་རྒྱུ་བཅས་ཡོངས་རྫོགས་ཁ་སང་ཚེས་ ༩ ཉིན་ལེགས་པར་གྲུབ་ཡོད་པ་དང་། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་བཀའ་དབང་གི་སྔོན་འགྲོར་སློབ་མ་སྟ་གོན་གྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ངོ་སྤྲོད་གནང་པ་དང་འབྲེལ། གསང་སྔགས་ཀྱི་ཆོས་ཉམས་ལེན་ཟབ་པོ་བྱེད་པ་ལ་རྒྱབ་བརྟེན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་མེད་ན་ཡོང་ཐབས་མེད་པ་ཞིག་ཡིན་སྟབས། ཆོས་ཞུ་བ་ཚོས་ངེས་པར་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བ་ལ་ཐོས་བསམ་སྒོམ་གསུམ་གནང་རྒྱུ་གལ་ཆེན་པོ་ཡིན་དང་། ལྷག་དོན་ཆོས་ཞུ་བ་ཚོས་རྣམ་ཀུན་གསང་སྔགས་ཀྱི་ཆོས་ལ་མོས་པ་ཡོད་པ་ལྟར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ངེས་པར་དུ་དོ་སྣང་བྱེད་དགོས་ཅེས་བཀའ་ནན་བསྩལ་སོང་། གཞི་རྩའི་དེ་རིང་སློབ་མ་སྟ་གོན་དང་སང་ཉིན་ནས་དབང་དངོས་གཞི་དབུ་འཛུགས་མཛད་ཀྱི་ཡོད་པས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་དབང་ཞུས་པའི་སྐབས་སུ་ཀུན་སློང་འཁྱེར་ཕྱོགས་སྐོར་ལ་ལམ་སྟོན་བཀའ་སློབ་བསྩལ་བ་དང་ཆབས་ཅིག ཆོས་ཞུ་བ་ཚོས་ཚེ་འདིའི་བདེ་དོན་ཁོ་ནའི་ཆེད་དུ་དབང་ཞུས་ན་ནོར་བ་རེད་ཅེས་སོགས་ཀྱི་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། དེ་བཞིན་སློབ་མ་སྟ་གོན་གི་དབང་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་དགེ་བསྙེན་དང་བྱང་སེམས་ཀྱི་སྡོམ་འབོག་ཆོག་མཛད་ཡོད་པ་རེད། རྩ་བའི་ཐེངས་འདིའི་དུས་དབང་སྐབས་སུ་ཕྱི་ནང་གི་ཆོས་ཞུ་བ་ཁྱོན་ཉིས་འབུམ་ལྷག་ཙམ་ཕེབས་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མིའི་སྒྲིགས་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཁ་སང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འགྲེལ་བརྗོད་གནང་པར་ཆོས་ཞུ་བ་དེ་དག་གི་ཁོངས་སུ་རྒྱལ་ཁབ་འདྲ་མིན་ཁྱོན་ ༩༢ ནས་ཆོས་ཞུ་བ་བཅར་ཡོད་པ་མ་ཟད། འབྲུག་དང་བལ་ཡུལ་ཕུད་པའི་ཕྱི་རྒྱལ་བ་ཁྱོན་བསྡོམས་ ༩༠༠༠ ཙམ་ཕེབས་ཡོད་པ་རེད་འདུག

རེས་གཟའ་མིག་དམར། ༢༠༡༧།༠༡།༡༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ནས་མི་ཚེ་འདིའི་བདེ་དོན་ཁོ་ནའི་སླད་དབང་ཞུས་ན་ནོར་བ་རེད་ཅེས་བཀའ་བསྩལ་སོང་། རིས་མེད་ཀྱི་དགེ་མཚན་གླེང་བ་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཞིག་དབུ་འབྱེད་གནང་སོང་། དུས་དབང་ནས་ཕྱིར་ལོག་གནང་པའི་བོད་མི་ཚོར་དཀའ་ངལ་འཕྲད་ངེས་ཡིན་པ་གསུངས་འདུག རྡོ་རྗེ་གདན་དུ་ཕྱག་འཚལ་སྐོར་སྦྱོང་གནང་མཁན་རྣམས་ལ་ཞོགས་ཇ་གོ་སྒྲིག་གནང་མཁན་བཀྲིས་ཚེ་རིང་ལགས་དང་གླེང་མོལ། Tuesday 10/01/2017 Receiving Kalachakra only to achieve merit for this life is wrong: Dalai Lama Jangtse Choje Rinpoche and Sikyong lead Non-Sectarian Conference Concern over possible punishment against Tibetan returnees from Kalachakra In conversation with Tashi Bodh : Special Program

རིས་མེད་ཀྱི་དགེ་མཚན་གླེང་བ་ཅེས་པའི་བགྲོ་གླེང་ལྷན་ཚོགས་དབུ་འབྱེད།

གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་འཚོགས་བཞིན་པ་དང་བསྟུན། རྒྱལ་སྤྱིའི་བོད་བརྒྱུད་རིས་མེད་མཐུན་ཚོགས་ཀྱིས་དེ་རིང་ཟླ་ ༡ ཚེས་ ༡༠ དང་སང་ ༡༡ བཅས་ཉིན་གྲངས་གཉིས་རིང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་དྲུག་ཡོད་པ་དེ་དག་ཕན་ཚུན་དབར་གོ་རྟོགས་སྤེལ་རེས་ཀྱི་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པ་རེད། དེའང་ཁ་སང་ཚེས་ ༩ ཉིན་རྒྱབ་རྡོ་རྗེ་གདན་གྱི་མཆོད་རྟེན་ར་བའི་ནང་དུ་གོ་སྒྲིག་ཞུས་པའི་ལྷན་ཚོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱིང་བློ་བཟང་སེང་གེ་མཆོག་དང་འཇམ་མགོན་བསྟན་པའི་སྲོག་ཤིང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་གྱི་རྙིང་མགོན་བསྟན་ཉིད་དར་རྒྱས་ཞི་ཆེན་གླིང་དུ་འཚོགས་རྒྱུའི་བགྲོ་གླེང་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་དྲུག་ཡོད་པ་དེ་དག་ཕན་ཚུན་དབར་དམ་ཚིག་འོ་ཆུ་ཆིག་སྒྲིལ་ཡོང་ཐབས་ཤིག་དང་དེའི་བརྒྱུད་ནས་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་རྒྱུ། ལྷག་དོན་དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་ཤིན་ཏུ་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་བོད་བརྒྱུད་ཀྱི་ནང་པའི་བསྟན་པ་དེ་འཛིན་སྐྱོང་ཚུལ་དང་ལྡན་པ་ཞིག་ཡོང་ཐབས་བཅས་ལ་ཆེད་དམིགས་གནང་པ་ཞིག་ཡིན་པ་རེད་འདུག ཁ་སང་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་ ༡༤ དང་ ༡༥ གཉིས་ཀྱི་ལྟ་གྲུབ་གསུམ་པོ་ནི། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ཡིན་པ་ལྟར་ཆིག་སྒྲིལ་ཞེས་པའི་ལྟ་གྲུབ་དེའི་འོག་རིས་མེད་ཀྱི་ཆོས་ལུགས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་མཐུན་སྒྲིལ་དམ་གཙང་གནང་རྒྱུ་གལ་ཆེ་ཡིན་སྐོར་སོགས་གསུངས་སོང་། དེ་བཞིན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་འཇམ་མགོན་བསྟན་པའི་སྲོག་ཤིང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཀྱང་ཆོས་ལུགས་ཚང་མས་རིས་སུ་མ་མཆིས་པའི་ཆོས་ཀུན་ལ་ཐོས་བསམ་གནང་ཚེ་ཕན་ཚུན་མཐུན་སྒྲིལ་དམ་ཟབ་ཡོང་ངེས་ཡིན་པར་ལམ་སྟོན་སོགས་མཛད་ཡོད་པ་རེད། གཞི་རྩའི་རེས་མེད་དགེ་མཚན་གླེང་བ་ཅེས་པའི་ཚོགས་འདུ་གོ་སྒྲིག་གནང་མཁན་གྱི་ཚོགས་པ་དེ་ནི་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་བརྒྱུད་རིས་མེད་མཐུན་ཚོགས་ཞེས་པ་དེ་ཡིན་ཞིང་། ཚོགས་པ་དེ་ཕྱི་ལོ་ ༢༠༡༠ ལོར་ཨ་རིའི་ཀེ་ལི་ཕོར་ནི་ཡར་དབུ་བརྙེས་པ་དང་ཨ་རིའི་ནང་གཞུང་འབྲེལ་དེབ་སྐྱེལ་གནང་ཟིན་པའི་ཚོགས་པ་ཞིག་ཡིན་པ་རེད། ཚོགས་པ་དེའི་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་དྲུག་སྟེ། གཡུང་དྲུང་བོན། སྔ་འགྱུར་རྙིང་མ། འགྲོ་མགོན་བཀའ་བརྒྱུད། དཔའ་ལྡན་ས་སྐྱ། རྒྱལ་བ་ཇོ་ནང་། རི་བོ་དགེ་ལུགས་བཅས་ཀྱི་སྐུ་ཚབ་ཡོད་པ་དང་ཚོགས་པ་དེའི་ངོས་ནས་ད་བར་ཨ་རིའི་ནང་ཚོགས་འདུ་ཐེངས་འགའ་གོ་སྒྲིག་ཞུས་ཟིན་པ་མ་ཟད། རྒྱུན་དུ་དྲ་རྒྱ་དང་སྐད་འཕྲིན་སོགས་བརྒྱུད་ནས་བགྲོ་གླེང་གནང་གི་ཡོད་པ་རེད། ད་རེས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་བཞིན་པའི་ལྷན་ཚོགས་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

Latest news