Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2018

༸གོང་ས་མཆོག་དང་བོད་གཞུང་མང་གཉིས་ནས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་སཡི་རིལ་རྭ་མ་ཧྥོ་ས་མཆོག་ལ་འཚམས་འདྲི་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ལྷོ་ཨ་ཕི་རི་ཀའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ Cyril Ramaphosa མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག མགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་སྲིད་འཛིན་མཆོག་ལ་ཞི་བདེ་ལྷིང་འཇགས་ངང་ནས་སྲིད་དབང་རྩིས་སྤྲོད་གནང་བ་དེས་ཨ་ཕི་རི་ཀ་རྒྱལ་ཁབ་དེའི་ནང་མང་གཙོའི་རྩ་བ་སྲ་བརྟན་ཡོད་པ་མངོན་ཡོད་པ་དང་། ཁྱད་པར་དུ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་ཞི་བདེ་དེད་དཔོན་དམ་པ་སྐུ་ཞབས་ Nelson Mandela མཆོག་གིས་དྲང་བདེན་དང་འགྲིགས་འཇགས་ཐོག་ཞི་བདེ་དང་མང་གཙོ། འདྲ་མཉམ་བཅས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་གནང་ཡོད་པ་སོགས་ལ་ཡི་རང་བསྔགས་བརྗོད་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་རྒྱུའི་ནུས་པ་ལྡན་ཡོད་པ་དང་། ལྷག་པར་དུ་༸གང་ཉིད་མཆོག་གིས་སྲིད་འཛིན་སྐུ་ཞབས་ Cyril Ramaphosa མཆོག་ནས་དབུ་ཁྲིད་འོག་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་མུ་མཐུད་ནས་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་མདུན་བསྐྱོད་ཐུབ་པ་མ་ཟད། སྤྱི་ཚོགས་ཁྲོད་ཀྱི་ཆེས་ཉམ་ཐག་ཚོའང་སྣེ་ཁྲིད་གནང་ཐུབ་པར་ཐུགས་རེ་གནང་བཞིན་ཡོད་པ་བཀའ་སྩལ་དང་ཆབས་ཅིག མང་ཚོགས་ཀྱི་ངོས་ནས་ཕུགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་དང་ཡིད་ཆེས་འཕེལ་བ་ཞིག་ཐུབ་པ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་ཚོས་ཀྱང་དམིགས་དཔེ་བྱ་འོས་པ་ཞིག་གནང་དགོས་གལ་ཡིན་པ་ལམ་སྟོན་བསྩལ་ཡོད་པ་རེད། མགོན་པོ་མཆོག་གི་སྲིད་འཛིན་མཆོག་ལ་སྩལ་བའི་གསུང་འཕྲིན་དེའི་མཐའ་མཇུག་ཏུ། ཁོང་གིས་དབུ་ཁྲིད་འོག་གཞུང་འཛིན་ལས་ཡུན་རིང་ལ་ལས་དོན་གང་ཅིའི་ཐོག་གདོང་ལེན་གྱིས་རྒྱལ་ཁབ་ཀྱི་མི་མང་ཚོའི་ཐུགས་རེ་དང་མངོན་འདོད་ལྟར་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་པ་བཀའ་གནང་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིར་སྐུ་ཞབས་སཡི་རིལ་རཱ་མ་ཧྥོ་ས་མཆོག་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་གི་གཞུང་འཛིན་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་འདུག་པ་མ་ཟད། ལྷོ་ཨ་ཕི་རི་ཀའི་ནང་ཞི་བའི་ཐབས་ལམ་ལམ་ལྷོངས་བྱུང་ཡོད་པ་ལྟར་བོད་ཀྱི་གནད་དོན་དེ་ཡང་ཞི་བའི་ཐོག་ནས་གསལ་ཐུབ་པར་ཡིད་ཆེས་ཡོད་པ་སོགས་གསུངས་འདུག

འདས་པའི་མེ་བྱ་ལོའི་ནང་རྒྱལ་སྤྱིའི་བོད་དོན་དང་འབྲེལ་བའི་གནད་ཆེ་གསར་འགྱུར་ཁག་ལ་བསྐྱར་ཞིབ།

འདས་ལོ་མེ་བྱ་ལོའི་ནང་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཕྱི་ལོའི་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་ནང་བོད་མིར་རོགས་དངུལ་སྤྲོད་རྒྱུ་མིན་པའི་འཆར་འབུལ་ཞུས་པ་སོགས་སེམས་འཚབ་བྱ་ཡུལ་གྱི་གནས་ཚུལ་ཁག་ཅིག་ཐོན་ཡོད་ཀྱང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཡོ་རོབ་མཐུན་ཚོགས། ཨ་རི་དང་ཁེ་ན་ཌ། རྒྱལ་སྤྱིའི་སྲིད་གཞུང་ཁག དེ་བཞིན་གྲོས་ཚོགས་འཐུས་མི་སོགས་ནས་མུ་མཐུད་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། ལྷག་ཏུ་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐད་ལ་བློ་འཚབ་ཆེན་པོས་གླེང་སློང་མི་ཉུང་བ་ཞིག་གནང་ཡོད། རྒྱལ་ཁབ་ཁག་ཅིག་གི་གཞུང་འབྲེལ་ལོ་འཁོར་སྙ་ཐོ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྙན་ཐོའི་ནང་བོད་ནང་གི་གནས་སྟངས་སྤྱི་ཡོངས་ཐོག་ལ་ཐུགས་འཚབ་ཡོད་པའི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པའི་གནས་སྟངས་ཡང་བྱུང་ཡོད། ཁྱད་པར་དུ་རྒྱ་གཞུང་གི་གནོན་ཤུགས་ ལ་ལྟོས་མེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གི་གནད་ཡོད་མི་སྣས་༸གོང་ས་མཆོག་དང་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་དང་མཇལ་མོལ་གནང་ཐོག་ཡུལ་སོ་སོའི་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་ཉན་ཞིབ་ཀྱི་ལས་རིམ་སོགས་ཚོགས་ཐུབ་པ་བྱུང་ཡོད།

རེས་གཟའ་མིག་དམར། ༢༠༡༨།༠༢།༢༠

ཉན་པ།: Listen ཕབ་ལེན། Download འདས་པའི་མེ་བྱ་ལོའི་ནང་རྒྱལ་སྤྱིའི་བོད་དོན་དང་འབྲེལ་བའི་གནད་ཆེ་གསར་འགྱུར་ཁག་ལ་བསྐྱར་ཞིབ། Tuesday 20/02/2018 Tibet International: Year in review

འདས་ལོའི་ནང་བཙན་བྱོལ་ནང་གི་གལ་ཆེའི་གནས་ཚུལ་ཁག་ཅིག་ཕྱོགས་སྒྲིག

འདས་ལོ་མེ་བྱ་ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནང་སྒོ་གཙོ་གྱུར་བཙན་བྱོལ་བོད་མི་དང་དེ་འབྲེལ་གནད་ཆེ་གསར་འགྱུར་ཇི་སྙེད་ཡོད་པ་ལས་གཙོ་གནད་ཁག་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བསྐྱར་དུ་སྲིད་སྐྱོང་ལ་བདམས་ཐོན་བྱུང་ཡོད། ཁོང་ནས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༥ པས་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་སླད་ཆེས་ཐོག་མའི་ཚོགས་ཆེན་བསྐོང་ཚོགས་གནང་བ་དང་འདི་བཞིན་བཀའ་ཤག་ནས་ཆེས་གནད་ཆེར་ངོས་འཛིན་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ཡིན་པ་ལྟར་སྔ་ལོའི་སྔོན་རྩིས་ལས་མ་དངུལ་འབོར་ཆེན་གྱི་བཀའ་འཁྲོལ་ཞུས་པ་མ་ཟད་བཙན་བྱོལ་བོད་མིའི་ངལ་སེལ་ཆེད་དུ་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དངུལ་ཁང་ལྟ་བུའི་སྡེ་ཚན་ཞིག་གསར་འཛུགས་གནང་ཡོད། ལྷག་ཏུ་བོད་གཞིས་བྱེས་གཉིས་སུ་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་ལ་མ་བཟོད་པར་བོད་མི་སེར་སྐྱ་རྒན་གཞོན་རྣམས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རང་བསྲེགས་གནང་མུས་ཡིན་པ་ལྟར། བྱེས་བཞུགས་བོད་མིའི་ཁྲོད་ནས་ལོ་ན་ཤིན་ཏུ་ཆུང་བའི་གཞོན་སྐྱེས་གཉིས་ཀྱིས་རང་བསྲེགས་གནང་བ་ཡོད།

རེས་གཟའ་ཟླ་བ། ༢༠༡༨།༠༢།༡༩

ཉན་པ།: Listen ཕབ་ལེན། Download འདས་ལོའི་ནང་བཙན་བྱོལ་ནང་གི་གལ་ཆེའི་གནས་ཚུལ་ཁག་ཅིག་ཕྱོགས་སྒྲིག Monday 19/02/2018 Exile Tibet: A Year In Review

འདས་པའི་མེ་བྱ་ལོའི་ནང་བོད་ནང་གི་གལ་ཆེའི་གསར་འགྱུར་ཕྱོགས་སྒྲིག

འདས་པའི་མི་བྱ་ལོའི་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་འགྱུར་བ་མེད་པའི་ཁར། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ཆོལ་གསུམ་གྱི་བོད་མི་ཚོས་མ་བཟོད་པར་ཞི་རྒོལ་གནང་བ་ལས་བོད་མི་ ༦ གིས་རང་ལུས་མེར་བསྲེགས་གནང་བ་དང་བོད་མི་གཅིག་གིས་རང་གི་སྐེར་གྲི་བརྒྱབ་ནས་རང་སྲོག་བཅད་པའི་གནད་དོན་བྱུང་བ་མ་ཟད། བོད་མི་ཉི་ཤུ་ཙམ་འཛིན་བཟུང་བཀག་ཉར་དང་བོད་མི་གཉིས་ལ་ལོ་ ༤ ཡི་བཙོན་འཇུག་དང་བོད་མི་གཉིས་ལ་ལོ་ ༥ ཡི་བཙོན་འཇུག་བཅས་དུས་བཀག་སོ་སོར་དབྱེ་ནས་ཁྲིམས་ཐག་བཅད་ཡོད། ཉེ་བའི་ཆར་རྒྱ་གར་ནས་བོད་དུ་གཉེན་འཕྲད་དུ་ཕེབས་པའི་བོད་མི་གཅིག་ལ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་བྱུང་། དེ་སྔ་རང་ལུས་མེར་བསྲེགས་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་བོད་མི་གསུམ་གྱིས་གཙོས་ཆབ་སྲིད་བཙོན་པ་ ༡༦ ཙམ་གློད་བཀྲོལ་ཐོབ་པ་བྱུང་ཡོད། ལྷག་པར་དུ་འདས་ལོ་ནང་རྒྱལ་སྤྱིའི་མང་ཚོགས་ནས་ཐུགས་སྣང་ཆེན་པོ་གནང་ཡུལ་གྱི་གནད་དོན་གཅིག་ནི་བོད་གསེར་རྟ་བླ་རུང་ཆོས་སྒར་དང་ཡར་ཆེན་སྒར་བཅས་སུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་གནད་དོན་དང་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱས་པའི་གནད་དོན། དེ་བཞིན་འཛུགས་བསྐྲུན་གྱི་ལས་དོན་ལ་ཁ་གཡར་ཏེ་བོད་མིའི་ས་ཞིང་བཙན་འཕྲོག་གི་གནད་དོན་ཡང་སྔར་བཞིན་འདས་ལོ་ནང་སྔ་རྗེས་སུ་ཐེངས་མང་བྱུང་ཡོད།

རེས་གཟའ་ཉི་མ། ༢༠༡༨།༠༢།༡༨

ཉན་པ།: Listen ཕབ་ལེན། Download འདས་ལོའི་ནང་བོད་ནང་གི་གསར་འགྱུར་གལ་ཆེ་ཁག་ལ་བསྐྱར་ཞིབ། Sunday 18/02/2018 Inside Tibet: Year in Review

འདས་ལོའི་ནང་༸གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་སྒྲིག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མེ་བྱ་ལོ་དེའི་ནང་སྔར་དང་མི་འདྲ་བར་ཕྱིའི་རྒྱལ་ཁབ་ཨ་རི་དང་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར་ཐེངས་གཅིག་བསྐྱངས་ཡོད་པ་དང་། རྒྱ་གར་ནང་འཛད་འཕྲིན་སླད་ཆིབས་བསྒྱུར་མང་བ་མཛད་ཡོད་པ་རེད། རྩ་བའི་མགོན་པོ་༸གང་ཉིད་མཆོག་འདི་ལོ་བོད་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་ཡོད་ཀྱང་། ༸གང་ཉིད་མཆོག་གིས་འདས་པའི་མེ་བྱ་ལོ་འཁོར་མོའི་ནང་ཉིན་གྲངས་ ༣༦༥ ཡོད་པ་ནས་ཁྱོན་ཉིན་གྲངས་ ༡༣༠ ལྷག་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་པའི་མངའ་སྡེའི་འདྲ་མིན་ ༡༡ ལྷག་ནང་ཆིབས་བསྒྱུར་གནང་སྟེ་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་གནང་རྒྱུ་དང་འབྲེལ། རྒྱ་གར་བ་ཚོའི་ངོས་ནས་རང་རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གནས་དང་དེང་གི་ཤེས་ཡོན་གཉིས་ཟུང་སྦྲེལ་ཐོག་འཛམ་གླིང་སྤྱི་ལ་སྨན་པའི་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཁྱད་པར་བ་ལྡན་ཡོད་སྐོར་བཀའ་སྩལ་བ་དང་། ལྷག་པར་དུ་རྒྱ་གར་གྱི་གཞོན་སྐྱེས་ཚོས་རྒྱལ་ཁབ་ཀྱི་གནའ་བོའི་སྲོལ་རྒྱུན་དང་རིག་གནས་ལ་དོ་སྣང་མང་ཙམ་བྱ་དགོས་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་མཛད་ཡོད།

རེས་གཟའ་སྤེན་པ། ༢༠༡༨།༠༢།༡༧

ཉན་པ།: Listen ཕབ་ལེན། Download འདས་ལོའི་ནང་༸གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་སྒྲིག Saturday 17/02/2018 His Holiness the Dalai Lama: A Year in Review

Latest news