Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2018

རེས་གཟའ་ལྷག་པ། ༢༠༡༨།༠༧།༢༥

ཉན་པ།: Listen ཕབ་ལེན། Download ཨོ་སི་ཀྲོ་ལི་ཡའི་ཝིཀ་ཊོ་རི་ཡ་མངའ་སྡེ་བློན་ཆེན་མཆོག་ལ་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དགོས་པའི་ཞུ་འབོད། ལྷ་ས་སྟོད་ལུང་བདེ་ཆེན་ནང་ནག་ཚོགས་གཙང་སེལ་གྱི་འཐབ་རྩོད་ལས་འགུལ་སྤེལ་བཞིན་པ། བོད་པའི་སློབ་ཕྲུག་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་བྱས་པ་དེ་རྒྱལ་སྤྱི་ཙམ་མ་ཟད་རྒྱ་ནག་གི་ཁྲིམས་དང་འགལ་བ། རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་འདུ་ཐོག་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་གླེང་བ། སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་འབོད་གནང་བཞིན་པ། དམིགས་བསལ་ལས་རིམ། ༸གོང་ས་མཆོག་ནས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་སྐབས་བཀའ་སློབ་བསྩལ་བ་ཁག་ཅིག Wednesday 25/07/2018 Victoria Premier Daniel Andrews urged to support and stand for Tibet China to crackdown on underground organizations in Dechen County China must immediately stop illegal ban on religious activities for Tibetan schoolchildren: ICT Sam Brownback denounces restrictions imposed by China on religious activities of Tibetan Buddhists TPiE Delegation meets Indian Parliamentarians, lobby for Tibet support FEATURE: Dalai Lama speech on monks in Politics and religious harmony

རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་འདུ་ཐོག་བོད་ནང་གི་ཆོས་དད་རང་དབང་གླེང་བ།  

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ཐོག་ཨ་རིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Samuel BrownBack  ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐོག་གང་ས་ཅི་ཐད་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པར་བློ་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་འདུག ཐེངས་འདིའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུ་ཐེངས་དང་པོ་དེ་ཁ་སང་ཟླ་ ༧ ཚེས་ ༢༤ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༦ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་གནང་ཡོད་ཅིང། ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་ཙམ་ནས་འབྲེལ་ཡོད་བློན་ཆེན་ ༤༠ ཙམ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་སྐུ་ཚབ་མི་སྣ། ཆོས་དད་རང་དབང་འོག་མནར་སྤྱོད་མྱངས་པའི་མི་སྣ་སོགས་ཚོགས་བཅར་བ་ཁྱོན་ ༤༠༠ ལྷག་འདུ་འཛོམས་བྱུང་འདུག ༸གོང་ས་མཆོག་གི་སྐུ་ཚབ་ཀྱི་ངོ་བོ་ཐོག་དེ་མོ་རིན་པོ་ཆེ་བསྟན་འཛིན་ཕུན་ཚོགས་མཆོག་དང་བོད་མིའི་སྐུ་ཚབ་ཏུ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བཅས་ཕེབས་འདུག ཨ་རིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Samuel BrownBack ལགས་ཀྱིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་སྐབས་ད་རེས་འདིར་འཛམ་གླིང་ནང་གི་ཆོས་དད་འདྲ་མིན་གྱི་མི་སྣ་རྣམས་ནས་ཕྱོགས་གཅིག་ཏུ་འདུ་འཛོམས་གནང་བ་འདི་གཙོ་བོ་འཛམ་གླིང་ནང་དཀའ་ཚེགས་འཕྲད་བཞིན་པའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གྱི་གནད་དོན་ལ་གདོང་ལེན་གྱི་རྒྱབ་སྐྱོར་མཚོན་ཆེད་ཡིན་པ་གསུངས་འདུག ལྷག་དོན་ཁོང་གིས་དེང་སྐབས་བྷར་མ་དང་ཤར་ཏུར་ཀི་སི་ཐན། ཊར་ཀི། ཨི་རན་ནང་གི་མང་ཚོགས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་ཞན་པོ་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། བོད་ནང་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་གི་གནང་སྒོ་གང་ས་ཅི་ཐད་ནས་དམ་དྲག་དང་འབྲེལ་ཡོད་མི་སྣ་ཁག་ལ་དོ་དམ་ཤུགས་ཆེ་བྱེད་བཞིན་སྐོར་གླེང་སློང་གནང་སྟེ་བློ་འཚབ་ཡོད་པའི་རྣམ་པ་ཆེད་བཏོན་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུའི་གལ་གནད་རང་བཞིན་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུས་ཡོད། རྩ་བའི་གཟའ་འཁོར་འདི་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མ་དངུལ་རོགས་རམ་ཐོག་ཨ་རིའི་ཕྱི་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་གོང་འཕེལ་གཏོང་ཐབས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། ཁ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་མདུན་ཐང་དུ་ཨེ་ཤ་ཡའི་ཆོས་དད་རང་དབང་གི་ཆིག་སྒྲིལ་འདུ་འཛོམས་ཐོག་བོད་མིའི་སྐུ་ཚབ་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་འདུ་མ་འཚོགས་པའི་ཉིན་གཅིག་གི་སྔ་རོལ་དུ་ཨ་རིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Samuel BrownBack ལགས་དང་བོད་མི་ཆབ་སྲིད་བཙོན་ཟུར་གོ་ལོག་འཇིགས་མེད་ལགས་དང། ཁུལ་དེར་ཆོས་དད་རང་དབང་དང་འབྲེལ་བའི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་ཟུར་ཁག་ཅིག་བཅས་ཨ་རིའི་ Holicaust འགྲེམས་སྟོན་ཁང་དུ་འདུ་འཛོམས་ཀྱིས་ད་བར་འདས་གྲོངས་སུ་ཕྱིན་པའི་ཆོས་དད་རང་དབང་འཐབ་རྩོད་པ་རྣམས་ལ་རྗེས་དྲན་ཞུ་རྒྱུའི་ལས་རིམ་ཞིག་ཀྱང་ཚོགས་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་འབོད་གནང་བཞིན་པ།

རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆར་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་འོག་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་ཞིག་ནས་ཟླ་ ༧ ཚེས་ ༢༣ ཉིན་དབུ་འཛུགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་འབོད་གནང་བཞིན་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་ཁ་སང་རེས་གཟའ་ཟླ་བ་ནས་དེ་རིང་སྔ་དྲོ་བར་དུ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གསར་པ་ ༢༢ ལྷག་དང་མཇལ་འཕྲད་གནང་ཐོག་བོད་དོན་ཞུ་འབོད་གནང་ཐུབ་པ་བྱུང་འདུག རྒྱ་གར་གྲོས་ཚོགས་འཐུས་མི་ཚོ་ལ་ད་བར་དུ་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་བོད་ཀྱི་གནད་དོན་ཐད་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག་པ་མ་ཟད། ད་ཆ་འཚོགས་བཞིན་པའི་ཆར་དུས་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་སྐྱོང་ཡོང་བ་དང་སྒོས་རྒྱ་དཀར་ནག་གཉིས་ཀྱི་ཚོགས་འདུ་ནམ་ཚོགས་ལ་བོད་ཀྱི་གནད་དོན་གཞི་རྩར་བཞག་ཐོག་བོད་ཀྱི་དཀའ་རྙོག་སེལ་བར་ཞུ་འབོད་གནང་ཡོད་པ་རེད་འདུག ཐེངས་འདིའི་ཞུ་སྐུལ་ཐོག་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་སྐུ་ལུས་མེར་སྲེག་གནང་མཁནབོད་མི་ ༡༥༢ རྣམས་ཀྱི་སྐོར་དང་ཁོང་རྣམས་ཀྱིས་བཞག་པའི་ཞལ་ཆེམས་ཕྱོགས་བསྡུས་ཀྱི་ཕྱག་དེབ་དབྱིན་ཇི་དང་ཧིན་དི་སྐད་ཡིག་ནང་ཡོད་པ་ཚེ་སྲོག་གི་འབོད་སྒྲ་ཞེས་པ་ཕུལ་བ་མ་ཟད་བོད་ནས་བསྐུར་བའི་རྒྱ་ནག་གི་བོད་མིའི་ཐོག་དྲག་གནོན་བྱས་པའི་དངོས་ཡོད་གནས་སྟངས་མཚོན་པའི་པར་དང་བོད་ས་ཁུལ་ནང་རྒྱ་གཞུང་གིས་དམག་འཐབ་སྦྱོང་བརྡར་བྱས་དང་བྱེད་བཞིན་པ་སོགས་ཀྱི་གནད་དོན་སྐོར་ཡིག་ངག་གཉིས་ཐོག་ནས་ཞུ་འབོད་གནང་འདུག རྩ་བའི་ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་འབོད་གནང་བའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་བཅས་ཡོད་པ་རེད།

ལྷ་ས་སྟོད་ལུང་བདེ་ཆེན་ནང་ནག་ཚོགས་གཙང་སེལ་གྱི་འཐབ་རྩོད་ལས་འགུལ་སྤེལ་བཞིན་པ།

ལྷ་ས་སྟོད་ལུང་བདེ་ཆེན་རྫོང་ཉེན་རྟོག་ཁང་དང་སྟོད་ལུང་བདེ་ཆེན་རྫོང་ནག་ཉེས་རྡུང་རྡེག་གཞུང་ལས་ཁང་ཟེར་བ་གཉིས་ཐོུང་གིས་འདི་ལོ་ཕྱི་ཟླ་བཞི་པར་ནག་ཚོགས་གཙང་སེལ་དང་ཁྲིམས་འགལ་ལ་རྡུང་རྡེག་ཟང་ཟིང་བཅོས་སྒྲིག་བཅས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་རྒྱུའི་སྐོར་གྱི་གསལ་བསྒྲགས་ཞེས་པའི་དོན་ཚན་ ༡༧ ཡོད་པའི་གསལ་བསྒྲགས་ཤིག་སྤེལ་འདུག རྒྱ་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ལ་སྤེལ་རྒྱུའི་ཁྲིམས་གཞི་ལྟར་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་པར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་པུའུ་བཅས་ཀྱི་བརྡ་ཁྱབ་ཞེས་པའི་དོན་ཚན་བཞི་ཅན་བརྡ་ཁྱབ་གཅིག་དང་། དོན་ཚན་ ༡༧ ཡོད་པའི་ལྷ་ས་སྟོད་ལུང་བདེ་ཆེན་རྫོང་གི་གསལ་བསྒྲགས་ཡིག་ཆ་ངོ་མ་བཅས་འདི་ག་གསར་འགོད་པར་བཏང་འབྱོར་བྱུང་བའི་ནང་འགོ་བརྗོད་དུ་ཀྲུང་དབྱངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེ་གསོག་པར་རྡུང་རྡེག་ཚ་ནན་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཆུས་ཡོངས་ཀྱི་ཁྱབ་ཁོངས་ནང་ནག་ཚོགས་གཙང་སེལ་དང་ཁྲིམས་འགལ་ལ་རྡུང་རྡེག་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་འཐབ་རྩོད་ལས་དོན་གཏིང་ཟབ་སྤེལ་རྒྱུའི་འབྲེལ་ཡོད་དོན་ཚན་གསལ་སྒྲགས་ལྟར་དེ་རིང་ནས་བཟུང་ཆུས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྡུད་ནས་གཤམ་གྱི་ནག་ཚོགས་སྤྱོད་ངན་གྱི་ཁྲིམས་འགལ་ཉེས་གསོག་མི་སྣ་དང་ངན་ཚོགས་གཙོ་བོ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཞེས་འཁོད་པའི་ནག་ཚོགས་སྟོབས་ཤུགས་དོན་ཚན་ ༡༧ བཀོད་འདུག དོན་ཚན་ ༡༧ ནང་ཆབ་སྲིད་དང་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་གྱི་སྟོབས་ཤུགས་དང་། དགོན་པ་དང་ཆོས་ལུགས་སྤྱད་ནས་མང་ཚོགས་བསླུ་ཁྲིད་དང་དཀྲོག་གཏམ་སྤེལ་ནས་ཏང་དང་སྲིད་གཞུང་གི་ཁ་གཏད་དུ་ལངས་པའི་སྟོབས་ཤུགས་སོགས་གལ་གནད་ཆེ་ཆུང་གི་དོན་ཚན་རིམ་བཀོད་བྱས་འདུག ལས་དོན་དེ་འདི་ལོ་ཕྱི་ཟླ་ ༨ ཚེས་ ༡ བར་དུས་བཀག་བཟོས་འདུག འོན་ཀྱང་མི་འདྲ་བ་ཞིག་ནི་འདི་ལོ་ཕྱི་ཟླ་གཉིས་པའི་ནང་ནག་ཆུ་རྫོང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ནས་ནག་ཚོགས་གཙང་སེལ་བྱེད་ཐབས་སྐོར་སྤེལ་བའི་དོན་ཚན་ ༢༠ བཀོད་པའི་བརྡ་ཐོ་ཞིག་བཏང་བའི་ནང་ཁ་བྲལ་གཏོར་བཤིག་གི་ལས་འགུལ་སྟོབས་ཤུགས་དང་ཏཱ་བླའི་རུ་ཚོགས་དང་ཕྱིའི་དགྲ་ཕྱོགས་སྟོབས་ཤུགས་ཟེར་བ་དེ་ཚོ་མེད་པ་མ་གཏོགས་དེ་མིན་ནང་དོན་ཕལ་ཆེ་བ་གཅིག་མཚུངས་ཡིན་པ་འགྲེལ་བརྗོད་གནང་སོང་། སྟོད་ལུང་བདེ་ཆེན་རྫོང་གིས་སྤེལ་བའི་བརྡ་ཐོ་དོན་ཚན་དེ་དག་གི་གཤམ་དུ་ནག་ཉེས་ཡོད་པའི་མི་སྣ་སོ་སོས་རང་འགུལ་ངང་ངོས་ལེན་ཞུ་བར་ཡོང་ཚེ་ཁྲིམས་གཞི་ལྟར་ཁྲིམས་ཆད་ཡང་དུ་གཏོང་རྒྱུ་དང་གཏན་འབེབས་བྱས་པའི་དུས་ཚོད་ནང་ནག་ཉེས་ངོས་ལེན་ཞུ་བར་མ་ཡོང་ཚེ་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ཞེས་དང་། ནག་ཚོགས་གཙང་སེལ་དེ་ནི་མི་མང་གི་དམག་འཐབ་ཤིག་ཡིན་པས་ངེས་པར་དུ་མི་མང་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་པས་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མི་མང་ནས་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེ་གསོག་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱེད་དགོས་པར་འབོད་སྐུལ་དང་ཆབས་ཅིག་ཏུ་ཐེར་འདོན་བྱས་པའི་གནས་ཚུལ་ངོ་མ་ཡིན་ན་འབྲེལ་ཡོད་ལ་གཏན་འབེབས་གཞིར་བཟུང་བྱ་དགའ་སྤྲོད་རྒྱུ་མ་ཟད་ཐེར་འདོན་བྱེད་མཁན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་འཁོད་འདུག ཐེར་འདོན་གྱི་འབྲེལ་གཏུགས་བྱེད་ས་ཆུས་ནག་ཉེས་རྡུང་རྡེག་གཞུང་ལས་ཁང་དང་ཆུས་སྤྱི་བདེ་ཅུས། ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཆུས་རྩ་འཛུགས་པུའུ་བཅས་ཚན་པ་བཞིའི་ཁ་པར་ཨང་གྲངས་དང་ཉེན་རྟོག་པར་འབྲེལ་བ་བྱེད་སའི་ཁ་བྱང་སོགས་ཞིབ་ཕྲ་བཀོད་ཡོད་པ་མ་ཟད་མཇུག་ཏུ་སྟོད་ལུང་བདེ་ཆེན་རྫོང་ཉེན་རྟོག་ཁང་དང་སྟོད་ལུང་བདེ་ཆེན་རྫོང་ནག་ཉེས་རྡུང་རྡེག་གཞུང་ལས་ཁང་གཉིས་ཀྱི་རྟགས་ཐམ་བཀོད་འདུག

ཟངས་དཀར་གྱི་ནང་པ་དང་ཁ་ཆེ་གཉིས་འཆམ་མཐུན་ཡོང་རྒྱུའི་ཁས་ལེན་ཞུས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟངས་དཀར་དད་ལྡན་སེར་སྐྱ་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ།   ཟངས་དཀར་ཁུལ་གྱི་ནང་པ་དང་ཁ་ཆེ་གཉིས་ནས་ཕྱོགས་གཉིས་མི་མཐུན་པའི་གནས་སྟངས་རྣམས་མཚམས་འཇོག་གནང་སྟེ་མ་འོངས་པར་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུའི་ཁས་ལེན་ཞུས་འདུག རྩ་བའི་ཟངས་དཀར་ཁུལ་དུ་ལོ་ཤས་གོང་ནས་ས་གནས་སུ་ཡོད་པའི་ནང་པ་དང་ཁ་ཆེའི་མི་རིགས་ཀྱི་གཉིས་དབར་མི་མཐུན་པའི་གནས་སྟངས་བྱུང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ས་གནས་ཀྱི་ནང་པའི་རིགས་དམན་པ་ཁག་ཅིག་ཁ་ཆེའི་ཆོས་ལུགས་སུ་ཞུགས་པའི་གནས་ཚུལ་བྱུང་བ་ལ་བརྟེན་ནས་དཀའ་ངལ་འཕྲད་རྐྱེན་ད་བར་ནང་པ་དང་ཁ་ཆེ་ཕྱོགས་ཕན་ཚུན་དབར་གྱི་མཛའ་བརྩེའི་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སྔ་རྗེས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་ནམ་མཛད་ལ་ནང་པའི་ཆོས་གྲོགས་དང་ཁ་ཆེའི་ཆོས་གྲོགས་དབར་གུས་བརྩི་དང་འཆམ་མཐུན་ངང་གནས་དགོས་གལ་ཡིན་པར་ལམ་སྟོན་རིམ་པ་གནང་ཡོད་པ་དང། ༸གང་ཉིད་མཆོག་ནས་ཁ་ཆེའི་སྐུ་ཚབ་དང་མང་ཚོགས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྔ་རྗེས་སུ་བསྩལ་བ་མ་ཟད་ཉིན་དང་པོའི་ཆོས་འབྲེལ་ཐོག་ལའང་ཟངས་དཀར་མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་གནང་དགོས་པའི་བཀའ་སློབ་ཟབ་ནན་བསྩལ་ཡོད་པ་རེད། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་འཁོད་པ་གཞིགས་ན། ཁ་སང་ཟངས་དཀར་༸རྒྱལ་བའི་ཕོ་བྲང་དུ་ཟངས་དཀར་ཁུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། ཟངས་དཀར་ཁུལ་གྱི་ནང་པ་དང་ཁ་ཆེའི་སྐུ་ཚབ་མཐུས་མི་ཁག་ནས་ད་བར་ལོ་དྲུག་བདུན་གོང་ནས་ཁ་ཆེ་དང་ནང་པ་གཉིས་དབར་མི་མཐུན་པའི་གནས་ཚུལ་ཕྲན་བུ་བྱུང་བར་བརྟེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་པ་༸གང་ཉིད་ལ་སྙན་སེང་ཞུས་ནས་དེ་རིགས་མ་འོངས་པར་མི་ཡོང་བའི་ཁས་ལེན་དམ་བཅའ་འཁོད་པའི་ཡིག་ཆ་ཞིག་༸གོང་ས་མཆོག་གི་ཕྱག་ཏུ་འབུལ་ལམ་ཞུས་པ་མ་ཟད་ཕྱོགས་གཉིས་ཕན་ཚུན་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུ་ཞེས་འཁོད་འདུག ད་ལན་ཟངས་དཀར་ཁུལ་གྱི་ཁ་ཆེ་དང་ནང་པའི་སྐུ་ཚབ་འཐུས་མི་རྣམས་ནས་ཕན་ཚུན་འཆམ་འཐུན་གནས་རྒྱུའི་ཁས་ལེན་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་དང་འབྲེལ་སྐུ་ཚབ་རྣམས་དང་ལྷན་དུ་སྐུ་པར་སྒྲོན་པ་མ་ཟད་དད་ལྡན་སེར་སྐྱ་མང་ཚོགས་ནས་དད་པ་དང་དམ་ཚིག་གཡོལ་བ་མེད་པའི་ཐོག་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་འབྲེལ། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེ་ཡིན་སྐོར་ལམ་སྟོན་ཡང་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་ལན་ནང་པ་དང་དང་ཁ་ཆེའི་འཐུས་མི་ཚོ་དང་ལྷན་བཀའ་བསྡུར་གནང་ནས་བར་སྐབས་ནས་ཕན་ཚུན་དབར་མཐོང་ཕྱོགས་མི་མཐུན་པ་ཕྲན་བུ་བྱུང་བ་དེ་དག་དུས་ད་ལྟ་ནས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་ཞེས་ཁས་ལེན་ཞུས་པའི་ཡིག་ཆ་ངོས་ལ་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མདུན་དུ་ཁས་ལེན་དམ་བཅའ་འབུལ་མཁན་གྱི་ཁ་ཆེ་དང་ནང་པའི་འཐུས་མི་སྐུ་ཚབ་ཚོགས་ཆུང་ནི་དེ་སྔ་ཕྱོགས་གཉིས་དབར་མིན་མཐུན་པའི་གནས་ཚུལ་གང་བྱུང་བ་རྣམས་རྒྱབ་ཏུ་སྐྱུར་ནས་སླད་ཕྱིན་མི་རབས་གཞོན་པ་ཚོར་གོམ་པ་མདུན་སྤོ་ཇི་ལྟར་བྱེད་དགོས་མིན་ལམ་སྟོན་ཞུ་རྒྱུ་དང་། མ་འོངས་པར་ཕྱོགས་གཉིས་དབར་མཐུན་པའི་གནས་ཚུལ་རིགས་བྱུང་ན་གདོང་ལེན་བྱ་རྒྱུར་ཆེད་དམིགས་བྱས་པའི་ཚོགས་ཆུང་ཞིག་ཡིན་པ་ལྟར། ཚོགས་ཆུང་ནང་ཁ་ཆེ་དང་ནང་པའི་སྐུ་ཚབ་འཐུས་མི་དྲུག་རེ་བཅས་ཁྱོན་ཚོགས་མི་ ༡༢ འདུག སྐབས་དེར་ཁ་ཆེའི་སྐུ་ཚབ་འཐུས་མི་ཚོགས་གཙོ་གུ་ལམ་ལགས་ཀྱིས་བརྒྱུད་ལམ་ཐོག་འགྲེལ་བརྗོད་བྱས་པར་གཞིགས་ན། ༸གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་ཐེངས་འདིར་ཕྱོགས་གཉིས་དབར་གྱི་མི་མཐུན་པའི་གནས་སྟངས་རྣམས་ཡོངས་སུ་ཞི་བར་མཛད་པ་དེར་སྙིང་ཐག་པ་ནས་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་བར་ལ་དྭགས་གླེ་ཁུལ་དང་ཟངས་དཀར་ས་གནས་སུ་ཆིབས་བསྒྱུར་སྔ་རྗེས་སུ་སྤྱི་ཚོགས་ཁྲོད་ཌ་མ་རྡུང་མཁན་རིགས་དམན་པ་ཚོ་ལ་དབྱེ་འབྱེད་བྱེད་བཞིན་པ་ནི་རྩ་བ་འགྲིག་གི་མེད་སྐོར་བཀའ་ནན་བསྩལ་ཡོད་པ་ལྟར། ཁ་སང་༸གོང་ས་མཆོག་གིས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཞིག་ཡིན་ན་རིགས་རུས་དབྲེ་འབྱེད་གནང་རྒྱུ་མེད་པར་བསྐྱར་ནན་གནང་བ་དང་འབྲེལ། བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཞིག་གིས་ཡུལ་སྲོལ་གོམས་གཤིས་རྗེས་ལུས་ཀྱི་བསམ་བློའི་འོག་ས་གནས་སུ་ད་དུང་རིགས་དམན་ཞེས་མཐོང་ཆུང་བྱས་པ་དེ་འདྲ་ཕྲན་བུ་ཡོང་བཞིན་ཡོད་ས་རེད། དེ་ཚོའི་གྲས་རྩ་བ་ནས་བྱ་རྒྱུ་མེད་ཅེས་བཀའ་བསྩལ་འདུག རྩ་བའི་༸གོང་ས༸་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་པའི་ཆོས་འབྲེལ་ཐོག་ས་གནས་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ལ་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང། དེ་བཞིན་སལམ་སྒྲོན་སློབ་གྲྭ་གཙོ་བོར་འགྱུར་པའི་ས་གནས་ཀྱི་སློབ་གྲྭ་ཁག་གི་སློབ་མ་ཚོར་གང་བློ་མའི་ལྗགས་ལུང་བཀྲིན་བསྩལ་ཡང་བསྩལ་འདུག  

མྱོས་རྫས་ངན་གོམས་སུ་ལྷུང་བའི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་བོད་ཀྱི་སྨན་རྩིས་ཁང་ནས་ལས་ཀའི་གོ་སྐབས་གནང་བ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དབུ་བཞུགས་ཐོག་དབུས་བོད་ཀྱི་སྨན་རྩིས་ཁང་ནས་མྱོས་རྫས་ངན་གོམས་སུ་ལྷུང་བའི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་ལས་ཀའི་གོ་སྐབས་གནང་སོང་། ཁ་སང་བཞུགས་སྒར་དབུས་སྣེ་ལེན་ཁང་གི་ཉེ་འཁྲིས་སུ་ཆགས་པའི་ཀུན་ཕན་ལས་ཁང་གི་ནད་གསོ་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས། བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲིས་ལགས་དང་༸སྐུའི་སྨན་པ་ཚེ་དབང་རྟ་མགྲིན་ལགས། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་སོགས་ལྷན་ཞུགས་ཐོག་ནད་གསོ་དེར་གཟིགས་ཞིབ་གནང་བ་དང་འབྲེལ། བོད་ཀྱི་སྨན་རྩིས་ཁང་གི་མྱོས་རྫས་ངན་གོམས་སྔོན་འགོག་བྱ་ཐབས་ཀྱི་ལས་གཞིའི་འོག་ནས་ནད་གསོ་ཁང་དེའི་ནང་སྨན་བཅོས་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོའི་གནས་བབ་ལ་གཞིགས་པའི་གླ་ཡོད་ཀྱི་ལས་ཀ་ཚུང་ཚགས་རིགས་གནང་རྒྱུ་ཆེད་ལས་ཁུངས་གསར་པ་ཞིག་དབུ་འབྱེད་གནང་སོང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་རིགས་གཞོན་སྐྱེས་དེ་དག་ལ་མི་ཚེ་གསར་པ་ཞིག་སྐྱེལ་རྒྱུ་ཐད་བློ་སྟོབས་སྐྱེས་དགོས་པ་དང་ལྷན་སོ་སོའི་ནུས་པར་དཔག་པའི་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་ཐུབ་ན་དགེ་མཚན་ཡོད་པའི་ལམ་སྟོན་གནང་སོང་བ་མ་ཟད། བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲིས་ལགས་དང་༸སྐུའི་བླ་སྨན་པ་རྟ་མགྲིན་ལགས་རྣམ་གཉིས་ནས་ཀྱང་གཙོ་བོ་ཀུན་སློང་ཡག་པོ་འཁྱེར་བའི་ཐོག་ནས་སྨན་རྣམས་གཙང་མ་བཟོ་ཚེ་ནད་པར་ཕན་ཐོགས་ཆེ་བ་དང་དེ་བཞིན་སྨན་གྱི་ནུས་པ་ཆེ་རུ་འགྲོ་ངེས་ཡིན་པ་སོགས་གསུངས་སོང་། འདི་གའི་གསར་འགོད་པས་འཕྲོད་བསྟེན་བཀའ་བློན་མཆོག་ལ་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་པའི་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་དེ་ཛ་དྲག་ཇི་ཙམ་ཞིག་ལ་ངོས་འཛིན་གནང་མིན་ཐད་བཅའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་པའི་དཀའ་ངལ་དེ་གང་ཙམ་ཆེན་པོ་ཆགས་ཀྱི་ཡོད་པ་དང་དཀའ་ངལ་དེ་སེལ་ཐབས་སུ་དམིགས་བསལ་ཚན་པ་ཞིག་ཆེད་འཛུགས་བརྒྱུད་འདས་པའི་ལོ་གཉིས་ནང་མྱོས་རྫས་ངན་གོམས་སུ་ལྷུང་བའི་བོད་རིགས་གཞོན་སྐྱེས་མི་གྲངས་ ༥༠ ཙམ་ཞིག་བོད་པ་དང་རྒྱ་གར་རྒྱལ་ཡོངས་ཀྱི་མྱོས་རྫས་ངན་གོམས་བཅོས་ཐབས་ལྟེ་གནས་ཁང་ཁག་ཏུ་ཆེད་གཏོང་བྱས་ཡོད་པ་མ་ཟད། ཀུན་ཕན་ལས་ཁང་དང་ཞི་བདེ་ཁང་གསར་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་དང་མཉམ་འབྲེལ་གྱིས་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་དེ་སེལ་ཐབས་སླད་འབད་བརྩོན་གནང་མུས་དང་ལྷག་དོན་ལང་ཚོ་དར་ལ་བབ་པའི་ན་གཞོན་ཁྲོད་དཀའ་ངལ་དེ་འགོག་ཐབས་སླད་དམིགས་བསལ་གོམ་པ་མདུན་སྤོ་གནང་མུས་ཡིན་པ་གསུངས་སོང་།

ཨེ་ཤ་ཡའི་ཆོས་དད་རང་དབང་གི་ཆིག་སྒྲིལ་འདུ་འཛོམས་ཐོག་བོད་པའི་སྐུ་ཚབ་མཉམ་ཞུགས།

གཟའ་འཁོར་འདི་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མ་དངུལ་རོགས་རམ་ཐོག་ཨ་རིའི་ཕྱི་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་གོང་འཕེལ་གཏོང་ཐབས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ལྟར། ཁ་སང་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ཀྱི་མདུན་ཐང་ཐོག་ Victims of Communism ཞེས་པའི་ཐེབས་རྩ་ཁང་གིས་ཨེ་ཤ་ཡའི་ཆོས་དད་རང་དབང་གི་ཆིག་སྒྲིལ་འདུ་འཛོམས་ཞེས་པ་ཞིག་གོ་སྒྲིག་གནང་འདུག འདུ་འཛོམས་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་ Ted Cruz ལགས་དང་ Alan Stuart Lowenthal ལགས། དེ་བཞིན་ཨ་རི་ནང་ཡོད་པའི་ཤིན་ཅང་དང་ཝི་ཏི་ནམ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་འདྲ་མིན་གྱི་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་། གྲངས་ཉུང་མི་རིགས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་སོགས་ཚོགས་པ་མི་འདྲ་བ་བཅུ་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག ལྷག་དོན་བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་བོད་པའི་སྐུ་ཚབ་ཐོག་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གསུང་བཤད་གནང་འདུག སྐབས་དེར་བུ་ཆུང་ཚེ་རིང་ལགས་ནས་བོད་མིའི་ཆོས་དད་རང་དབང་གི་གནས་སྟགས་ལ་མཚོན་ན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་རང་ཉིད་ཀྱི་འདོད་མོས་ལྟར་ཆོས་ཉམས་ལེན་གནང་རྒྱུར་ཐེ་བྱུས་དང་། བོད་ནང་གི་བོད་མི་རྣམས་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མཇལ་རྒྱུ་དང་། དེའི་དྲུང་ནས་ཆོས་ཞུ་རྒྱུ་སོགས་ཀྱི་གོ་སྐབས་སྤྲད་ཀྱི་མེད་སྐོར་གསུངས་པ་མ་ཟད། ཕྱི་ཕྱོགས་ལ་བཞུགས་པའི་ནང་པ་མང་པོ་ཞིག་བོད་ཀྱི་ནང་པའི་གནས་ཆེན་ཁག་མཇལ་བར་ཕེབས་རྒྱུའི་མཐོང་མཆན་མ་སྤྲད་པ་སོགས་ཀྱི་གནས་སྟངས་ཁག་མངོན་གསལ་གནང་འདུག གྲོས་མོལ་དང་ཆོས་དད་རང་ཐོག་ལ་ཡིད་ཆེས་གནང་མཁན་ཨ་རིའི་སྲིད་གཞུང་གིི་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གི་གནད་དོན་ཁོ་ན་ཙམ་མ་ཡིན་པར་རྒྱ་གཞུང་ལ་བོད་མིའི་ཆོས་དད་རང་དབང་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་དང་། བོད་མི་རྣམས་ལ་རང་ཉིད་ཀྱི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་གསུང་ཆོས་ཞུ་ཆོག་པའི་རང་དབང་སྤྲོད་དགོས་ཞེས་ཞུས་པ་དང་སྦྲགས། ཨ་རི་ནང་ཡོད་པའི་ནང་པ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་ཐུབ་ཐབས་སུ་ Reciprocal access to Tibet act འམ་ཨ་རི་དང་རྒྱ་ནག་གཉིས་དབར་རང་དབང་འདྲ་མཉམ་ཐོག་མི་སྣ་འགྲོ་བསྐྱོད་ཆོག་པའི་གྲོས་ཆོད་དེ་གང་མགྱོགས་གཏན་འབེབས་གནང་གལ་ཡིན་པ་ནན་བརྗོད་གནང་འདུག དེ་བཞིན་མགོ་ལོག་འཇིགས་མེད་ལགས་ནས་ཁོང་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་དོན་གྲུབ་དབང་ཆེན་ལགས་དང་ལྷན་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་སྟོན་སླད་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་རྗེས་རྒྱ་གཞུང་གི་བཙོན་ཁང་ནང་མྱངས་པའི་གནས་སྟངས་དང་། རྒྱ་ནག་གཞུང་ནས་མུ་མཐུད་བོད་མིའི་ཆོས་དད་རང་དབང་གཙོ་གྱུར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོག་གཏོང་བཞིན་པ་མངོན་གསལ་གནང་བ་དང་ཆབས་ཅིག ཨ་རི་གཞུང་ནས་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་ལ་ཐུགས་ཁུར་སྔར་ལྷག་བཞེས་ཏེ་རྒྱ་གཞུང་གིས་བཀག་ཉར་འོག་ཡོད་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོ་གྱུར་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཐུབ་ཐབས་དང་། བོད་ནང་ལག་བསྟར་བྱེད་བཞིན་པའི་དམ་དྲག་སྲིད་བྱུས་རྣམས་ཕྱིར་འཐེན་ཐུབ་ཐབས་སོགས་ཀྱི་ཐད་རོགས་རམ་སྔར་ལྷག་གནང་གལ་ཡིན་པའི་འབོད་སྐུལ་ཞུས་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ Ted Cruz ལགས་ནས་ཉེ་ཆར་སྐུ་ཞབས་དམ་པ་ Liu Xiaobo ལགས་ཀྱི་བཟའ་ཟླ་ Liu Xia ལགས་རྒྱ་གཞུང་གི་དམ་དྲག་འོག་ནས་རང་དབང་ལུང་པའི་ནང་བདེ་འབྱོར་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ཨ་རི་གཞུང་ནས་དུས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་གུས་བརྩི་ཡོད་པ་མ་ཟད། དམར་པོའི་རིང་ལུགས་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་སྤྱི་ལ་གདུང་སེམ་མཉམ་བསྐྱེད་ཡོད་ཅེས་གསུངས་འདུག གཞི་རྩའི་ཁ་སང་ Victims of Communism གོ་སྒྲིག་ཞུས་པའི་ཨེ་ཤ་ཡའི་ཆོས་དད་རང་དབང་གི་ཆིག་སྒྲིལ་འདུ་འཛོམས་ཐོག་ཡུ་གུར་མང་གཙོའི་ལས་འགུལ་བ་ Dolkun Isa ལགས་དང་ཝི་ཏི་ནམ་གྱི་ཆབ་སྲིད་ཟུར་ཁག་ཅིག་ནས་ཀྱང་སོ་སོའི་ས་གནས་ཀྱི་ཆབ་སྲིད་དང་ཆོས་དད་རང་དབང་གི་གནས་སྟངས་ཐོག་གསུང་བཤད་གནང་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༨།༠༧།༢༤

ཉན་པ།: Listen ཕབ་ལེན། Download ཟངས་དཀར་གྱི་ནང་པ་དང་ཁ་ཆེ་གཉིས་འཆམ་མཐུན་ཡོང་རྒྱུའི་ཁས་ལེན་ཞུས་པ། ཨེ་ཤ་ཡའི་ཆོས་དད་རང་དབང་གི་ཆིག་སྒྲིལ་འདུ་འཛོམས་ཐོག་བོད་པའི་སྐུ་ཚབ་ནས་མཉམ་ཞུགས། ཁང་བཀོད་བཟོ་རིག་པས་སྒྱུ་རྩལ་གྱི་ལམ་ནས་བླ་རུང་སྒར་དགོན་པ་བཟོ་བཀོད་གནང་བ། སྨན་རྩིས་ཁང་ནས་མྱོས་རྫས་ངན་གོམས་སུ་ལྷུང་བའི་བོད་རིགས་གཞོན་སྐྱེས་ཚོར་ལས་ཀ་ཕུལ་བ། དམིགས་བསལ་ལས་རིམ། བོད་ཀྱི་ཟློས་གར་ཚོགས་པའི་གཞས་པ་ཉི་མ་དོན་གྲུབ་ལགས་དང་ཁོང་གིས་བླངས་པའི་གླུ་གཞས་ཨ་ཇོ་ལགས་སྐོར། Tuesday 24/07/2018 Ladakhi Buddhists and Muslims pledge interfaith harmony: Zanskar Former Tibetan political prisoner addresses Religious Freedom Rally Tibet’s Embattled Buddhist Academy Finds Resurrection at New York Exhibit TMAI offers employment for former alcohol and drug addicts MUSIC FEATURE: ‘Achola’ by Nyima Dhundup

Latest news